ཀུན་རྟོག་གི་འཇིག་རྟེན།

བདག་ཆུང་བྱིས་པའི་དུས་སུ་ཅུང་སྤྲོ་སྣང་གིས་ཁེངས་ཤིང་ཀུན་རྟོག་གི་འཇིག་རྟེན་ཞིག་ཏུ་འཚོས། ཁང་ལེབ་ཆུང་ཆུང་དུ་བདག་གི་པིར་རིས་དང་ཅོག་ཙེ་ཆུང་ཆུང་བསྒྲིགས་ཡོད། ང་དང་མཉམ་དུ་གནས་པ་ནི་སྒེའུ་ཁུང་སྟེང་གི་གྲོག་མའི་དམག་དཔུང་དང་སྡོམ་རྒོད། ཚང་ཚིང་ནགས་ཚལ་གྱི་མེ་ཏོག་གྲུང་པོ། ད་དུང་མལ་ཁྲིའི་འོག་ཏུ་སྦས་པའི་རྨི་ལམ་བདུད་མོ། དེ་བཞིན་ཉིན་གང་བོར་གསང་སྤྱོད་ཁང་དུ་ཞབས་བྲོ་འཁྲབ་བའི་བདུད་འདྲེ་ཆུང་ཆུང་དེ་ཚོ་ཡིན།

བྱིས་པ་བཙས་ནས་ཨ་ཕ་ཞིག་ཏུ་གྱུར་རྗེས། ཆུང་མ་དང་ངེད་གཉིས་དུས་རྒྱུན་ཁོ་རང་ཁྲིད་དེ་འབུ་འཚོལ་བའམ་རི་མགོར་འགོ་བ། སྡོང་བོར་དཔྱད་པ། ཆུ་རྩེད་སོགས་ཀྱི་རྩེད་མོའི་ལས་ལ་རོལ། ཐེངས་ཤིག་ང་ཚོ་གསར་རྙིང་གི་དབྱེ་བ་མེད་པའི་གྲོང་ཁྱེར་གྱི་སྲང་ལམ་དུ་འགྲོ་བཞིན་ཡོད་སྐབས། ཁོ་རང་འགྲོ་ཞོར་འདུག་ཞོར་དུ་ངག་ནས་རང་ཉིད་ཀྱི་ཀུན་རྟོག་གི་བློ་ལ་བཀོད་པའི་གཏམ་རྒྱུད་མ་ཎི་འདྲེན་འདྲེན་བྱས་ཏེ་བརྗོད་ཀྱིན་འདུག། བདག་ཀྱང་ཁོས་དགོང་ཟས་མ་ཟོས་པའི་ཡར་སྔོན་དུ་སྔུན་དགོང་མོའི་རྨི་ལམ་དུ་རྨིས་པའི་བདུད་འདྲེ་ཞིབ་བརྗོད་བྱས་པར་ཉན་རྒྱུ་རབ་ཏུ་དགའ། ད་ལྟའི་བར་དུ། ལོ་ན་ཉི་ཤུ་ལྷག་ཙམ་སོན་ཡོད་པའི་ཁོ་རང་ནམ་རྒྱུན་བདག་དང་ལྷན་དུ་ཀུན་རྟོག་གི་བདུད་འདྲེའི་ཐིག་རིས་ཇི་ལྟར་བྲི་དགོས་པར་སྤྲོ་སེམས་འཁོལ་བའི་ངང་གྲོས་བསྡུར་བྱས། སྐབས་དེར་ངེད་གཉིས་ཐུན་མོང་གིས་ཤེས་རྟོགས་བྱུང་བའི་བྱིས་པའི་དུས་སྐབས་ཤིག་ཏུ་བློ་ངོར་འཆར་མི་ཐུབ་པའི་བདུད་འདྲེ་མཐོང་སོང་བ་དང་གཉིས་སུ་མ་མཆིས།

བྱིས་པ་སུ་དང་གང་ལ་ཡང་རྫུ་འཕྲུལ་གྱིས་ཁེངས་པ་ལྟ་བུའི་བྱིས་དུས་ཀྱི་དྲན་ཤེས་ཀྱིས་མི་ཚེ་གང་བོར་ཤུགས་རྐྱེན་ཐེབས་པ་བདག་ལ་ཡིད་ཆེས་ཡོད་ཅིང་། དྲན་ཤེས་དེ་དག་གིས་ང་ཚོར་ཁྱོད་ནི་མི་ཅི་འདྲ་ཞིག་ཡིན་པ་དང་ཁྱོད་ཀྱི་སྤྲོ་སྣང་ཅི་ཞིག་ཡིན་པ་གསལ་བོར་བརྗོད་ཐུབ། མི་མང་ཆེ་བས་འཚར་ལོངས་ཀྱི་གོ་རིམ་ཁྲོད་རིམ་གྱིས་བདག་ཉིད་ལས་བྲལ་ཏེ“བདག”དེ“བདག་ཅག”ཏུ་གྱུར་དུས་རང་ཉིད་ལ་སྤྲོ་སྣང་གཞན་མེད་པར་འགྱུར། །

མི་མང་པོ་ཞིག་གིས་ང་ཚོའི་འཇིག་རྟེན་འདི་དལ་གྱིས་ཐོར་ཞིག་ཏུ་འགྲོ་བར་བསམ་ཡོད། དོན་དངོས་སུ་ང་ཚོས་ད་ལྟ་མྱོང་བཞིན་པ་ནི་ཚད་བརྒལ་འཕེལ་རྒྱས་ཀྱི་ཚོང་ལས་སྤྱི་ཚོགས་རིམ་བཞིན་དུ“ཤོར”བཞིན་ཡོད་ཅིང་། མང་ཐལ་ཤོར་བའམ་ཡང་ན་སྔོན་གྱི་འཚོ་བ་སྐྱེལ་སྟངས་ག་གེ་མོར་སྒྲོ་སྐུར་བྱེད་བཞིན་ཡོད། བྱིས་པའི་འཇིག་རྟེན་དུ“ཤོར་བ”མེད་དེ། བྱིས་པ་སུ་ལའང་འཇིག་རྟེན་འདིར་འཚོ་བར་ལག་རིས་ཙམ་ཡང་མེད་པར་ཆེས་ཐད་ཀའི་གནད་དོན་ལ་བསམ་གཞིག་གཏོང་སྟངས་དང་ཀུན་རྟོག་གིས་འཇིག་རྟེན་ལ་ལྟ་ཞིབ་བྱེད་པའི་འཚོ་བའི་རྣམ་འགྱུར་ཁོ་ན་ལས་མེད། དེར་བརྟེན། ཁོ་ཚོས་མི་དར་མ་ལས་ཀྱང་ངེས་པ་དོན་གྱིས་འཚོ་བའི་ཁྲོད་ཀྱི་ཞིབ་ཆ་མྱོང་རོལ་བྱེད་ཐུབ་ཅིང་། ཀུན་རྟོག་གི་སྒོ་མོ་ཕྱེས་ཏེ་དོན་དངོས་ཀྱི་འཇིག་རྟེན་འདིར་རོལ་རྩེད་དང་ལོངས་སུ་སྤྱོད་ཐུབ་བོ། །

དུས་རབས་འདིའི་བྱིས་པ་རྣམས་ལ་རྨི་ལམ་སྦྲུམ་པའི་ཁེ་དབང་དང་ཁོར་ཡུག་ཅིག་བསྐྲུན་རྒྱུ་ནི་བདག་གི་རེ་བ་ཡིན་ཏེ། དངུལ་སྒོར་གྱིས་མི་རྣམས་ཡར་རྒྱས་ཀྱི་འཕར་རྩ་སྒུལ་མི་ཐུབ་མོད་རྨི་ལམ་གྱིས་ཐུབ་པ་ཡིན།  །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།