ཀྲུང་གོ་བོད་ཀྱི་དྲ་བ།

སྤྱང་གྲུང་ལྡན་པའི་རོང་ཚང་གི་བུ་མོ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2019-04-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྔོན་ཞིང་པ་དབུལ་ཕོངས་ཤིག་ཡོད་པ་ལ་ཁང་པ་ཆུང་ཆུང་ཞིག་དང་བུ་མོ་གཅིག་ལས་གཞན་ས་ཞིང་སོགས་ཅི་ཡང་མེད། བུ་མོས“ངེད་གཉིས་ཀྱིས་རབ་ཡིན་ན་རྒྱལ་པོར་ས་སྟོང་ཞིག་སྤྲོད་རྒྱུའི་རེ་བ་ཞུ”ཞེས་བཤད། རྒྱལ་པོས་ཁོ་ཚོར་དཀའ་ངལ་ཡོད་པའི་གནས་ཚུལ་ཤེས་རྗེས་ཁོ་གཉིས་ལ་ས་སྟོང་ཞིག་སྤྲད། བུ་མོ་དང་ཨ་ཕ་གཉིས་ཀྱིས་ཕྲུ་བསློགས་ནས་འབྲུ་རིགས་འདེབས་སྐབས་ས་འོག་ནས་གསེར་གྱི་གཏུན་ཁུང་ཞིག་རྙེད། ཨ་ཕས་བུ་མོར“ང་ཚོའི་རྒྱལ་པོ་བྱམས་སེམས་ཆེ་བས་ངེད་གཉིས་ཀྱིས་གཏུན་ཁུང་དེ་ཁོང་ལ་ཕུལ་ཏེ་དྲིན་ལན་འཇལ་དགོས” ཞེས་བཤད། བུ་མོ་དེར་མ་འཐད་པར“ཨ་ཕ། ངེད་གཉིས་ཀྱིས་གཏུན་ཁུང་རྙེད་ཀྱང་གཏུན་ཤིང་རྙེད་མེད། སྔོན་ལ་གཏུན་ཤིང་བཙལ་ཏེ་ཕྱིར་མ་བསྒྲགས་ན་བཟང”ཞེས་ཞུས་ཀྱང་ཨ་ཕས་མ་ཉན་པར་གསེར་གྱི་གཏུན་ཁུང་དེ་ཁྱེར་ནས་རྒྱལ་པོའི་དྲུང་དུ་ཕྱིན། ཁོས་འདི་ནི་ས་སྟོང་ནས་རྙེད་པ་ཡིན། རྒྱལ་པོར་གུས་བཀུར་མཚོན་བྱེད་དུ་ཕུལ་བས་བཞེས་རོགས་གནོངས་ཞེས་ཞུས། རྒྱལ་པོས་གཏུན་ཁུང་ཚུར་ལེན་ཞོར་དུ་ཁོ་ལ་ད་དུང་གཞན་གང་ཡང་རྙེད་མ་བྱུང་ངམ་ཞེས་དྲིས་པར་ཞིང་པ་དེས“གཞན་གང་ཡང་རྙེད་མ་བྱུང”ཞེས་བཤད། རྒྱལ་པོས་ཁོ་ལ་གང་ལྟར་གཏུན་ཤིང་ཡང་མཉམ་དུ་ཁྱེར་ཤོག་ཅེས་བཤད།  ཞིང་པ་དེས་གཏུན་ཤིང་རྙེད་མ་བྱུང་བའི་རྒྱུ་མཚན་ཇི་ལྟར་བཤད་ཀྱང་རྒྱལ་པོས་མི་ཉན་པར་ཞིང་པ་དེ་བཙོན་ཁང་དུ་བཅུག་སྟེ། ཁོ་ལ་གཏུན་ཤིང་ཁྱེར་ཡོང་ན་གཞི་ནས་གློད་ཆོག་ཟེར། སྒོ་སྲུང་པས་ཉིན་ལྟར་ཁོ་ལ་ཆུ་དང་བག་སོབ་ཁོ་ན་སྐྱེལ་གྱིན་ཡོད། ཞིང་པ་དེས་མཚམས་མི་ཆད་པར“ཨ་ཙི། གལ་ཏེ་ངས་བུ་མོའི་ཁར་ཉན་ཡོད་ན་ཅི་མ་རུང”ཞེས་བསྐྱར་ཟློས་བྱེད། སྒོ་སྲུང་པས་རྒྱལ་པོར་ཉེས་ཅན་དེས་བཟའ་བཏུང་མི་སྤྱོད་པའི་ཁར་རྟག་ཏུ“ཨ་ཙི། གལ་ཏེ་ངས་བུ་མོའི་ཁར་ཉན་ན་ཅི་མ་རུང་ཞེས་སྡུག་སྐད་རྒྱག་གིན་འདུག”ཅེས་ཞུས་པ་ན། རྒྱལ་པོས་ཉེས་ཅན་དེ་འདིར་ཁྲིད་ཤོག་ཟེར། རྒྱལ་པོས་ཞིང་པ་དེར་ཁྱོད་ཀྱིས་དེ་ལྟར་སྡུག་སྐད་རྒྱག་དོན་ཅི་ཡིན། “ཡང་སྙིང་ཁྱོད་ཀྱི་བུ་མོས་ཅི་ཞིག་བཤད་བྱུང”ཞེས་དྲིས།

“མོས་ང་ལ་རབ་ཡིན་ན་གཏུན་ཁུང་མ་སྤྲོད། སྤྲད་ནའང་གཏུན་ཤིང་བཙལ་ཏེ་མཉམ་དུ་སྤྲོད་ཟེར”ཞེས་བཤད།

རྒྱལ་པོས“ཁྱོད་ལ་དངོས་གནས་དེ་འདྲའི་བུ་མོ་སྤྱང་གྲུང་ལྡན་པ་ཞིག་ཡོད་ན་མོ་འདིར་ཁྲིད་ཤོག”ཅེས་སྨྲས། དེ་བས་མོ་རང་རྒྱལ་པོར་མཇལ་དུ་ཡོང་། རྒྱལ་པོས་མོར་གབ་ཚིག་ཅིག་དྲིས་ཤིང་། གལ་ཏེ་མོས་ཁེད་ཚེ་མོ་རང་རྒྱལ་པོའི་ཁབ་ཏུ་བཞེས་རྒྱུ་ཡིན་ཟེར་བར་མོས་ལམ་སང་དེ་ལྟར་བྱ་རྒྱུའི་ཁས་བླངས། རྒྱལ་པོས“ཁྱོད་ཀྱིས་གྱོན་ཆས་མི་གྱོན་པ་དང་གཅེར་བུ་ཡང་མིན་པ། རྟར་མི་བཞོན་པ། ཤིང་རྟར་མི་སྡོད་པ། ལམ་ནས་མི་ཡོང་བ་དང་། ལམ་གྱི་ཕྱི་ནས་ཀྱང་མི་ཡོང་བར་ངའི་གམ་དུ་སླེབས་ཚེ། ངས་ཁྱོད་ཁབ་ཏུ་བཞེས་ཆོག”ཅེས་བཤད། བུ་མོ་དེ་ཕྱིར་སོང་ནས་གྱོན་ཆས་མ་ལུས་ཕུད་རྗེས། ཉ་དྲ་ཆེན་པོ་ཞིག་ཁྱེར་ཡོང་སྟེ་དེའི་ནང་འཛུལ་རྗེས་རང་ཉིད་ལ་ཐུམ་བརྒྱབ་པ་དང་། དེ་ནས་བོང་བུ་ཞིག་གླས་ཏེ་ཉ་དྲ་བོང་བུའི་རྔ་མར་བསྡམས་ནས་བོང་བུར་ཉ་དྲ་དང་ཁོ་མོ་མཉམ་དུ་འདྲུད་དུ་བཅུག་པ་ན། རྟ་དང་ཤིང་རྟར་བཞོན་མ་དགོས་པ་དང་། བོང་བུ་འཁོར་ཤུལ་སྟེང་བསྐྱོད་པས་མོས་རྐང་པའི་མཐེ་བོང་ས་ལ་དྲུད་པ་ལས་གཞན་ལམ་ཐོག་ཏུ་མ་སོང་ལ་ལམ་གྱི་ཕྱི་ནས་ཀྱང་མ་སོང་། མོ་དེ་ལྟར་རྒྱལ་པོ་མཇལ་དུ་ཕྱིན་པ་ན། རྒྱལ་པོས་མོས་ཁེད་སོང་ཞེས་མོའི་རེ་བ་ཡོངས་སུ་བསྐངས་ཤིང་། མོའི་ཨ་ཕ་བཙོན་ཁང་ནས་གློད་འགྲོལ་བཏང་བ་མ་ཟད།མོ་ཡང་ཁབ་ཏུ་བཞེས།

ལོ་འགའི་རྗེས་སུ། རྒྱལ་པོ་ཐེངས་ཤིག་དམག་གཟིགས་ལ་ཕེབས་སྐབས། མེ་ཤིང་བཙོངས་ཚར་བའི་ཞིང་པ་འགས་ཤིང་རྟ་རྒྱལ་པོའི་ཕོ་བྲང་གི་མདུན་དུ་བཞག་ཡོད་པ་དང་ཁེལ། དེར་བ་གླང་གིས་དྲུད་པ་ཡོད་ལ་རྟས་དྲུད་པའང་ཡོད། ཞིང་པ་ཞིག་ལ་རྟ་བཞི་ཡོད་པ་ལས་གཅིག་ལ་རྟེའུ་ཞིག་སྐྱེས་པ་དེ་བ་གླང་གཉིས་ཀྱིས་དྲུད་པའི་ཤིང་རྟ་ཞིག་གི་མདུན་དུ་བརྒྱུགས་ནས་དེ་གཉིས་ཀྱི་བར་དུ་ཉལ། ཞིང་པ་རྣམས་དེར་རུབ་ནས་རྟེའུ་དེ་སུ་ལ་དབང་མིན་རྩོད་པ་བྱེད་ཀྱིན་འདུག  བ་གླང་ཡོད་པའི་ཞིང་པ་དེས་རྟེའུ་རང་ཉིད་ལ་དབང་འདོད་དེ་རྟེའུ་དེ་བ་གླང་གིས་སྐྱེས་པ་ཡིན་ཟེར། རྒྱལ་པོས་འུར་རྒྱག་བཞིན་པ་ཐོས་འཕྲལ། རྟེའུ་སུའི་འཁྲིས་སུ་ཉལ་ཡོད་ན་དེར་དབང་བ་ཡིན་ཞེས་བཀའ་ཕབ། དེ་བས་རྟེའུ་དེ་བ་གླང་ཡོད་པའི་ཞིང་པ་དེར་ཐོབ། དོན་དམ་དུ་རྟེའུ་ནི་ཁོའི་མིན། ཞིང་པ་གཞན་དེས་རྟེའུ་ཤོར་བས་ངུ་འབོད་བྱེད་ཀྱིན་བུད་སོང་། ཁོས་བཙུན་མོ་ནི་དབུལ་པོའི་དུད་ཚང་ཞིག་ཏུ་སྐྱེས་པ་དང་སྙིང་རྗེ་ཆེ་བ་གོ་བས་བཙུན་མོར་མཇལ་དུ་ཕྱིན། ཁོས་བཙུན་མོར་རྟེའུ་ཕྱིར་ལེན་རོགས་ཞུས་པ་ན། བཙུན་མོས“གལ་ཏེ་ཁྱོད་ཀྱིས་ངས་བཤད་པ་སུར་ཡང་མ་ལབ་ན་ངས་ཁྱོད་ལ་ཐབས་ཤིག་འཐེན་ཆོག ཕྱི་ཉིན་ཞོགས་པར། རྒྱལ་པོ་དམག་གཟིགས་ལ་ཕེབས་སྐབས། ཁྱོད་ཀྱིས་ཁོང་བགྲོད་སའི་ལམ་དུ་ཉ་དྲ་ཆེན་པོ་ཞིག་བཟུང་སྟེ་རྙི་རྒྱ་འཐེན་པ་དང་། ཉ་རྙི་རྒྱ་གང་བཟུང་བའི་རྣམ་འགྱུར་སྟོན་ཤིག”ཅེས་སྨྲས་པ་དང་། ད་དུང་གལ་ཏེ་རྒྱལ་པོས་འདྲི་བ་ཡིན་ན་ལན་ག་འདྲ་འདེབས་དགོས་པའང་བསླབས། ཕྱི་ཉིན་ཁོས་བཙུན་མོའི་ངག་བཞིན་བྱས་པ་དང་། རྒྱལ་པོས་རྣམ་པ་དེ་མཐོང་འཕྲལ་དམག་མངགས་ནས་གླེན་པ་དེས་ཅི་ཞིག་བྱེད་ཀྱིན་པ་དྲིས་པར། དེས་ངས་ཉ་འཛིན་གྱིན་ཡོད་ཟེར། འདིར་ཆུ་མེད་པས་ཅིའི་ཕྱིར་ཉ་འཛིན་ཐུབ་བམ་ཞེས་དྲིས་པ་ན། ཞིང་པ་དེས“བ་གླང་གཉིས་ཀྱིས་རྟེའུ་ཞིག་སྐྱེས་ཐུབ་པས། ངས་ཀྱང་སྐམ་སའི་སྟེང་ནས་ཉ་འཛིན་ཐུབ་ངེས”ཟེར། དམག་མིས་ཇི་བཞིན་རྒྱལ་པོར་ཞུས། རྒྱལ་པོས་སྐད་བཏང་ནས་ལན་དེ་ནི་ཁོས་དྲན་པ་མིན་པས་སུས་བསླབས་པ་ཤོད་ཅིག་ཅེས་བཀའ་ཕབ། ཞིང་པ་དེས་ཡང་ནས་ཡང་དུ“དཀོན་མཆོག་གིས་མཁྱེན”སྐད་ཆ་དེ་ནི་ངས་དྲན་པ་ཡིན་ཟེར། ཁོ་ཚོས་ཞིང་པ་དེ་སྐམ་རྩྭ་ཕོན་པོ་ཞིག་གི་སྟེང་བཞག་སྟེ་དེ་ནི་བཙུན་མོས་བསླབས་པ་ཡིན་པར་ཁས་ལེན་རག་ཏུ་ཉེས་རྡུང་བཏང་། རྒྱལ་པོ་ཁྱིམ་དུ་སླེབས་པ་ན། བཙུན་མོར“ཁྱོད་ཀྱིས་ང་ལ་ཟོལ་སྦྱོར་འདི་འདྲ་བྱས་དོན་ཅི། ད་ནི་ཁྱོད་ཀྱི་སྐྱིད་པའི་ཉི་མ་ཚར་སོང་།ཁྱོད་རང་གང་ནས་ཡོང་བ་དེར་ལོག་ཅིག”  ཡིན་ཡང་རང་ཉིད་ཆེས་དགའ་བའི་ཅ་དངོས་ཤིག་ཁྱེར་ཏེ་དྲན་རྟེན་དུ་བཞག་ཆོག་ཅེས་བཤད།  མོས“སྙིང་ཉེ་བའི་ཁྱོ་ག་ལགས། ཅི་གསུང་བཀའ་བཞིན་བསྒྲུབ་ལགས”ཞེས་བཤད་ཞོར། རྒྱལ་པོར་འཐམས་ཏེ་འོ་ཞིག་བྱས་རྗེས་རྒྱལ་པོ་དང་ཁ་གྱེས་ཞུས། མོས་སྨན་ནུས་ཆེ་བའི་གཉིད་སྨན་ཆང་རག་ཁྱེར་ཡོང་རྗེས། རྒྱལ་པོར་ཆང་མཆོད་དེ་ཞལ་གྱེས་ཞུས། རྒྱལ་པོས་ཁམ་གང་བཏུང་བ་དང་ཁོ་མོས་ཏོག་ཙམ་ལས་མ་འཐུང་། རྒྱལ་པོ་དེ་མ་ཉིད་གཉིད་དུ་ཡུར་བ་ན་མོས་གཡོག་པོ་ཞིག་ལ་སྐད་བཏང་ནས་རྒྱལ་པོ་ཕོ་བྲང་མདུན་གྱི་ཤིང་རྟ་ཞིག་ཏུ་བཞག་པ་དང་། མོ་ཤིང་རྟར་བཞོན་ནས་ཕྱིར་རང་ཁྱིམ་དུ་སླེབས་ཤིང་། རྒྱལ་པོ་མོའི་ཉལ་ཁྲིའི་སྟེང་དུ་བཞག  རྒྱལ་པོ་ཉིན་ཞག་གཅིག་ལ་གཉིད་དེ་སད་སྐབས་ཕྱོགས་བཞིར་ལྟ་ཙམ་བྱས་ཏེ“དཀོན་མཆོག་གིས་མཁྱེན། ས་འདི་གང་ཡིན་ནམ”ཞེས་འདྲི་ཞོར། གཡོག་པོ་འབོད་པའི་སྐད་བརྒྱབ། དེ་ནས་ཁོའི་ལྕམ་མོ་ཉལ་ཁྲིའི་མདུན་དུ་ཡོང་སྟེ“སྙིང་ཉེ་བའི་རྒྱལ་པོ་ལགས། ཁྱེད་ཀྱིས་ང་རང་ཆེས་དགའ་བའི་ཅ་དངོས་ཤིག་འཁྱེར་རྒྱུའི་བཀའ་བཏང་མྱོང་བ་ལ། ང་ནི་ཁྱེད་མ་གཏོགས་སུར་ཡང་མི་དགའ་བས། ངས་ཁྱེད་རང་ཁྲིད་ཡོང་བ་ཡིན”ཞེས་སྨྲས། རྒྱལ་པོའི་སྤྱན་ཟུང་མཆི་མས་བཀང་སྟེ“སྙིང་ཉེ་བའི་ཆུང་མ་ལགས། ཁྱོད་ནི་ངའི་ཡིན་ལ། ང་ནི་ཁྱོད་ཀྱི་ཡིན”ཞེས་པ་དང་།བཙུན་མོ་ཕྱིར་ཕོ་བྲང་དུ་ཁྲིད་ཡོང་ནས་ཡང་བསྐྱར་ཁོ་མོ་དང་གཉེན་སྟོན་གྱི་མཛད་སྒོ་རྒྱ་ཆེར་སྤེལ། །

《ཀེ་ལིན་བྱིས་སྒྲུང》ལས་ལྷག་པ་སྐྱིད་པས་བསྒྱུར།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།