༄༅།།བོད་ཀྱི་རིག་གནས་ནི་བོད་མི་རིགས་ཀྱི་སྲོག་རྩ་དང་ཁྱད་པར་གྱི་རྟགས་མཚན་ཡིན།

སྡེ་རོང་ཚེ་རིང་དོན་གྲུབ་དང་ཚེ་རིང་མཚོ་མོས་བརྩམས། གངས་དབང་གིས་བསྒྱུར།

ནང་དོན་གནད་བསྡུས།

༡ བོད་ཀྱི་རིག་གནས་ནི་བོད་རིགས་མི་དམངས་ཀྱི་མེས་པོ་རིམ་བྱོན་རྣམས་ཀྱིས་འཚོ་བའི་ཐོན་སྐྱེད་དང་སྤྱི་ཚོགས་ལག་ལེན་གྱིས་གསར་གཏོད་བྱས་པའི་ནང་དོན་ཕུན་སུམ་ཚོགས་ལ་གཏིང་ཟབ་ཅིང་རྒྱ་ཆེ་བ། འོད་སྟོང་འབར་བ། མངོན་གསལ་གྱི་མི་རིགས་ཁྱད་ཆོས་དང་ས་ཁུལ་ཁྱད་ཆོས་ལྡན་པའི་འགྲོ་བ་མིའི་རིགས་ཀྱི་ཕུལ་བྱུང་རིག་གནས་ཀྱི་གྲས་ཤིག་ཡིན། བོད་ཀྱི་རིག་གནས་ནི་བོད་མི་རིགས་ཀྱི་སྲོག་རྩ་དང་མི་རིགས་རང་ཉིད་འཕེལ་རྒྱས་སུ་འགྲོ་བའི་གཞི་རྩའི་འབྱུང་ཁུངས། བོད་མི་རིགས་ཀྱི་ནུས་པ་ཕྱོགས་གཅིག་ཏུ་བསྒྲིལ་ཞིང་བསམ་བློ་ཕྱོགས་གཅིག་ལ་བསྐོར་བའི་སྟོབས་ཤུགས། བོད་མི་རིགས་མི་རིགས་གཞན་དག་དང་དབྱེ་བ་འབྱེད་བྱེད་ཀྱི་དམིགས་གསལ་གྱི་ཁྱད་ཆོས་དང་རྟགས་མཚན་ཡིན་པས་མ་ཚད། བོད་རིགས་མི་དམངས་ཀྱིས་ཡུན་རིང་པོར་བསམ་བློའི་སྙིང་སྟོབས་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ནང་མི་རིགས་ཀྱི་བྱང་ཚད་དང་། འཕེལ་རྒྱས་ཀྱི་ཆུ་ཚད་མཚོན་པའི་བསམ་བློའི་སྙིང་སྟོབས་ཀྱི་གྲུབ་འབྲས་ཤིག་ཡིན།

༢ བོད་རིགས་དང་བོད་ཀྱི་རིག་གནས་ཀྱིས་རླབས་ཆེན་མེས་རྒྱལ་གྱི་འདས་མ་ད་གསུམ་གྱི་སྤྱི་ཚོགས་དང་ཆབ་སྲིད། དཔལ་འབྱོར། རིག་གནས། སྐྱེ་ཁམས་དཔལ་ཡོན། རྒྱལ་སྲུང་བཅས་ཀྱི་འཛུགས་སྐྱོང་དང་རྒྱལ་ཁབ་ཀྱི་ཕྱི་ལ་ཕྱོགས་པའི་སྣང་བརྙན་སོགས་ཀྱི་ཐད་ལ་སུས་ཀྱང་ཚབ་བྱེད་མི་ཐུབ་པའི་གལ་ཆེ་བའི་གོ་ས་ཟིན་ཡོད།

 ༣ བོད་ཀྱི་རིག་གནས་ཀྱི་དགོངས་དོན་གཙོ་བོ་ནི་དགེ་ལས་སྒྲུབ་ཅིང་བྱང་སྙིང་རྗེའི་སེམས་ལྡན་པ་དང་། ཤེས་རབ་ལྡན་ལ་ཚོགས་གསོག་པ། བློ་བརྟན་འགྱུར་མེད་ཀྱིས་མདུན་དུ་སྐྱོད་ཅིང་མི་གཤིས་རིང་ལུགས་ལྡན་པ། སྤྲོ་སྣང་ཆེ་ཞིང་བག་ཕེབས་པ་བཅས་ཕྱོགས་ལྔའི་ཐོག་ནས་མངོན་པ་དང་། བོད་ཀྱི་རིག་གནས་ཀྱི་དགོངས་དོན་སྙིང་བཅུད་ནི་བོད་མི་རིགས་ཀྱི་སྙིང་སྟོབས་ཡིན་པས་བོད་ཡུལ་དུ་རིག་གནས་ལ་མཐོང་ཆེན་བྱེད་པ་ནི་མི་སེམས་གཅིག་ཏུ་བསྒྲིལ་བ་དང་། བདེ་འཇགས་བསྲུང་རྒྱུ་དམ་འཛིན་བྱེད་པ་དང་གཅིག་པ་ཡིན།

༤ བོད་ཀྱི་རིག་གནས་ནི་བོད་མི་རིགས་ཀྱི་བླ་སྲོག་དང་སྲོག་རྩ་ཡིན།བོད་མི་རེ་རེས་རང་གི་རིག་གནས་ལ་རང་རྟོགས་དང་རང་རྟོན་བྱེད་དགོས་པ་དང་།མི་རིགས་སོ་སོའི་རིག་གནས་བར་ལྟ་སྟངས་འདྲ་མཉམ་དང་།བསྡུ་ལེན་གུ་ཡངས།རྒྱུ་མང་མཉམ་ཆགས་རྒྱུན་འཁྱོངས་བྱས་ནས་བོད་ཀྱི་རིག་གནས་འཕེལ་རྒྱས་ཆེན་པོ་དང་ཕུན་སུམ་ཚོགས་པར་བཏང་སྟེ་བོད་ཁུལ་གྱི་འཕེལ་རྒྱས་དང་བདེ་འཇགས་ལ་ཞབས་འདེགས་ཞུ་བར་ཤུགས་ཆེན་པོས་སྐུལ་འདེད་བྱས་ཏེ་ཀྲུང་ཧྭའི་རིག་གནས་རྣམ་པར་མཚར་ཞིང་ཡིད་དབང་འཕྲོག་པར་གསོན་ཤུགས་སྣོན་དགོས།

ཐ་སྙད་གཙོ་བོ། བོད་རིགས། རིག་གནས། བྱས་རྗེས། བླ་སྲོག སྲོག་རྩ། འཕེལ་རྒྱས། ཞབས་འདེགས། འདྲ་མཉམ། མཉམ་གནས།

བོད་མི་རིགས་ལ་ཡུན་རིང་གི་ལོ་རྒྱུས་དང་འོད་སྟོང་འབར་བའི་རིག་གནས།ཕུན་སུམ་ཚོགས་པའི་ཤུལ་བཞག་ཡོད་པ་ནི་ཚང་མས་ཁས་ལེན་ཞིང་།འཛམ་གླིང་གི་མི་རིགས་ཡོད་ཚད་ནང་གི་ཕུལ་དུ་བྱུང་བའི་མི་རིགས་ཀྱི་གྲས་ཤིག་ཡིན་པའང་ཀུན་གྱིས་ཤེས་གསལ་ལྟར་རེད།བོད་རིགས་ཀྱི་ཤེས་རིག་དཔལ་ཡོན་ལ་གངས་ལྗོངས་ཀྱི་ཤེས་རིག་དཔལ་ཡོན་ཡང་ཟེར་ལ་མིའི་རིགས་ཀྱི་གནའ་སྔ་བའི་ཤེས་རིག་དཔལ་ཡོན་ཞིག་ཡིན་པས་མ་ཚད་འཛམ་གླིང་ཐོག་ཆེས་རྒྱུན་རིང་བའི་ཤེས་རིག་དཔལ་ཡོན་ཞིག་སྟེ་ད་བར་དུ་ལོ5000ལྷག་གི་ལོ་རྒྱུས་ཡོད།བོད་ཀྱི་ཤེས་རིག་དཔལ་ཡོན་ནི་དབུས་རྒྱུད་ཀྱི་ཤེས་རིག་དཔལ་ཡོན་དང་གནའ་བོའི་རྒྱ་གར།ཨེ་ཅིབ།པ་པི་ལུན་དང་དོ་ཟླ་བྱེད་ཐུབ།བོད་མི་རིགས་ཀྱི་ལོ་རྒྱུས་ཡུན་རིང་ཞིང་།གལ་སྲིད་སྤྲེའུ་དང་བྲག་སྲིན་མོ་འདུས་པ་ལས་བོད་མི་མཆེད་དེ་མཐར་གཤིས་རྒྱུད་དང་ངོ་གདོང་གི་ཁྱད་ཆོས་མི་འདྲ་བའི་སེ་རྨུ་ལྡོང་སྟོང་བཅས་གདོད་མའི་རུས་བཞི་ཆགས་པ་ནས་བརྩིས་ན་ལོ་ངོ་ཁྲི40ལྷག་ཙམ་གྱི་མི་རིགས་ཐུན་མོང་གི་རྩ་ལག་དང་ལོ་ངོ་ཉིས་ཁྲི་ཡན་མན་གྱི་ཤེས་རིག་དཔལ་ཡོན་གྱི་ལོ་རྒྱུས་ཡོད།།

 གཅིག བོད་དང་བོད་ཀྱི་རིག་གནས་ཀྱིས་རླབས་ཆེན་གྱི་མེས་རྒྱལ་ལ་བཞག་པའི་བྱས་རྗེས།

བོད་མི་རིགས་ནི་ལོ་ངོ་ས་ཡ་ཙམ་གྱི་སྔོན་ནས་གངས་ལྗོངས་མཐོ་སྒང་ནས་བྱུང་བའི་ལོ་ལྔ་སྟོང་ལྷག་ཙམ་གྱི་རིག་གནས་ལོ་རྒྱུས་ལྡན་པའི་གནའ་བོའི་མི་རིགས་ཤིག་ཡིན། མི་གྲངས་ཁྲི་དྲུག་བརྒྱ་ཙམ་ལས་མེད་པས་ཀྲུང་གོའི་སྤྱིའི་མི་འབོར་ཀྱི་ས་ཡའི་ཆ་བཞི་དང་། འཛམ་གླིང་མི་འབོར་གྱི་བྱེ་བའི་ཆ་བརྒྱད་ཙམ་ལས་ཟིན་མེད་མོད། འགྲོ་བ་མིའི་རིགས་ཡོངས་ཀྱིས་སེམས་ཁུར་བྱས་ཤིང་གཞན་དང་མ་འདྲ་བའི་ཡིད་དབང་འཕྲོག་པའི་གཟི་ཉམས་འབུར་དུ་ཐོན་པ་ནི། ང་ཚོ་བོད་མི་རིགས་ལ་གཏིང་ཟབ་ལ་རྒྱ་ཆེ་ཞིང་མངོན་གསལ་གྱི་ཁྱད་ཆོས་ལྡན་པའི་རིག་གནས་དང་མི་རིགས་ཡོངས་ཀྱི་སེམས་པ་ཕྱོགས་གཅིག་ཏུ་བསྒྲིལ་བའི་ཆོས་ལུགས་དད་པ། ཕྱི་ནས་མཛེས་ཤིང་ལྟ་ན་སྡུག་ལ་ནང་བཅུད་ཕུན་སུམ་ཚོགས་པའི་བདེ་སྐྱིད་ཀྱི་ཁྱིམ་གཞིས་བཅས་ཁྱད་དུ་འཕགས་པའི་དགེ་མཚན་ཡོད་ལ། ཡུན་རིང་གི་ལོ་རྒྱུས་དང་ངོ་མཚར་གྱི་རིག་གནས། གྱ་ནོམ་པའི་ཤུལ་ནོར། ངོ་མཚར་སྟོང་གིས་བརྒྱན་པའི་ཁྱིམ་གཞིས་བཅས་ནི་འཛམ་གླིང་མི་རིགས་མང་པོའི་ནང་ནས་ལྷག་ཏུ་ཡིད་དབང་འཕྲོག་པ་ཞིག་རེད།

བོད་རིགས་མི་དམངས་རྣམས་ཀྱིས་རང་གི་བློ་གྲོས་རིག་པ་ལ་བརྟེན་ནས་མེས་རྒྱལ་གྱི་སྤྱིའི་རྒྱ་ཁྱོན་གྱི་བཞི་ཆ་གཅིག་ཟིན་པའི་གངས་ལྗོངས་མཐོ་སྒང་གསར་སྤེལ་དང་འཛུགས་སྐྲུན་བྱེད་པ་རེད། ཡུན་རིང་གི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ནང་ལ་བོད་རིགས་མི་དམངས་རྣམས་ཀྱིས་རླབས་ཆེན་མེས་རྒྱལ་གྱི་འཛུགས་སྐྲུན་དང་ཀྲུང་གོའི་ངོ་མཚར་བའི་རིག་གནས་འཕེལ་རྒྱས། མེས་རྒྱལ་གྱི་མངའ་ཁོངས་གཅིག་གྱུར། རྒྱལ་ཁབ་ནང་གི་མི་རིགས་སོ་སོས་ཕན་ཚུན་རྒྱབ་སྐྱོར་དང་རོགས་རམ་བྱེད་རྒྱུ་སོགས་ཀྱི་ཐད་ལ་བླ་ན་མེད་པའི་བྱས་རྗེས་བཞག་ཡོད། ཁྱད་པར་དུ་ཀྲུང་ཧྭའི་རིག་གནས་གསར་གཏོད་བྱེད་པའི་ནང་ལ་བོད་མི་རིགས་ཀྱི་ཆོས་ལུགས་རིག་གནས་དང་ལོ་རྒྱུས་རིག་གནས། རྩོམ་རིག་སྒྱུ་རྩལ་རིག་གནས། བཟོ་སྐྲུན་རིག་གནས། རང་བྱུང་སྐྱེ་ཁམས་རིག་གནས། སྨན་རྩིས་རིག་གནས། རྒྱན་གོས་རིག་གནས། བཟའ་བཏུང་རིག་གནས་སོགས་ཀྱིས་གོ་ས་གལ་ཆེན་ཟིན་ཏེ་འབུར་དུ་ཐོན་པའི་བྱས་རྗེས་བཞག་ནས་ངོ་མཚར་སྟོང་དང་ལྡན་པའི་རྣམ་པ་བསྣན་ཡོད། བོད་མི་རིགས་ཀྱི་ཁྱིམ་གཞིས་ནི་སྐྱེ་དངོས་སྣ་མང་རང་བཞིན་ཅན་ཆེས་འབེལ་བའི་ས་ཁུལ་ཞིག་ཡིན་ལ་མིའི་རིགས་ལ་ཆེས་མཐའ་མའི་དག་པའི་ཞིང་ཁམས་དེ་སྲུང་འཛིན་བྱེད་ཡོད། བོད་རིགས་དང་བོད་ཀྱི་རིག་གནས་ཀྱིས་རླབས་ཆེན་མེས་རྒྱལ་གྱི་འདས་མ་ད་གསུམ་གྱི་སྤྱི་ཚོགས་དང་ཆབ་སྲིད་། དཔལ་འབྱོར། རིག་གནས། སྐྱེ་ཁམས་དཔལ་ཡོན། རྒྱལ་སྲུང་སོགས་འཛུགས་སྐྱོང་དང་། རྒྱལ་ཁབ་ཀྱི་ཕྱི་ལ་ཕྱོགས་པའི་སྣང་བརྙན་བཅས་ཀྱི་ཐད་ལ་སུས་ཀྱང་ཚབ་བྱེད་མི་ཐུབ་པའི་གལ་ཆེ་བའི་གོ་ས་ཟིན་ཡོད། ལོ་རྒྱུས་ཀྱི་འཁོར་ལོ་ནི་དེང་རབས་རིག་གནས་ཀྱི་ཕྱོགས་སུ་འཁོར་ཞིང་ཚན་རྩལ་ནི་ཉིན་རེ་དང་ཟླ་རེ་ལ་འཕོ་འགྱུར་ཆེ་བའི་སྐབས་སུ་བོད་ཀྱི་རིག་གནས་ནི་དེ་བས་ཀྱང་རྒྱལ་ཁབ་མི་འདྲ་བ་དང་ས་ཁུལ་མི་འདྲ་བ། མི་རིགས་མི་འདྲ་བ། རིགས་བརྒྱུད་མི་འདྲ་བ་རྣམས་ཀྱིས་འཚང་ཁ་ཤིག་ཤིག་གིས་སློབ་སྦྱོང་དང་ཞིབ་འཇུག་བྱས་ཏེ་འཛམ་གླིང་ཧྲིལ་པོར་བོད་རིག་པའི་མཐོ་རླབས་ཤིག་འཕྱུར་བ་ནི། བོད་ཀྱི་རིག་གནས་ནི་གསོན་ཤུགས་དང་ཡིད་དབང་འགུགས་པའི་ནུས་པ་ལྡན་ལ་གཅེས་སེམས་དང་ཤེས་རབ་ཀྱིས་ཕྱུག་པའི་སྔོན་ཐོན་གྱི་རིག་གནས་དང་། རིགས་བརྒྱུད་མི་འདྲ་བ་དང་མི་རིགས་མི་འདྲ་བ་ཚང་མ་དགའ་ཞིང་རོལ་མྱོང་དང་ཞིབ་འཇུག་བྱེད་པའི་ཉི་གཞོན་ལྟ་བུའི་རིག་གནས་ཤིག་ཡིན་པའི་རྟགས་རེད། བོད་ཀྱི་རིག་གནས་ཀྱི་ངོ་མཚར་སྟོང་ལྡན་གྱིས་ཀྲུང་ཧྭའི་རིག་གནས་རྒྱ་ཆེ་ཞིང་གཏིང་ཟབ་པ་དང་ཡིད་དབང་འཕྲོག་པ་ལ་གསོན་ཤུགས་བསྣན་པ་དང་། བོད་ཀྱི་རིག་གནས་རྒྱུན་འཛིན་དར་སྤེལ་དང་གསར་གཏོད་འཕེལ་རྒྱས་བཏང་བ་ཡིས་ཀྲུང་ཧྭའི་རིག་གནས་ཡུན་རིང་དུ་ངོ་མཚར་ཆེ་ཞིང་འཛད་མེད་ཀྱི་གསོན་ཤུགས་ལྡན་པ་ལ་རྣམ་པར་བཀྲ་བའི་ཚོན་མདངས་བསྣན་ཡོད།

གཉིས། བོད་ཀྱི་རིག་གནས་ཀྱི་དགོངས་དོན་སྙིང་བཅུད་ནི་བོད་ཁུལ་འཕེལ་རྒྱས་དང་བདེ་འཇགས་ཡོང་བའི་མངོན་མེད་ཀྱི་སྟོབས་ཤུགས་ཡིན།

མི་རིགས་ཤིག་མི་རིགས་གཞན་དང་དབྱེ་བ་འབྱེད་བྱེད་ཀྱི་རྩ་བའི་རྟགས་མཚན་ནི་མི་རིགས་ཀྱི་རིག་གནས་དང་མི་རིགས་ཀྱི་སེམས་ཁམས་རེད། མི་རིགས་ཤིག་གི་རིག་གནས་ཀྱི་ཡང་སྙིང་ནི་རིག་གནས་ཀྱིས་མངོན་པར་མཚོན་པའི་མི་རིགས་རིག་གནས་ཀྱི་དགོངས་དོན་སྙིང་བཅུད་དེ་ཡིན། བོད་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་དགོངས་དོན་གཙོ་བོ་ནི་དགེ་ལས་སྒྲུབ་ཅིང་བྱང་སྙིང་རྗེའི་སེམས་ལྡན་པ་དང་། ཤེས་རབ་ལྡན་ལ་ཚོགས་གསོག་པ། བློ་བརྟན་འགྱུར་མེད་ཀྱིས་མདུན་དུ་སྐྱོད་ཅིང་མི་གཤིས་རིང་ལུགས་ལྡན་པ། སྤྲོ་སྣང་ཆེ་ཞིང་བག་ཕེབས་པ་བཅས་ཕྱོགས་ལྔའི་ཐོག་ནས་མངོན་ཞིང་བོད་ཀྱི་རིག་གནས་ཀྱི་དགོངས་དོན་སྙིང་བཅུད་ནི་བོད་མི་རིགས་ཀྱི་སྙིང་སྟོབས་ཡིན་ནོ།།

 ཀ དགེ་བ་སྒྲུབ་ཅིང་བྱམས་སྙིང་རྗེའི་སེམས་པ་དང་ཤེས་རབ་ཀྱིས་འགྲོ་བ་ཀུན་ལ་ཕན་པའི་སྙིང་སྟོབས། འདི་ནི་བོད་ཀྱི་རིག་གནས་དགོངས་དོན་གྱི་ནང་སྙིང་ཡིན་ཏེ་རྒྱུན་དུ་བྱང་ཆུབ་ཀྱི་སེམས་པ་ཟེར། བོད་ཀྱི་རིག་གནས་ཀྱིས་ནམ་ཡང་དགེ་བ་སྒྲུབ་ཅིང་བྱམས་སྙིང་རྗེའི་སེམས་པ་ལྡན་པ་དང་། རྒྱུ་ནོར་དང་བཅས་པ་ལ་ཧམ་འདོད་མི་ཆེ་བ། དགེ་སྡིག་བླང་དོར་བྱེད་ཤེས་པ། འགྲོ་བ་སེམས་ཅན་ལ་ཕན་པར་སྒྲུབ་པ་དང་། བཀའ་དྲིན་ཤེས་བཞིན་དྲིན་ལན་འཇལ་བ་དང་ཕ་མའི་ཚེ་མཐའ་བར་དུ་སྲི་ཞུ་བསྒྲུབ་པ་གལ་ཆེ་བར་བརྩིས། དུས་ནམ་ཡིན་ཡང་། ཡུལ་གང་དུའང་མི་དང་མི་ཡི་བར་ལ་ཕན་ཚུན་གཅེས་སྐྱོང་ཆེ་ཞིང་བྱམས་སེམས་ལྡན་པ། ཆ་འཇོག་འཕེར་ཞིང་ཁོག་ཡངས་པ་དང་ཁེངས་སྐྱུང་བྱེད་པའི་འབྲེལ་བ་འཛུགས་དགོས་པ་བཅས་ནན་གྱིས་བཤད་ལ་དམ་པོར་བཟུང་སྟེ་མི་དང་མི་ཡི་བར་ཕན་ཚུན་ཕྲག་དོག་དང་དོགས་པ། འཁྲུག་རྩོད་དང་འདོད་རྔམ། མགོ་སྐོར་བཅས་ཀྱི་ངན་སྤྱོད་སྤེལ་བ་ལ་དགག་པར་བྱེད། འདི་ལྟ་བུའི་སྙིང་སྟོབས་ནི་འགྲོ་བ་མིའི་རིགས་ཀུན་གྱིས་འཚོལ་ཞིང་སྙེག་པའི་ཁ་ཕྱོགས་ཡིན་ལ་དོན་ངོ་མར་བདེན་དགེ་མཛེས་གསུམ་དར་སྤེལ་དང་རྫུན་ཉེས་དམེ་གསུམ་ཟུར་འབུད་བྱེད་པ་རེད།

 ཁ ཤེས་རབ་ལྡན་ལ་ཚོགས་གསོག་པ། འདི་ནི་བོད་ཀྱི་རིག་གནས་དགོངས་དོན་ནང་གི་མི་ཚེའི་ཆེས་མཐར་ཐུག་གི་རེ་སྙེག་དང་བསམ་བློ་འཁོར་ས་རེད། བོད་ཀྱི་རིག་གནས་ནང་ལ་ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པས་སྟོང་བ་ལ་རིམ་བཞིན་རྟོགས་པ་སྐྱེས་པ་དང་། རྟོགས་པ་ལས་སད་དེ་མཐར་ཐུག་གི་ཤེས་རྟོགས་ཀྱི་ས་ལ་སོན་ན་དེ་ལ་སངས་རྒྱས་ཞེས་བྱ་སྟེ་བདག་གཞན་མཉམ་རྟོགས་དང་རྟོགས་པ་ཕུན་སུམ་ཚོགས་པ་བཅས་ཡོད། ནང་བསྟན་པའི་གཟི་བརྗིད་ཀྱི་འཕྲིན་ལས་ནི་འགྲོ་དྲུག་སྡུག་གི་རྒྱ་མཚོ་ལས་ཕ་རོལ་དུ་བསྒྲལ་ཏེ་བདེ་བའི་དཔལ་ལ་རོལ་ཐུབ་པ་བྱ་རྒྱུ་དེ་ལགས། འགྲོ་དྲུག་སྡུག་ལས་ཐར་ཞིང་བདེ་བའི་ཞིང་དུ་འདྲེན་པར་ཤེས་རབ་ཆེན་པོ་དང་སྙིང་རྗེ་ཆེན་པོ། མི་འཇིགས་པ་ཆེན་པོ་བཅས་དགོས། དེ་ལས་ཤེས་རབ་ནི་འགྲོ་དྲུག་སྡུག་ལས་ཐར་ཞིང་བདེ་བར་རོལ་བའི་རྩ་བ་ཡིན་པས། ཤེས་རབ་ལྡན་པ་རྣམས་ཀྱིས་ད་གཟོད་དགེ་སྡིག་ལེགས་ཉེས་དང་བཟང་ངན་བླང་དོར་ཤེས་ཏེ། འགྲོ་དྲུག་བདེ་བའི་ཞིང་དུ་འདྲེན་ཐུབ་པའི་གནས་ལུགས་དེ་གལ་ཆེན་དུ་བརྩིས་པ་དང་དུས་མཉམ་དུ་ཤེས་རབ་དང་ཚོགས་གསོག་པ་གཉིས་གཅིག་གྱུར་དུ་གཏོང་དགོས་པའང་གལ་འགངས་ཆེན་པོར་འཇོག་གིན་ཡོད། དེ་ཡང་། དགེ་སྒྲུབ་དང་སྙིང་རྗེ། སྦྱིན་པ། ཚུལ་ཁྲིམས། བཟོད་པ་ཚང་མ་ནི་ཚོགས་གསོག་པའི་ནང་དོན་ཡིན་ནོ།

ག  བློ་བརྟན་འགྱུར་མེད་ཀྱིས་མདུན་དུ་སྐྱོད་པའི་སྙིང་སྟོབས།

བོད་ཀྱི་རིག་གནས་ཀྱིས་བོད་རིགས་མི་དམངས་ཀྱི་བློ་བརྟན་འགྱུར་མེད་དང་དཔའ་ངར་ཞུམ་མེད། དཀའ་སྤྱད་འབད་བརྩོན། ནམ་ཡང་མདུན་དུ་སྐྱོད་པའི་རླབས་ཆེན་གྱི་མི་རིགས་ཀྱི་སྙིང་སྟོབས་གསོས་ཡོད་ལ་རང་བྱུང་ཁོར་ཡུག་ངན་ཞིང་སྐྱེ་ཁམས་ཤིན་ཏུ་ཉམས་ཞན་དང་། དངོས་པོའི་རྒྱུ་ཆ་ཧ་ཅང་ཉུང་ཞིང་གནམ་གཤིས་གྲང་ངར་ཆེ་བའི་འཛམ་གླིང་གི་ཡང་རྩེར་ཁྱད་ཆོས་ལྡན་ལ་འོད་སྟོང་འབར་བའི་རིག་གནས་སྲོལ་རྒྱུན་དང་། ཚད་མཐོ་བའི་བསམ་བློའི་དཔལ་ཡོན་བསྐྲུན་པ་ནི་བོད་རིགས་མི་དམངས་རྣམས་ལས་ལ་བརྩོན་ཞིང་བསམ་གཞིག་ལ་མཁས་པ། ཤེས་རབ་ལྡན་ཞིང་བློ་བརྟན་འགྱུར་མེད་དང་དཔའ་ངར་ཞུམ་མེད་ཀྱིས་མདུན་དུ་སྐྱོད་པའི་ཕུལ་བྱུང་གི་རིག་གནས་སྲོལ་རྒྱུན་དང་། རིག་གནས་ཀྱི་དགོངས་དོན་སྙིང་བཅུད་ཀྱིས་སྐྱེད་སྲིང་དང་གསོ་སྐྱོང་བྱས་པའི་འབྲས་བུ་རེད།

ང  མི་གཤིས་རིང་ལུགས་ཀྱི་སྙིང་སྟོབས། འགྲོ་བ་ཀུན་ལ་སྙིང་རྗེ་དང་བྱམས་པའི་སེམས་པ་བཅངས་ཏེ། དགེ་ལས་སྒྲུབ་པ་དང་ཚེ་སྲོག་ལ་གཅེས་སྤྲས་བྱེད་ཅིང་རང་བྱུང་ཁམས་དང་མཐུན་ཐབས་འཇུག་མཁས་བྱེད་པ། བརྩེ་སེམས་གལ་ཆེན་དུ་བརྩིས་ཤིང་ཁེ་ཕན་ལ་དོག་སྣང་མི་བྱེད་པར་གཅེས་སེམས་དང་ཤེས་རབ་ཀྱིས་ཕྱུག་བུར་གཏམས་པ་ནི་བོད་རིག་གནས་ཀྱི་དམིགས་གསལ་གྱི་ཁྱད་ཆོས་ཡིན། དེའི་ནང་ལས་བཟོད་བསྲན་དང་སེམས་བཟང་། གཅེས་སེམས། ཆོག་ཤེས། རང་གཅུན་དང་ལས་རྒྱུ་འབྲས་ཀྱི་བསམ་བློ་ནི་བོད་ཀྱི་རིག་གནས་ཀྱི་མི་གཤིས་རིང་ལུགས་ཀྱི་སྙིང་བཅུད་ཡིན་པས་མི་དང་མི། མི་དང་སྤྱི་ཚོགས། མི་དང་རང་བྱུང་ཁམས་བར་ཞི་ཞིང་མཐུན་པར་བྱེད་རྒྱུ་དང་། སེམས་ལྡན་སེམས་མེད་ཀུན་ལ་བྱམས་པའི་རྒྱ་ཆེན་བསམ་བློ་ཡིས་རང་བྱུང་ཁམས་ཆེན་པོ་ལ་བསྟུན་ཞིང་སྐྱེ་དངོས་དང་ཚེ་སྲོག་ལ་གཅེས་སྤྲས་དང་། རང་བྱུང་ཁམས་དང་མཐུན་ཐབས་འཇུག་མཁས་བྱེད་རྒྱུ་ནི་འཚོ་གཞེས་ཀྱི་འདུ་ཤེས་ཤིག་ཏུ་ཆགས་ནས་གངས་ལྗོངས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱས་ཏེ། དེང་སང་འགྲོ་བ་མིའི་རིགས་ཀྱི་ཆེས་མཐའ་མའི་དག་པའི་ཞིང་དུ་ཆགས་པས་འཛམ་གླིང་གི་སྐྱེ་ཁམས་ཁོར་ཡུག་བདེ་འཇགས་ལ་བྱས་རྗེས་ཆེན་པོ་བཞག་ཡོད།

ཅ སྤྲོ་སྣང་ཆེ་ཞིང་བག་ཕེབས་པའི་སྙིང་སྟོབས། བོད་མི་རིགས་ནི་སྤྲོ་སྣང་ཅན་གྱི་མི་རིགས་ཤིག་སྟེ། ཁོང་ཚོ་དུས་ནམ་ཡང་སྤྲོ་སེམས་ཆེ་ཞིང་གཤིས་རྒྱུད་དྲང་ལ་གླུ་བྲོ་ལ་མཁས་པ་ཞིག་ཡིན། རྒྱུ་མཚན་གཅིག་ནི་མི་དང་མི། མི་དང་རང་བྱུང་ཁམས་བར་ཞི་ཞིང་མཐུན་པར་འགྲོགས་པའི་ཁོར་ཡུག་ནང་དུ་ཕུན་སུམ་ཚོགས་པའི་རང་དབང་གི་བསམ་བློའི་འཚོ་བ་ཡོད་པ་དང་། གཉིས་ནི་གངས་ལྗོངས་མཐོ་སྒང་ནི་དུས་ནམ་ཡང་གླུ་སྒྲ་དང་དགོད་སྒྲ། ཆོས་ཀྱི་དུང་སྒྲ་དང་ཆོས་ཀྱི་འདོན་རྟ། བྱ་བྱིའུ་ཡི་འགྱུར་ཁུག་དང་གནམ་སྔོན་པོ། རི་གཙང་མ། ཆུ་དྭངས་མོ་བཅས་ཡིད་འོང་མཛེས་སྡུག་གི་ཁོར་ཡུག་ནང་གནས་ཤིང་ཆགས་ཡོད་པ་དང་། གསུམ་ནི་ཕན་ཚན་བར་གྱི་གྱི་བརྩེ་སེམས་གལ་ཆེན་དུ་བརྩིས་ཤིང་ཁེ་ཕན་ལ་དོགས་སྣང་མི་བྱེད་པ་དང་། བསམ་བློའི་དད་པ་གཙོ་ཆེར་འཛིན་ཞིང་དངོས་པོའི་ལོངས་སྤྱོད་ཕལ་བར་བཞག་པ་དང་། ཆོག་ཤེས་ཡོད་ན་རྟག་ཏུ་སྤྲོ་བའི་རིན་ཐང་གི་ལྟ་བ་ཡོད་པ་དང་། བཞི་ནི་བོད་མི་རིགས་རྣམས་གནའ་ནས་མིང་དོན་ལ་ཞེན་ཆགས་མི་ཆེ་ཞིང་འཇིག་རྟེན་གྱི་འཕྲོག་རྩོད་མེད་ལ་བསམ་བློ་རུ་སྡུག་བསྔལ་དང་། སེམས་ཁམས་སུ་གནོན་ཤུགས་ཅི་ཡང་མེད་པར་བག་ཆགས་ཞི་ལྷོད་ཀྱིས་མ་ཎི་འབྲུ་དྲུག་འདོན་བཞིན་ཉིན་མཚན་དབྱེར་མེད་དུ་གླུ་སྐད་དང་དགོད་སྒྲར་འགྲོགས་ནས་ཡོད་པ་དང་། ལྔ་ནི་འཚོ་བའི་ནང་ལ་བགེགས་བར་ཆད་དང་ཉེན་ཁ། སྡུག་བསྔལ་དང་སྐྱོ་བ་སོགས་དང་འཕྲད་ན་ཆོས་ལུགས་ལ་བརྟེན་ནས་རང་མོས་ཀྱིས་རང་རྟོག་དང་རང་སེམས་སྙོམ་སྒྲིག་བྱེད་པའི་སྒོ་ནས་སྐྱོ་གདུང་ཡོད་ཚད་བསལ་ཏེ་ལུས་བདེ་ལ་སེམས་སྐྱིད་བར་བྱེད་པ་བཅས་སོ།།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2014ལོའི་ཟླ9པའི་ཚེས28ཉིན་ཀྲུང་དབྱང་མི་རིགས་ལས་དོན་ཚོགས་འདུ་ཐོག་ལ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་ལྟ་བུའི་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་བསྟར་བའི་བརྒྱུད་རིམ་ནང་གྲངས་ཉུང་མི་རིགས་ཀྱི་རིག་གནས་ནང་གི་སྙིང་བཅུད་བསྡུ་ལེན་བྱེད་པར་མཐོང་ཆེན་བྱེད་དགོས་ཞེས་བསྟན་པའི་ནང་དུའང་བོད་ཀྱི་རིག་གནས་ཀྱི་རིན་ཐང་ལྟ་བ་འདུས་ཡོད། མ་འོངས་པར་བོད་ཁུལ་སྤྱི་ཚོགས་འཛུགས་སྐྱོང་གི་གཞི་རྟེན་ས་དང་འཕེལ་རྒྱས་ཀྱི་འཐབ་ཇུས་དམིགས་ཡུལ་ནི་སྐྱེ་ཁམས་རིག་གནས་ཀྱིས་ས་ཁུལ་དང་ཁུལ་འཛུགས་རྒྱུའི་ཐོག་ལ་བཞག་ན། འཛམ་གླིང་གི་རི་ཆུ་དང་སྐྱེ་ཁམས་ཀྱི་འབྱུང་ཁུངས། གནམ་གཤིས་ཀྱི་སོ་ལྟ་ཁང་དང་སའི་གོ་ལའི་རིམ་པ་གསུམ་པ་ཞེས་གྲགས་པའི་གངས་ལྗོངས་མཐོ་སྒང་གི་གདོད་མའི་སྐྱེ་ཁམས་ཁོར་ཡུག་ཉེན་མེད་བདེ་བར་གནས་པ་ལ་ཕན་ཐོགས་ཏེ། བོད་ཁུལ་ནམ་ཡང་མུ་མཐུད་དུ་འཕེལ་རྒྱས་འགྲོ་ཐུབ་པར་བྱེད་པ་དང་། རང་མི་རིགས་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྔོག་འདོན་དང་སྲུང་སྐྱོབ། རྒྱུན་འཛིན། བེད་སྤྱོད། དར་སྤེལ་བཏང་ན་བོད་ཁུལ་གྱི་སྤྱི་ཚོགས་འཕེལ་རྒྱས་དང་མདུན་དུ་སྐྱོད་བར་རྒྱ་ཆེ་ཞིང་རྒྱུན་མཐུད་པའི་རྒྱུ་ཆའི་འགན་ལེན་དང་། བསམ་བློའི་སྒུལ་ཤུགས། བློ་རིག་གི་རྒྱབ་སྐྱོར་མཁོ་འདོན་བྱེད་པ་རེད། རིག་གནས་ལ་མཐོང་ཆེན་བྱེད་པ་ནི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་པ་དང་། མི་སེམས་ཕྱོགས་གཅིག་ཏུ་བསྒྲིལ་བ། མངོན་མེད་ཀྱི་སྟོབས་ཤུགས་དམ་དུ་འཛིན་པ། བདེ་འཇགས་ལེགས་པར་བསྲུང་བ། ཡུན་རིང་བདེ་འགོད་དམ་དུ་འཛིན་པ་ཡིན་ཏེ། རིག་གནས་ནི་བོད་མི་རིགས་ཀྱི་ཤེས་རབ་དང་རྒྱུ་ནོར་ཡིན་ལ་རིག་གནས་ནི་མི་རིགས་འདིའི་བསམ་བློ་ཕྱོགས་གཅིག་ལ་བསྐོར་བ་དང་མི་སེམས་གོང་བུར་སྒྲིལ་བའི་སྟོབས་ཤུགས་ཡིན་ལ་རིག་གནས་ནི་བོད་མི་རིགས་ཡུན་རིང་ཉམས་མེད་གསོན་གནས་དང་མཐུན་སྒྲིལ་འབད་བརྩོན། རང་བརྩིས་རང་རྟོན། འཕེལ་རྒྱས་དར་རྩེར་སོན་པའི་འཛད་མེད་ཀྱི་སྒུལ་ཤུགས་དང་བོད་ཁུལ་གྱི་ཐོན་སྐྱེད་ཀྱི་ནུས་ཤུགས་ཨང་དང་པོ་ཡིན་པས་སོ།།

གསུམ། བོད་ཀྱི་རིག་གནས་ནི་བོད་མི་རིགས་འཚོ་གནས་འཕེལ་རྒྱས་འགྲོ་བའི་སྲོག་རྩ་དང་རྩ་བའི་འབྱུང་ཁུངས་ཡིན།

བོད་ཀྱི་རིག་གནས་ནི་བོད་མི་རིགས་ཀྱི་བླ་སྲོག་དང་ཁྲག་རྩ། བོད་མི་རིགས་འཕེལ་རྒྱས་འགྲོ་བའི་འབྱུང་ཁུངས་དང་། མི་རིགས་གཞན་དང་དབྱེ་བ་འབྱེད་པའི་དམིགས་གསལ་གྱི་ཁྱད་ཆོས་དང་། བོད་རིགས་གོང་བུ་གཅིག་ཏུ་སྒྲིལ་བའི་རྒྱུ་རྐྱེན་གཙོ་བོ་ཡིན་ལ་མི་རིགས་གཞན་དང་ས་ཁུལ། རྒྱལ་ཁབ། རིགས་རྒྱུད་གཞན་དག་དང་འབྲེལ་འདྲིས་བྱས་ཏེ་མཛའ་མོ་མཐུན་མོར་ཡོང་བར་བྱེད་པའི་ཟམ་པ་ལྟ་བུ་ཡིན་པ་དང་། མི་རིགས་ཤིག་འཛམ་གླིང་གི་སྔོན་ཐོན་མི་རིགས་ཀྱི་གྲལ་དུ་ཚུད་པའི་མ་རྩ་དང་མི་རིགས་ཤིག་འཚོ་གནས་དང་རྒྱུན་བསྲིང་། འཕེལ་རྒྱས་འགྲོ་བའི་སྒུལ་ཤུགས་དང་བླ་སྲོག་ཡིན། བོད་མི་རིགས་ཀྱིས་གལ་སྲིད་རང་མི་རིགས་ཀྱི་རིག་གནས་དོར་བའམ་ཉམས་སོང་ན་མི་རིགས་དེ་ཉིད་འཛམ་གླིང་མི་རིགས་ཀྱི་གྲལ་དུ་གོ་ས་མེད་པར་གྱུར་ཏེ་འཇིག་པར་འགྲོ་བ་དང་ཐག་ཇེ་ཉེ་རེད། ནམ་ཞིག་ལ་བསམ་བློའི་རིག་གནས་མེད་པར་གྱུར་ན། གསེར་རི་དངུལ་རི་དང་ལེན་ན་ཟད་མཐའ་མེད་ཅིང་སྤྱད་ན་རྫོགས་རྒྱུ་མེད་པའི་དངོས་པོའི་ལོངས་སྤྱོད་འཛོམས་ཀྱང་སྐབས་བབ་ཙམ་ལས་ཡུན་རིང་ལ་ཕན་མི་ཐོགས། མི་རིགས་ཤིག་ལ་མཚོན་ན་རིག་གནས་ནི་ཤི་གསོན་ཆགས་འཇིག་གི་བླ་སྲོག་དང་སྲོག་རྩ་ཡིན་ལ། མི་རིགས་ཤིག་གི་རྒྱུས་ལོན་འདོན་ན་མི་རིགས་དེའི་རིག་གནས་ལ་རྒྱུས་ལོན་པ་ནས་འགོ་འཛུགས་དགོས། མི་རིགས་ཤིག་ལ་བརྩི་བཀུར་བྱེད་དགོས་ན་དང་ཐོག་རིག་གནས་ལ་བརྩི་བཀུར་བྱེད་དགོས་པ་དང་། མི་རིགས་ཤིག་རྩ་མེད་དུ་གཏོང་དགོས་ན་རིག་གནས་རྩ་མེད་དུ་གཏོང་བ་ནས་འགོ་འཛུགས་དགོས་པ་རེད། དེར་བརྟེན་ང་ཚོ་བོད་མི་རེ་རེས་ངེས་པར་དུ་རིག་གནས་རང་རྟོགས་དང་རིག་གནས་ཡིད་རྟོན་གྱི་བསམ་བློའི་སྙིང་སྟོབས་ཆགས་པར་བྱས་ཏེ། བོད་ཀྱི་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན། གསར་གཏོད་དང་འཛུགས་སྐྱོང་། གསོག་འཇོག མཐོར་འདེགས་བྱེད་པར་སྐུལ་འདེད་བཏང་སྟེ་བོད་ཁུལ་འཕེལ་རྒྱས་དང་བདེ་འཇགས་ཡོང་བར་མངོན་མེད་ཀྱི་སྟོབས་ཤུགས་སྣོན་དགོས།།

བཞི། མི་རིགས་སོ་སོའི་རིག་གནས་བར་ལྟ་སྟངས་འདྲ་མཉམ་དང་བསྡུ་ལེན་གུ་ཡངས། རྒྱུ་མང་མཉམ་ཆགས་བྱ་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཆེན་པོ་དང་། ཕུན་སུམ་ཚོགས་པར་འགྲོ་བའི་སྔོན་འགྲོའི་ཆ་རྐྱེན་ཡིན།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ལས་དོན་སྙན་ཞུའི་ནང་དུ་རིག་གནས་གསར་གཏོད་ཀྱི་འབྱུང་ཁུངས་ཆུ་རྒྱུན་ནང་བཞིན་གང་ལེགས་ལེགས་ངང་བཞུར་བར་བྱེད་པ་དང་། མི་རིགས་ཧྲིལ་པོའི་རིག་གནས་གསར་གཏོད་ཀྱི་ནུས་པ་རྒྱུན་མཐུད་ནས་སྤེལ་བའི་སྲོལ་གཏོད་དགོས་ལ། སྤྱི་ཚོགས་ཀྱི་རིག་གནས་འཚོ་བ་སྣ་མང་ཕུན་སུ་ཚོགས་པ་དང་། མི་རྣམས་ཀྱི་རིག་གནས་འཚོ་བའི་རྩ་བའི་ཁེ་དབང་དེ་ལས་ཀྱང་འགན་སྲུང་ཐུབ་པ་བྱེད་དགོས་ཞེས་བསྟན་པ་ནི། ཏང་ཀྲུང་དབྱང་གིས་མི་རིགས་སོ་སོའི་རིག་གནས་བར་ལྟ་སྟངས་འདྲ་མཉམ་དངབསྡུ་ལེན་གུ་ཡངས། རྒྱུ་མང་མཉམ་ཆགས་བྱེད་པའི་བྱེད་ཕྱོགས་སྲིད་ཇུས་རེད། ཀྲུང་གོ་རྒྱལ་ཁབ་ནི་མི་རིགས་ང་དྲུག་ལས་གྲུབ་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་ཚང་ཆེན་མོ་ཞིག་ཡིན་ལ། ཀྲུང་ཧྭའི་རིག་གནས་ནི་ནང་རྒྱལ་གྱི་མི་རིགས་སོ་སོ་ཡིས་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བ་དང་ས་ཁུལ་ཁོར་ཡུག་མི་འདྲ་བ། སྤྱི་ཚོགས་རྒྱབ་ལྗོངས་མི་འདྲ་བའི་ནང་ལ་ཐུན་མོང་གིས་གསར་གཏོད་བྱས་ནས་གྲུབ་པ་རེད། མི་རིགས་སོ་སོའི་རིག་གནས་བར་འདྲ་མཉམ་བསྟུན་རེས་དང་གུ་ཡངས་མཉམ་གནས། མཉམ་དུ་དར་རྒྱས་ཡོང་བར་བྱ་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཆེན་པོ་དང་ཕུན་སུམ་ཚོགས་པར་འགྲོ་བའི་སྔོན་འགྲོའི་ཆ་རྐྱེན་རེད། སྣ་མང་གི་རིག་གནས་ཡུན་རིང་ལ་མཉམ་དུ་གནས་ཤིང་ཕན་ཚུན་གུ་ཡངས་དང་སློབ་སྦྱོང་བྱེད་པ་དང་། ཕན་ཚུན་མྱོང་རོལ་དང་རྒྱུ་མང་མཉམ་ཆགས་བྱེད་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ན་ད་གཟོད་ཀྲུང་ཧྭའི་རིག་གནས་ངོ་མཚར་ལྡན་ཞིང་འོད་སྟོང་འབར།

སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཛུགས་སྐྲུན་ལ་མཐོ་རླབས་ཤིག་འཕྱུར་བར་ངེས་པར་དུ་གཤམ་དུ་བཀོད་པའི་རིག་གནས་འཕེལ་རྒྱས་ཀྱི་ལྟ་བ་བཞི་རྒྱུན་འཁྱོངས་བྱེད་དགོས།

ཀ རིག་གནས་འདྲ་མཉམ་གྱི་ལྟ་བ་སྤེལ་བའི་རྩ་དོན། མི་རིགས་སོ་སོས་གསར་གཏོད་བྱས་པའི་རིག་གནས་ཚང་མ་ནི་ས་ཁུལ་དང་ཁོར་ཡུག ཆ་རྐྱེན། བྱེད་ལུགས། ཐབས་ལམ་མི་འདྲ་བ་དང་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བའི་ནང་དུ་ཆགས་ཤིང་བྱུང་བ་རེད། མི་རིགས་སོ་སོའི་རིག་གནས་ལ་མི་རིགས་རང་བཞིན་དང་ས་ཁུལ་རང་བཞིན། དམིགས་གསལ་ཀྱི་རབ་བཞིན་ཡོད་པས་མིའི་རིགས་ཀྱི་རིག་གནས་ཀྱི་རིན་ཐང་དང་གོ་ས་ནི་མི་རིགས་ཆེ་ཆུང་དང་། བཙན་གཉོམ། མི་གྲངས་མང་ཉུང་གི་ཐོབ་ཐང་གིས་ཚད་འཇལ་བྱེད་པ་མ་ཡིན་པར་མི་རིགས་སོ་སོས་གསར་གཏོད་བྱས་པའི་རིག་གནས་དེ་སྤྱི་ཚོགས་འཕེལ་རྒྱས་དང་མཐུན་མིན། འགྲོ་བ་མིའི་སྤྱི་ཚོགས་ཀྱི་དཔལ་ཡོན་གྱི་འཕེལ་རྒྱས་དང་མཐུན་མིན། མི་དང་མི། མི་དང་སྤྱི་ཚོགས། མི་དང་རང་བྱུང་ཁམས་བར་ཞི་མཐུན་མཉམ་འགྲོགས་ཀྱི་མི་གཤིས་རིང་ལུགས་ཀྱི་ཚད་གཞི་ཡིས་འཇལ་ཞིང་གདེང་འཇོག་བྱེད་དགོས་ཏེ། ཤེས་རིག་དཔལ་ཡོན་ལ་བཟང་ངན་གྱི་དབྱེ་འབྱེད་མེད་པའི་མཛུབ་སྟོན་བསམ་བློ་ལ་བརྩི་སྲུང་བྱེད་དགོས་པ་དེ་རེད། བོད་ཀྱི་རིག་གནས་ཀྱི་དགོངས་དོན་སྙིང་བཅུད་ལ་བལྟས་ན་དེ་ནི་མ་འོངས་པའི་ཚུལ་ལྡན་སྤྱི་ཚོགས་དང་མཐུན་ཞིང་། འཇིག་རྟེན་མི་ཡི་ཀུན་སྤྱོད་ལ་དག་ཐེར་དང་མི་སེམས་སྙོམ་སྒྲིག་གི་ནུས་པ་ལྡན་ལ། ཤེས་རབ་དང་བྱམས་སེམས་ཀྱིས་ཟིན་པའི་སྔོན་ཐོན་རིག་གནས་ཀྱི་གྲས་ཤིག་རེད། འཛམ་གླིང་དུ་བོད་རིག་པའི་མཐོ་རླབས་འཕྱུར་བ་ཡིས་གནས་ཚུལ་དེ་ར་སྤྲོད་བྱས་ཡོད།

ཁ། སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ནི་ཉམས་བརྒྱ་མཚར་ལ་རྣམ་པར་མཛེས་ཤིང་ངོ་མཚར་ཀུན་ཏུ་འཛོམས་པའི་རྒྱུ་མཚན་ནི། རིགས་བརྒྱུད་མི་འདྲ་བ་དང་མི་རིགས་འདྲ་བ། རྒྱལ་ཁབ་མི་འདྲ་བ་མང་པོས་གསར་གཏོད་བྱས་པའི་རིག་གནས་ཀྱིས་རྣམ་པར་མཛེས་པའི་འཛམ་གླིང་འདི་གྲུབ་པས་རེད། དེ་དང་འདྲ་བར་ཀྲུང་ཧྭའི་རིག་གནས་འོད་སྟོང་འབར་བའང་ནང་རྒྱལ་གྱི་མི་རིགས་ལྔ་བཅུ་ང་དྲུག་གིས་ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བ་དང་ས་ཁུལ་ཁོར་ཡུག་མི་འདྲ་བ། སྤྱི་ཚོགས་རྒྱབ་ལྗོངས་མི་འདྲ་བའི་ནང་ལ་གསར་གཏོད་བྱས་ནས་ཆགས་པའི་སོ་སོའི་རིག་གནས་ཀྱིས་གྲུབ་པའི་རྐྱེན་རེད། དེ་ནི་རིག་གནས་མི་འདྲ་བ་རྣམས་ཡུན་རིང་དུ་མཉམ་གནས་དང་། ཕན་ཚུན་བསྡུ་ལེན་གུ་ཡངས་ཀྱིས་མཉམ་དུ་འཕེལ་རྒྱས་འགྲོ་བའི་གྲུབ་འབྲས་རེད། མི་རིགས་སོ་སོའི་རིག་གནས་བར་ལྟ་སྟངས་འདྲ་མཉམ་དང་བསྡུ་ལེན་གུ་ཡངས། རྒྱུ་མང་མཉམ་ཆགས། མཉམ་དུ་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱས་ན་མི་རིགས་སོ་སོ་གོང་བུ་གཅིག་སྒྲིལ་དང་མཉམ་དུ་གནས་པའི་སྟོབས་ཤུགས་ཇེ་ཆེར་གཏོང་ཐུབ་ཅིང་། ཀྲུང་ཧྭའི་རིག་གནས་རྣམ་པར་མཚར་ཞིང་ཡིད་དབང་འཕྲོག་པ་ལ་སྐྱེས་སྟོབས་ཀྱི་གསོན་ཤུགས་སྣོན་ངེས་རེད།།

ག བོད་ཀྱི་རིག་གནས་ནི་བོད་མི་རིགས་ཀྱིས་གསར་གཏོད་བྱས་ཏེ་མི་རིགས་འདིའི་སྲོག་རྩ་དང་བླ་སྲོག རྟགས་མཚན། ཁྱད་ཆོས་དང་མུ་མཐུད་ནས་འཕེལ་རྒྱས་འགྲོ་བའི་འབྱུང་ཁུངས་དང་སྒུལ་ཤུགས་ཡིན་པས། རིག་གནས་མེད་པར་གྱུར་ན་མི་རིགས་དེ་ཡང་མཉམ་དུ་མེད་པར་འགྲོ། ང་ཚོས་རིག་གནས་ལ་ཡིད་རྟོན་པའི་འགྲོ་ལམ་བརྟན་པོར་བྱས་ཏེ་བོད་མི་རེ་རེས་ངེས་པར་དུ་རང་རྟོགས་དང་མ་སྐུལ་དང་ལེན་གྱིས་རང་རིགས་ཀྱི་རིག་གནས་སྲུང་སྐྱོབ་དང་བརྒྱུད་འཛིན། དར་སྤེལ། གསར་གཏོད། འཛུགས་སྐྱོང་། བསྡུ་གསོག་བྱ་རྒྱུ་ནི་བླ་ན་མེད་པའི་འོས་འགན་དང་། ལོ་རྒྱུས་ཀྱི་ལས་འགན་དུ་བརྩིས་ཏེ་བོད་ཀྱི་རིག་གནས་འཕེལ་རྒྱས་ཆེན་པོ་དང་ཕུན་སུམ་ཚོགས་པར་ཡོང་བར་སྐུལ་འདེད་བཏང་སྟེ། བོད་ཁུལ་གྱི་ཡུན་རིང་བདེ་འགོད་ལ་ཞབས་འདེགས་ཞུ་རྒྱུ་ནི་རང་གི་ལས་འགན་དུ་བརྩི་དགོས།།

ང་། རིག་གནས་འཛམ་གླིང་ཅན་དུ་འགྱུར་བའི་དེང་སང་ལ། ང་ཚོ་བོད་མི་རེ་རེས་སྤོབས་པ་ཆེན་པོས་ཕྱོགས་དང་སྣེ་མང་པོ་ནས་བོད་ཀྱི་རིག་གནས་ཀྱི་དགོངས་དོན་སྙིང་བཅུད་དར་སྤེལ་གཏོང་དགོས། དེ་ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས། ཀྲུང་གོ་གུང་ཁྲན་ཏང་གི་མི་རིགས་སྲིད་ཇུས་དང་མཐུན་པ་རེད། ཐོག་མར་རང་རྟོགས་དང་སྤོབས་པ་ཆེན་པོས་མ་སྐུལ་དང་ལེན་བྱས་ཏེ་རང་རིགས་ཀྱི་རིག་གནས་ཀྱི་དགོངས་དོན་སྙིང་བཅུད་ཀྱིས་བསམ་བློ་ལ་ཤུགས་རྐྱེན་བཟང་པོ་དང་བློ་སྦྱོང་ཐེབས་སུ་བཅུག་སྟེ། བོད་ཀྱི་རིག་གནས་དགོངས་དོན་སྙིང་བཅུད་བོད་མི་རེ་རེའི་ཕྱི་ཡི་དངོས་པོ་དང་ནང་གི་བསམ་བློའི་ཁྱབ་ཁོངས་སོ་སོར་སྤེལ་བ་དང་། བོད་ཀྱི་རིག་གནས་ཀྱི་དགོངས་དོན་སྙིང་བཅུད་ཀྱིས་སློབ་གྲྭའི་སློབ་གསོ་དང་ཁྱིམ་ཚང་སློབ་གསོ། སྤྱི་ཚོགས་སློབ་གསོ། གླེང་ཕྱོགས་འཕྲིན་སྦྱོར། གསར་འགྱུར་དཔར་སྐྲུན། ཕན་ཚུན་འབྲེལ་འདྲིས་བཅས་ཀྱི་ཁྱབ་ཁོངས་ནང་ཞུགས་སུ་བཅུག་པ་དང་། རང་མི་རིགས་ཀྱི་རིག་གནས་བརྩིས་མེད་དུ་བཏང་བ་དང་དམན་སར་འཛིན་པ། ཆ་རྒྱུས་མེད་པ་རྣམས་ལ་བློ་སྒོ་ཕྱེས་ནས་ཟུར་ཁྲིད་བྱེད་པ་དང་། ཁོང་ཚོས་རང་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལ་སློབ་སྦྱོང་བྱེད་པའི་རྨང་གཞིའི་ཐོག་ལ། གཞན་མི་རིགས་ཀྱི་རིག་གནས་ཀྱི་སྙིང་བཅུད་ནང་འདྲེན་དང་བསྡུ་ལེན་བྱེད་པར་ཁྲིད་སྟོན་བྱེད་དགོས། དེ་མིན་རིག་གནས་འཛམ་གླིང་ཅན་དུ་འགྱུར་བའི་ནང་ཕན་ཚུན་འདྲ་མཉམ་གྱིས་བརྗེ་རེས་བྱེད་པ་ཐོག་མཐའ་བར་གསུམ་གྱིས་རྒྱུན་འཁྱོངས་བྱས་ཏེ། འགྲོ་བ་མིའི་རིགས་ཧྲིལ་པོའི་སྔོན་ཐོན་གྱི་རིག་གནས་དང་རིག་གནས་སྙིང་བཅུད་ཀྱིས་བོད་ཀྱི་རིག་གནས་འཐུས་ཚང་དང་ཕུན་སུམ་ཚོགས་པར་བཏང་ནས། དུས་ནམ་ཡང་སྐྱེས་སྟོབས་དང་གསོན་ཤུགས་ལྡན་ཞིང་གདོད་མའི་རང་གཤིས་ཀྱི་ཁྱད་ཆོས་སྔར་མུས་སུ་བཟུང་སྟེ། ཇི་སྲིད་བར་དུ་རྩ་བ་ཚུགས་ཤིང་ལོ་མ་སྟུག་པོའི་ཚུལ་དུ་གནས་པར་བྱ་དགོས་སོ། །  ། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།