ཀྲུང་གོ་བོད་ཀྱི་དྲ་བ།

རེ་འདོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : སྨི་ཐེ་ལང་ཊི་ཡིས་བརྩམས།རྡོ་རྗེ་སྒྲོལ་མས(མཚོ་སྔོན་མི་རིགས་སློབ་ཆེན)བསྒྱུར།   སྤེལ་དུས། : 2019-03-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གཏམ་གྱི་ཡིག་ཚགས།

གཏམ་བཤད་པ།         སྨི་ཐེ་ལང་ཊི།(1916-1995)

གཏམ་བཤད་དུས་ཚོད།     1981ལོའི་ཟླ5པའི་ཚེས21ཉིན།

གཏམ་བཤད་ས་གནས།     ཧྥ་རན་སིའི་ཕོ་བྲང་ཨའེ་ལི་སའེ།

གཏམ་བཤད་པའི་གོ་གནས།  ཧྥ་རན་སིའི་ཙུང་ཐུང་།

བདག་གིས་རང་རེའི་ཁབ་ཆེན་མོའི་ཆེས་མཐོའི་གོ་ཐོབ་བཞེས་པའི་དེ་རིང་གི་མོད་ལ། བདག་གིས་རང་རེའི་ཁབ་ཆེན་མོའི་མི་སེར་ཕུལ་བྱུང་བ་ཡིན་པའི་ཧྥ་རན་སིའི་ཕོ་མོ་རྒན་གཞོན་ཁྲི་ཕྲག་དུ་མ་དྲན་བྱུང་། ཁོ་ཚོས་དུས་རབས་གཉིས་ཀྱི་དུས་ཡུན་རིང་མོ་རུ་ཞི་བདེ་དང་དམག་འཁྲུག་གི་ཁོར་ཡུག་ཁྲོད་ནས་ངལ་རྩོལ་དང་རྔུལ་ཁྲག་གིས་ཧྥ་རན་སིའི་ལོ་རྒྱུས་བཞེངས་ཤིང་། ང་ཚོའི་སྤྱི་ཚོགས་ལ་ཡུན་ཐུང་ཞིང་གཟི་འོད་འབར་བའི་འཕོ་འགྱུར་གློ་བུར་བ་འབྱུང་སྐབས་ཁོ་ཚོ་ད་གཟོད་སྟེས་དབང་གིས་ལོ་རྒྱུས་ཀྱི་གར་སྟེགས་སུ་འབུད་པ་རེད།

    ཇ་རེ་ཟིའི་སློབ་སྟོན་ལ་བློ་སེམས་རབ་ཏུ་དཀར་བས་བདག་གིས་ད་ལྟ་ཐོག་མར་ཕོ་མོ་རྒན་གཞོན་ཁྲི་ཕྲག་དུ་མའི་མིང་ཐོག་ནས་གཏམ་བརྗོད་སྤེལ་རྒྱུ་ཡིན། མི་དམངས་འཐབ་ཕྱོགས་དང་བཅིངས་འགྲོལ་དམག་འཁྲུག་གི་རྗེས་མཐུད་དེ། ད་ལྟ་དངོས་སུ་བརྒྱུད་རིམ་རིང་མོའི་དུས་རིམ་གསུམ་པའི་མགོ་བརྩམས་ཤིང་། དམངས་གཙོའི་བྱེད་ཐབས་ལས་མངོན་པའི་ཧྥ་རན་སི་བ་རྣམས་ཀྱི་ཆབ་སྲིད་ངོས་ཀྱི་མང་ཕྱོགས་ཤོག་ཁག་དེ་ད་ལྟ་ཏག་ཏག་སྤྱི་ཚོགས་སྟེང་གི་མང་ཕྱོགས་ཤོག་ཁག་དང་ཕུང་བོ་གཅིག་ཏུ་གྲུབ་ཡོད། རླབས་ཆེ་བའི་མི་རིགས་ཤིག་ལ་འཆར་གཞི་རླབས་ཆེན་ཞིག་དགོས་པ་ལྟ་ཅི། རང་རྒྱལ་ལ་མཚོན་ནས་བཤད་ནའང་། སྤྱི་ཚོགས་རིང་ལུགས་དང་རང་དབང་གི་མནའ་འབྲེལ་གསར་པ་འཛུགས་སྐྲུན་བྱེད་པ་དེ་ལས་མཆོག་གྱུར་གྱི་རེ་འདོད་ཅིག་དང་། མནའ་འབྲེལ་གསར་པ་འདིས་མ་འོངས་པའི་འཛམ་གླིང་ལ་མཛད་བཟང་འགོད་པ་དེ་ལས་རླབས་ཆེ་བའི་འདུན་མ་ཞིག་ག་ལ་ཡོད། མདོར་ན། འདི་ཏག་ཏག་བདག་གི་འདོད་བློ་དང་ཆོད་སེམས་ཡིན་ཏེ། དེས་བདག་ལ་ཡིད་ཆེས་བསྐྲུན་ཡོད། དྲང་མི་སྙོམས་པ་དང་བཟོད་སྒོམ་མི་བྱེད་པའི་སྣང་ཚུལ་གྱིས་དབང་བསྒྱུར་གྱི་གོ་གནས་ཟིན་པའི་གནས་སུ་སྒྲིག་ལམ་དང་བདེ་འཇགས་ཤིག་གཏན་དུ་ཡོད་མི་སྲིད། བདག་གིས་འཇམ་པོའི་ངག་གིས་བློ་འགུག་པ་ལས་བཙན་པོའི་དབང་གིས་བློ་འགུག་པར་མི་ངེས།

1918ལོའི་ཟླ5པའི་ཚེས10ཉིན་ལ་ཡིད་བཞིན་དུ་འགྲུབ་ཐུབ་པ་གཅིག་ཉིད་ལས་མེད་དེ། དེ་ནི་རེ་འདོད་ཡིན། རེ་འདོད་འདི་ཧྥ་རན་སིའི་མི་རེ་རེའི་རེ་འདོད་དུ་འགྱུར་བར་སྨོན། དེར་བརྟེན། བདག་གིས་འགྲོ་ལམ་སྣ་མང་བ་བརྒྱུད་ནས་ལྷོད་མེད་ཀྱིས་མདུན་དུ་སྐྱོད་དེ་གཞན་ལ་བརྩི་བཀུར་དང་། བསམ་འཆར་མི་མཐུན་པ་ཡོད་ཚེ་གྲོས་གླེང་བྱ་རྒྱུ་ཡིན། ཧྥ་རན་སི་ཡོངས་ཀྱི་ཙུང་ཐུང་ཞིག་ཡིན་པའི་ཆ་ནས། བདག་གིས་ཁབ་ཆེན་པོ་མཐུན་སྒྲིལ་ཡོང་བ་བྱས་ཏེ་ང་ཚོའི་མདུན་དུ་ལྷགས་པའི་རླབས་ཆེན་གྱི་བྱ་བཞག་གཉེར་རྒྱུ་ཡིན། གང་ལྟར་ཀྱང་བདག་གིས་མིང་དོན་མཚུངས་པའི་མི་རིགས་མང་བའི་ཁྱིམ་གཞིས་ཆེན་པོ་འདིར་ཆ་རྐྱེན་བསྐྲུན་དགོས།

བདག་གིས་ཡང་བསྐྱར་སྐུ་ཞབས་ཝ་ལེ་རའེ་གྷི་ཟི་ཁར་ཊེ་ཐྲེན་ལ་སྨོན་འདུན་ཞུ་རྒྱུ་ཡིན། འདི་ནི་བདག་གཅིག་པུས་གཞན་སྒེར་ཞིག་ལ་དབང་ཆ་རྩིས་སྤྲོད་བྱེད་པ་མིན་ཏེ་མི་དམངས་ཡོངས་ཀྱིས་དངོས་དོན་ཐོག་ཁོ་ཚོ་རང་ཉིད་ལ་དབང་བའི་དབང་ཆ་ལག་ཏུ་བསྟར་བ་ཡིན།

དེ་མིན། གལ་ཏེ་ང་ཚོས་མིག་རྒྱང་རིང་དུ་གཏད་དེ་རྒྱལ་སྤྱིའི་གནས་བབ་ལ་བལྟས་ན། ཁེ་གྱོང་གི་རྩོད་གཞི་སྣ་ཚོགས་པའི་ཤུགས་རྐྱེན་དང་འགྲན་རྒོལ་འཛད་མེད་རིམ་བྱུང་གིས་ཞི་བདེ་ལ་བཟོས་པའི་འཇིགས་སྐུལ་ལ་བསམ་བློ་མི་གཏོང་བ་ག་ནས་ཆོག་ཨང་། ཧྥ་རན་སིའི་སྟོབས་དང་ལྡན་པའི་ངང་འདི་ལྟར་བསྟན་ཆོག་སྟེ། འཛམ་གླིང་སྟེང་སུམ་གཉིས་འགྲོ་བ་མིས་མུ་མཐུད་དུ་མི་ཤུགས་དང་རྒྱུ་ཤུགས་བཏོན་ཡང་དེར་ཐོབ་པ་ནི་བཀྲེས་ལྟོགས་དང་ཁྱད་གསོད་ཡིན་ན་རྒྱལ་སྤྱིའི་ཁྱིམ་ཚང་ཆེན་པོ་ཟེར་བ་ཞིག་བསྐྲུན་ཐུབ་པ་ནི་དཔེར་མི་སྲིད་དོ། །

 དྲང་སྙོམས་དང་མཐུན་སྒྲིལ་ལྡན་པའི་ཧྥ་རན་སིའི་རེ་འདོད་ལ་ལྷ་མི་ཀུན་དང་ཞི་བདེ་མཉམ་གནས་བྱས་ཏེ་འགྲོ་བ་མིའི་མདུན་སྐྱོད་ཀྱི་བགྲོད་ལམ་ལ་འོད་སྟོང་ལྡན་པར་བྱ་དགོས། དེ་ལ་ཧྥ་རན་སིས་ཐོག་མར་རང་སྟོབས་རང་སྤེལ་བྱ་དགོས།

བདག་གིས་ཡང་བསྐྱར་རྒྱལ་ཁབ་ལ་ཞབས་འདེགས་ཞུ་བའི་ཆོད་སེམས་ལྡན་པའི་འགྲོ་མི་ཡོངས་ལ་འབོད་སྐུལ་གཏང་རྒྱུ་ཡིན། བདག་གིས་ཁོ་ཚོའི་ཤེས་རབ་དང་མཉམ་མྱོང་། བློ་དཀར་གྱི་རོགས་རམ་ལ་རེ་ཞིང་བསྒུག་ཡོད།

བདག་གིས་ཚོམས་ཆེན་དང་ཁང་ཆེན་འདིའི་ཕྱི་རོལ་གྱི་ཧྥ་རན་སིའི་ཕོ་མོ་རྒན་གཞོན་ཡོངས་ལ་“མ་འོངས་པར་ཡིད་ཆེས་ཀྱིས་ཁེངས་པར་བྱ་དགོས”ཚུལ་བསྒྲག་རྒྱུ་ཡིན།

སྤྱི་མཐུན་རྒྱལ་ཁབ་ཁྲི་ལོར་བརྟན་ཤོག  ཧྥ་རན་སི་ཁྲི་ལོར་བརྟན་ཤོག

རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།

སྨི་ཐེ་ལང་ཊི། ཧྥ་རན་སིའི་ཙུང་ཐུང་དང་ཧྥ་རན་སིའི་སྤྱི་ཚོགས་ཏང་གི་འགོ་ཁྲིད་པ། 1916ལོའི་ཟླ10པའི་ཚེས་26ཉིན་ཧྥ་རན་སིའི་ནུབ་རྒྱུད་ཀྱི་ཞ་ལིང་ཊི་ཞིང་ཆེན་ཐུའེ་ཨར་ན་ཁོ་གྲོང་ཁྱེར་དུ་སྐྱེས་ཤིང་། སྔ་རྗེས་སུ་ཕ་རི་སི་སློབ་ཆེན་དང་ཆབ་སྲིད་སློབ་གླིང་དུ་ཁྲིམས་ལུགས་དང་རྩོམ་རིག ཆབ་སྲིད་རིག་པ་སློབ་གཉེར་བྱས་ཏེ་གསར་འགོད་པ་དང་ཁྲིམས་རྩོད་པའི་ལས་ལ་ཞུགས། 1939ལོར། དམག་སྐུལ་དང་བླངས་ཀྱིས་དམག་ལ་ཞུགས་ཏེ་མ་ཆི་ནོའི་འགོག་སྲུང་གཡུལ་འགྱེད་ཁྲོད་རྨས་སྐྱོན་ཕོག་ནས་འཛིན་བཟུང་བྱས་ཤིང་འཇར་མན་དབུས་ཁུལ་གྱི་གཅིག་སྡུད་བཙོན་རར་བཅུག 1942ལོར། བཙོན་ནས་ཁྲིམས་འགལ་བྲོས་བྱོལ་བྱས་ཏེ།  ཏའེ་ཀའོ་ལེས་འགོ་ཁྲིད་པའི་གསང་བའི་འགོག་རྒོལ་ལས་འགུལ་ལ་ཞུགས། ཧྥ་རན་སི་བཅིངས་འགྲོལ་བྱས་རྗེས། 1944ལོའི་ཟླ8པར་དབུ་ཚུགས་པའི་གནས་སྐབས་སྲིད་གཞུང་གི་རྒྱལ་སྲིད་ལས་ཁུངས་སྐབས་དང་པོར་ཞུགས། དེའི་རྗེས་ནས་ཕྱི་རྒྱལ་མངའ་ཁོངས་ཀྱི་པུའུ་ཀྲང་དང་རྒྱལ་སྲུང་པུའུ་ཀྲང་། ནང་སྲིད་པུའུ་ཀྲང་། ཁྲིམས་འཛིན་པུའུ་ཀྲང་སོགས་ཀྱི་འགན་བཞེས། 1971ལོར། སྤྱི་ཚོགས་ཏང་གི་ཧྲུའུ་ཅི་དང་པོར་བསྐོས། 1965ལོ་དང་1974ལོར་ཙུང་ཐུང་བདམས་བསྐོའི་འགྲན་བསྡུར་ཐེངས་གཉིས་ལ་ཞུགས། 1981ལོའི་ཟླ5པར། སྐུ་ཞབས་ཊེ་ཐྲེན་ལས་རྣམ་པར་རྒྱལ་ཏེ་ཧྥ་རན་སིའི་ཙུང་ཐུང་གི་འགན་བཞེས་ཤིང་། 1988ལོའི་ཟླ5པར་རྒྱུན་མཐུད་ཙུང་ཐུང་ལ་བསྐོས། 1995ལོར་འགན་ཡོལ་གནང་།

བརྩམས་ཆོས་མྱོང་རོལ།

སྨི་ཐེ་ལང་ཊི་བདམས་ཐོན་བྱུང་བ་དེས། ཧྥ་རན་སིའི་ལོ་རྒྱུས་སྟེང་ལོ་ངོ་200ལྷག་གི་སྟོབས་ཤུགས་གནས་པ་དེར་སྲིད་དབང་ཐེངས་དང་པོར་ཐོབ་པ་མཚོན་ཞིང་། དེའི་རྗེས་ནས་ཁོ་ཚོས་ལོ་མང་པོའི་རིང་རེ་འདུན་དྲག་པོ་བཅངས་པའི་སྒྱུར་བཅོས་ཇི་ལྟར་མངོན་འགྱུར་བྱ་དགོས་པ་དང་། ཧྥ་རན་སིའི་རྒྱལ་ནང་དམངས་ཚོགས་གཅིག་པུ་མིན་པར་འཛམ་གླིང་སྟེང་གི་རྒྱལ་ཁབ་གཞན་དག་གིས་ཀྱང་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། སྐབས་དེའི་རྒྱལ་ནང་གི་གནས་བབ་ཅུང་དཔོག་དཀའ་བ་དེར་གདོང་གཏད་པས་སྨི་ཐེ་ལང་ཊིས་གཏམ་བཤད་འདི་སྤེལ་ནས་ཁོའི་མ་འོངས་པར་ཡིད་ཆེས་ཀྱིས་ཁེངས་པའི་དད་སེམས་དེ་སྤྱི་དམངས་བརྒྱུད་ནས་དམངས་སེམས་གཅིག་སྒྲིལ་བྱས་པ་རེད།

གཏམ་བཤད་ཁྲོད་ཁོས་སྲིད་སྐྱོང་བའི་དམིགས་འབེན་དང་རྩ་དོན་རགས་རིམ་ཙམ་ཁྱབ་བསྒྲགས་བྱས་ཤིང་། ཁོའི་འདོད་བློ་དང་ཆོད་སེམས་ནི་སྤྱི་ཚོགས་རིང་ལུགས་དང་རང་དབང་གི་མནའ་འབྲེལ་གསར་པ་འཛུགས་སྐྲུན་བྱ་རྒྱུ་དེ་རེད། དམིགས་འབེན་ནི་དྲང་སྙོམས་དང་མཐུན་སྒྲིལ་ལྡན་པའི་ཧྥ་རན་སི་རྒྱལ་ཁབ་ཅིག་བསྐྲུན་རྒྱུ་དང་། ཆོད་སེམས་ནི་ཧྥ་རན་སི་རྒྱལ་སྤྱིའི་སྟེང་ལྷ་མི་ཀུན་དང་ཞི་བདེ་མཉམ་གནས་ཡོང་རྒྱུ་དེ་རེད། གཞན་དག“རེ་འདོད”ཅེས་པའི་མིང་ཚིག་ཏུ་བསྡུས་ཏེ་སྤྱི་དམངས་རྣམས་ལ་མ་འོངས་པར་ཡིད་ཆེས་ཀྱིས་ཁེངས་དགོས་པར་སྐུལ་ལྕག་བཏང་། འདི་འདྲའི་མཚོན་སྟངས་མག་མོག་ལའང་རྒྱུ་མཚན་ཡོད་དེ། སྐབས་དེའི་རྒྱལ་ནང་གི་གནས་བབ་རྙོག་འཛིང་དང་སྤྱི་དམངས་ཀྱི་སེམས་ཁམས་ཚོར་སྐྱེན་པ། ཁོ་རང་ཉིད་ཀྱི་གནས་བབ་དང་གོ་གནས་ལ་གཞིགས་ན་སེམས་ཆུང་བག་ཟོན་བྱེད་པ་ལས་ཐབས་གཞན་མེད་པས་ཡིན། གཏམ་བཤད་ཐུང་ཡང་ཡིད་དབང་རབ་ཏུ་འཕྲོག་སྟེ། ཁོའི་ཆབ་སྲིད་ཀྱི་དད་སེམས་དེ་མི་སེམས་འགུལ་བའི་སྐད་ཆ་རུ་བསྒྱུར་བར་མཁས་ཤིང་། ཉན་མཁན་རྣམས་ལ་སྤྲོ་སེམས་སྐུལ་སློང་ཆེན་པོ་བྱས་པས་གཏམ་བཤད་ལ་འགུག་ཤུགས་ཆེན་པོ་ལྡན།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།