ནུབ་པར་གྱུར་པའི་ཕ་གཞིས།

གནའ་བོའི་མཛེས་ཤིང་གིས་ཁེབས་པའི་གྲོང་ཁྱེར་འདི་ནི་བདག་གི་ལྟེ་ཁྲག་འཕོ་ས་ཡིན་ཞིང་། གནས་དེ་རུ་སེམས་ཀྱི་གཏིང་རོལ་ནས་བསྐྱུར་པར་དཀའ་བའི་གཞོན་པའི་དུས་སྐལ་དང་བྱིས་པའི་དུས་སྐལ་བསྐྱལ་བ་ཡིན། ཡིན་ཡང་ད་ཆ་བདག་གིས་ཉིན་མཚན་ལྟོས་མེད་དུ་ཞེན་ཅིང་འཁྲེང་པའི་ཕ་ཡུལ་ལ་གནམ་ས་བླ་འོག་བརྗེ་འདྲའི་འཕོ་འགྱུར་བྱུང་སྟབས་ལམ་ནོར་ཐེབས་སོང་། དུས་རྟག་པར་མི་རྣམས་ཀྱིས་ས་ཆ་ག་གེ་མོ་ཞིག“ངོས་མི་ཟིན་པར”བརྗོད་དུས“འགྱུར་ལྡོག་ཤིན་ཏུ་ཆེ་བའི”དགའ་སྣང་དེ་སྦས་ཡོད་ཀྱང་བདག་ནི་དེ་ལྟར་མིན་པར་རེ་ཆད་དང་ཞེ་འགྱོད་ཀྱིས་བརྟས།

བདག་གིས་བདག་ཅག་འདྲིས་ཤིང་ལོབས་པའི་གྲོང་ཁྱེར་ངོས་མ་ཟིན་པ་དེ་ནི་གནས་དེར་སྔར་མེད་པའི་ཐོག་བརྩེགས་གང་མང་ཞིག་སྐྲུན་བྱུང་བས་མ་ཡིན་ལ། གནས་དེར་གསར་སྣང་དང་ཤོམ་རྩ་ཆེ་བར་གྱུར་པས་ཀྱང་མ་ཡིན་པར། ཡིན་རྒྱུ་ནི་བདག་སྔོན་ཆད་འདྲིས་ཤིང་གོམས་ལོབས་སུ་གྱུར་པ་དང་དྲེགས་པས་སྙེམས་ཆོག་པའི་ཆོས་གང་དེ་ནུབ་པར་གྱུར་བས་ཡིན།

བདག་གི་ཁང་ཁྱིམ་ལྟག་སྐོར་གྱི་དཔྱིད་མགོའི་མེ་ཏོག་གི་ར་བ་ནུབ་པར་གྱུར་འདུག་ཅིང་། རུས་པའི་རྐང་ལ་ཟུག་པའི་ལྷོ་རྒྱུད་གྲང་ངད་ཀྱིས་གཅུད་པའི་སད་སེར་བསུས་ཏེ་ལྷམ་མེར་བཞད་པའི་དཔྱིད་མགོའི་མེ་ཏོག་ཡལ་བར་གྱུར་འདུག་སྟེ། གནས་དེ་འུར་ཟིང་ཆེ་བའི་ཁྲོམ་ཚོགས་དང་རྙོག་ཟིང་གི་དམངས་གཞིས་སུ་ཆགས་ཡོད། བདག་ནི་བྱིས་དུས་ནས་གཞོན་པའི་དུས་སུ་ནར་སོན་པའི་ཀྱ་ཀྱུའི་རྐང་ལམ་ཕྲ་མོ་ནས་ལམ་ནོར་ཐེབས་སོང་། བདག་ནི་དགའ་སྤྲོས་བརྟས་པ་མིན་ཞིང་ཡིད་གདུང་བས་གཟིར་བའང་མིན་པར་དུས་ཚོད་ཀྱི་འཁོར་ལོ་ཟད་པ་དང་བསྟུན་ཏེ་བདག་གིས་གང་ཞིག་ཤོར་སོང་བའི་སྣང་བ་སྐྱེས།

ལམ་ནོར་མི་ཐེབས་པའི་དོད་དུ། ཉིན་དེར་བདག་གིས་ཆེད་དུ་གྲོགས་པོ་ལོ་གཞོན་ཞིག་ལ་ལམ་སྣ་འདྲེན་དུ་བཅུག གནས་དེར་རྟག་པར་ཉལ་བའི་རྨི་ལམ་དུ་ཡང་ཡང་འཁོར་བའི་བསྟར་ཕྲེང་དུ་གཤིབ་པའི་ཁྲོན་པ་གསུམ་པོ་ཡོད། ཨ་མ་རྟག་ཏུ་ཁྲོན་སྟེགས་ཀྱི་ཁ་རུ་ལས་ལ་བྲེལ་ཞིང་སྔོ་ཚལ་བཀྲུ་བ་དང་ལྭ་བ་བཀྲུ་བའི་ཕྱག་ཟུང་ནི་ཆུ་ནང་དུ་གྲང་འཁྱག་གིས་གཙེས་པས་དམར་ཐིང་ཐིང་དུ་འདུག ཁྲོན་སྟེགས་ཀྱི་གམ་དུ་རྫོང་མཐུག་པའི་འབྲུག་མིག་སྡོང་བོ་རྐང་འགའ་ལ་དཔྱིད་ཀྱི་དུས་སུ་འབྲས་རྡོག་འདྲ་བའི་མེ་ཏོག་ཆུང་ངུ་ཚོམ་བུར་བཞད་ཅིང་འགབ་ཏུ་ཞིང་དུད་ཀྱི་ཆུ་གླང་འགའ་ཉལ་ཡོད། ཆུ་གླང་གི་སྐྱུགས་ལྡད་ཀྱིས་ཉིན་གུང་ལ་ཁུ་སིམ་པའི་དབེན་འཇགས་ཤིག་བྲིས་ཡོད།

གནས་དེར་ཀྱག་ཀྱོག་ཏུ་འབབ་ཅིང་ཆུ་རྩྭ་ཡིས་བཀང་བའི་རྐ་ཆུ་དང་གཡུ་མདོག་གི་འབྲས་ཞིང་མངའ། བདག་གི་ཕ་གཞིས་ནི་ཞིང་སྡེའི་ཡུལ་བཀོད་ཀྱི་དབུས་སུ་བཀྲ་ཡོད། ཡིན་ཡང་གནས་འདི་གྲོང་ཁྱེར་ཡིན་པ་མ་ཟད་ཡོབ་གླིང་སྐམ་སའི་ཡུལ་གོམས་ཀྱིས་སྤྲོས་པའི་ཀྲུང་གོའི་མཚོ་ངོགས་ཀྱི་གྲོང་ཁྱེར་ཅིག་ཡིན། འབྲུག་མིག་སྡོང་བོ་བསྐོར་ཏེ་ཕྱིན་ན་ནུབ་ལུགས་ཁང་བརྩེགས་ཀྱིས་གྲུབ་པའི་སྲང་ལམ་ཞིག་ལ་སླེབས་ཤིང་རྒྱ་སྨུག་གི་མདངས་དང་ལྡན་པའི་ཟུར་གསུམ་མེ་ཏོག་ནི་གླིང་གའི་གྱང་ངོས་སུ་ཐུར་དུ་དཔྱངས་འདུག མུ་མཐུད་ནས་མདུན་དུ་བསྐྱོད་ཚེ་ལེ་མོན་སྡོང་བོ་གང་སར་བཙུགས་པའི་རི་ལྡེབས་ཤིག་མངོན་ཡོང་། བདག་གིས་ནམ་མཁའ་དང་ཉི་འོད་བསྒྲིབས་པའི་སྡོང་བོའི་གྲིབ་མ་བརྟོལ་ཞིང་ནགས་ཁྲོད་ཀྱི་སྨུག་པ་བརྒལ་ཏེ་ཕར་ལ་ལྟ་དུས་གསལ་ལ་མི་གསལ་བའི་གླིང་ག་རུ་གསར་བཞད་མེ་ཏོག་གིས་ཁེབས་ཡོད།

གནས་དེར་ལྷ་ཁང་ཞིག་ཡོད་ཅིང་དེར་ཆོས་ལུགས་གཏམ་རྒྱུད་ཀྱི་ཚོན་མདོག་གིས་བྱུགས་པའི་དཀར་ཁུང་ཅིག་དང་། དེ་ལས་དྭངས་ཤིང་སྙན་པའི་དབྱངས་རྟ་མཆེད་ཡོང་། དེ་དག་ཡོད་ཚད་ནི་ད་ཆ་བདག་གི་བསམ་པའི་རྟོག་འཆར་དུ་གསོན་ཡོད་པ་ལས་བདག་དང་མཉམ་དུ་གཞོན་པའི་དུས་སྐལ་བསྐྱལ་རོགས་དག་གིས་ཁྱོན་ནས་ཤེས་ཀྱིན་མི་འདུག ཤོར་ཟིན་པ་མཐའ་དག་བདག་ཁོ་ནར་དབང་ཞིང་། བདག་ལའང་རྨི་ལམ་བན་ནེ་བུན་ནེ་ཞིག་བདོག་པ་ཙམ་རེད།

བདག་གིས་སྔར་བཞིན་ཨུ་ཚུགས་མཐར་སྐྱེལ་གྱིས་འཚོལ་སྙེག་བྱས། གསར་བཞད་མེ་ཏོག་གི་ཚོམ་བུ་འདི་དང་ནགས་ཁྲོད་འདི་རུ་རྐང་ལམ་ཞིག་མངའ་བ་བདག་གིས་དྲན་སོས་ཀྱིན་འདུག གནའ་བོའི་གྲོང་རྡལ་ཚང་ཆན་ནས་ཧྥུའུ་ཅན་གཙང་བོར་གཏུགས་པའི་རྡོ་སྐས་རིམ་པ་བརྒྱ་ཕྲག་གིས་གྲུབ་པའི་རི་ལྡེབས་ལས་འབབ་པའི་ལམ་བུ་དེ་གཟར་ངོས་ཀྱི་མཐོ་སར་གནས་པ་བདག་གིས་དྲན་བཞིན་འདུག བདག་གིས་ཧྥུའུ་ཅན་གཙང་བོའི་གཡོར་གྲུའི་གྲིབ་གཟུགས་དང་རྒྱང་རིང་ནས་མཆེད་པའི་གཏིང་ཐག་བཅད་པའི་རླབས་དུང་ཐོས་ཐུབ། ལོ་དེར་བྱང་རྒྱུད་དུ་བསླབ་པ་སློབ་གཉེར་ལ་ཆས་དུས་བདག་གྲུ་ཁ་དེར་སྐྱེལ་མཁན་ཡོད་ཅིང་རླབས་དུང་གི་སྒྲ་དེ་ད་ཆའང་རྣ་ལམ་དུ་འཁོར་ཏེ་ཡུན་རིང་ལ་སྙན་འཇེབས་ལྡན་པ་ནི་བློ་ཕམ་དང་སྐྱོ་སྣང་སྐྱེས་པ་གང་ཞིག་ཡིན་པ་མི་རྟོགས། ཡིན་ཡང་། བདག་གིས་གཙང་འགྲམ་དུ་གཏུགས་པའི་ལམ་བུ་དང་རྡོ་སྐས། རླབས་དུང་གི་སྒྲ་སོགས་སླར་ཡང་རྙེད་ཐབས་མི་འདུག

གྲོང་ཁྱེར་འདི་ཉིད་ཧྥུའུ་ཅན་གཙང་བོས་དུམ་བུར་གཤགས་ཏེ་དཀྱིས་དབུས་སུ་རྒྱུ། གནའ་བོའི་མཁར་རྙིང་འདིའི་གྲོང་དང་སྲང་ལམ་རེ་རེར་སྲོལ་རྒྱུན་གྱི་སྣུམ་ཞལ་སྟུག་པོ་འཁྱིལ་ཡོད་དེ། གནས་དེར་ལིན་ཙའེ་ཞུས་དང་ཡན་ཧྥུའུ་འཁྲུངས་མྱོང་ལ་ལེན་ཆིན་ནན་དང་ཞའེ་པེན་ཞིན་ཡང་འཁྲུངས་མྱོང་། གནའ་བོའི་མཛེས་ཤིང་གིས་ཁེབས་པའི་སྲང་ལམ་གྱི་ཕུག་ཏུ་དཔེ་ཆ་བ་དང་ཡིག་མཁན་གྱི་དྲི་ངད་ལྡང་བའི་ཁང་གཞིས་མང་ཞིང་སྒོ་ར་རྒྱ་ཆེན་དུ་ལྡན། གྲོང་ཁྱེར་གྱི་ལོགས་ཤིག་ཏུ་ཧྥུའུ་ཅན་གཙང་བོས་བརྩེ་གདུང་ཟབ་མོས་ལྷོ་སྟེགས་གླིང་ཕྲན་ལ་རྡེབ་བཞིན་མཆིས་ཤིང་། དེ་ནི་ཆེར་བསྐྱེད་པའི་རླབས་རྡོ་ཞིག་སྟེ་དེ་རུ་ནང་ལོགས་སུ་མཐོང་བར་དཀོན་པའི་ཡུལ་ཁོངས་ཐ་དད་པའི་ཉམས་སྣང་འཁྱར་ཡོད། གནས་དེར་བདག་གི་བྱིས་དུས་སྐྱེལ་མྱོང་བའི་བདེ་སྐྱིད་མི་ལྡན་ཡང་ཡིད་ལ་ཡང་ཡང་འཁོར་ཞིང་ད་ཆ་སྨུག་རླུང་དུ་ནུབ་པར་གྱུར་པའི་ཕ་གཞིས་ཡོད།

བདག་གི་ཕ་གཞིས་ནི་ཕྱི་ཕྱོགས་སྒོ་དབྱེའི་མཚོ་རྒྱུད་ཀྱི་གྲོང་ཁྱེར་གྲགས་པ་ཅན་ཞིག་ཡིན་ལ་མཚོ་ཁའི་གྲུ་ཁ་གལ་འགངས་ཆེ་བ་ཞིག་ཀྱང་ཡིན། ཡེ་ཤུའི་ཆོས་ཀྱི་རིག་གནས་ནི་རླབས་རྒྱུན་གསར་བའི་ཟོལ་གྱིས་སྔར་གྱི་ནང་བསྟན་དང་རུའོ་ལུགས་རིག་གནས་ཀྱི་སྲོལ་རྒྱུན་དུ་འདྲེས་ཏེ་མི་ལོ་བརྒྱ་ཕྲག་ཅིག་ལ་མཉམ་དུ་གནས་པས་གྲོང་ཁྱེར་འདི་རུ་ནང་ལོགས་དང་ཐ་དད་པའི་རིག་གནས་འཛིན་སྟངས་ཤིག་གྲུབ་ཅིང་བདག་གི་བྱིས་དུས་ཀྱི་རྨི་ལམ་ཡང་གསར་དུ་བྱུང་། ཡིན་ནའང་། རྨི་ལམ་དེ་ཉིད་རིག་གནས་འཕོ་འགྱུར་གཞན་ཞིག་ཏུ་ཐིམ་པར་གྱུར། མི་རྣམས་ཀྱིས་གོམས་གཤིས་སུ་འཇགས་པ་ཇི་བཞིན་དུ་ལྡུམ་ར་དང་གསིང་མ་གཙང་དག་བཟོས་ཏེ་སྔར་གྱི་མེ་ཏོག་འདེབས་འཛུགས་དང་ལམ་འགྲམ་སྡོང་བོ་གཤར་བའི་ས་ངོས་ཡོངས་རྫོགས་ཨར་འདམ་གྱིས་བཀབ། ནུབ་ལུགས་བཟོ་བཀོད་མཐའ་དག་ནད་བརྒྱ་སྨན་གཅིག་ལྟ་བུའི་བཅོས་སྒྲིག་བྱས་རྗེས་གསིང་མ་དང་ནགས་ཚལ་འཕྱུར་བའི་གནས་སུ་དཔར་ལ་བརྐོས་འདྲའི་ཁང་པ་ཀྲོང་ངེར་ཚུགས། མི་རྣམས་ཀྱིས་རང་ཉིད་ལ་རྟེན་ཅིང་འབྲེལ་ཏེ་རང་ལ་མི་འཕྲོད་པའི་རིག་གནས་ལྟ་སྟངས་ལ་འགྱུར་བ་བཏང་ཞིང་སྐབས་འདིར་བདག་གིས་ཁ་གཏད་འཇལ་དགོས་པ་ནི་བོར་སྟོར་མཐའ་མེད་ཅིག་ཡིན།

བདག་ནི་བདག་རང་གོམས་ཤིང་ལོབས་པའི་ཕ་ཡུལ་ནས་ལམ་ནོར་ཐེབས་ཤིང་། བདག་གིས་བདག་གི་གཅེས་སུ་འོས་པའི་ཕ་ཡུལ་འདུས་པའི་གཞོན་པའི་དུས་ཀྱི་རྨི་ལམ་སྟོར། བདག་ལ་ལྷགས་པ་ནི་དོན་ངོ་མར་སྐྱོ་བ་ཡིན་ནམ་སེམས་གཅོང་གང་ཡིན་བཤད་པར་དཀའ་འོ། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།