༄༅། །སློབ་གསོ་ཞིབ་འཇུག་པའི་མིག་རྒྱང་དང་འགན་འཁྲི་གླེང་བ།

དང་པོ། སློབ་གསོ་ཞིབ་འཇུག་པའི་ཞིབ་འཇུག་གི་གྲུབ་ཆ་འགའ།

སློབ་གསོའི་ངོ་བོས་སློབ་གསོའི་ཚན་ཞིབ་དེ་ཞིབ་འཇུག་པས་གྲུབ་པའི་གཞི་རྩའི་བརྡར་གཅོད་དང་ལག་ལེན་གྱི་ཁྱབ་ཁོངས་སུ་ཚུད་པར་ཐོག་མར་གཏན་ཁེལ་བྱེད་ཅིང་། བརྡར་གཅོད་འདི་ལྟ་བུའི་རིན་ཐང་གི་འབྱུང་རྩ་ནི་ཞིབ་འཇུག་པ་རང་ཉིད་ཀྱི་དགོས་མཁོ་དང་རྒྱུན་ལྡན་ཀྱི་གནས་ཚུལ་འོག་འབྱུང་གིན་ཡོད་པས། ཞིབ་འཇུག་པར་གཤམ་གྱི་སྣ་སྒོ་སོ་སོ་ནས་ཤུགས་རྐྱེན་དང་ཚོད་འཛིན་ཐེབས་ཀྱི་ཡོད།

གཅིག ཞིབ་འཇུག་པར་ཐེབས་པའི་རིག་གནས་ཀྱི་སྟངས་འཛིན་དང་ཞིབ་འཇུག་གཞན་ལ་ཐེབས་པའི་ཤུགས་རྐྱེན།

མི་ཡོད་དོ་ཅོག་ནི་རིག་གནས་ངེས་ཅན་ཞིག་གི་འདུས་གཟུགས་ཤིག་ཡིན་ཞིང་། མིའི་ཚེ་སྲོག་གྲུབ་ཉིན་ནས་བཀྲག་མདངས་མངོན་པར་བཀྲ་བའི་རིག་གནས་ཀྱི་འཇིག་རྟེན་དེར་གདོང་གཏད་ཀྱི་ཡོད། འཚོ་བའི་ཁྲོད་ཀྱི་མི་དག་རྒྱུན་པར་རིག་གནས་ཀྱི་མཚན་ཉིད་ངེས་ཅན་ལྡན་པའི་མ་མཐའི་སྦྱོང་བརྡར་ཐོབ་ཀྱི་ཡོད་པར་མ་ཟད། རིག་གནས་ཀྱི་རྣམ་གཞག་ཅིག་གིས་གསོ་སྐྱོང་བྱས་པའི་མི་དེའི་འདུ་ཤེས་དེ་ཡང་གྲུབ་ཀྱི་ཡོད་པས། བྱ་གཞག་ཐམས་ཅད་འདི་འདྲ་ཞིག་ཡིན་དགོས་པ་དང་ཐམས་ཅད་འདི་འདྲ་ནང་བཞིན་བསམས་ཤིང་སྒྲུབ་དགོས་སོ། །

ཞིབ་འཇུག་པ་ཡང་མི་ཡིན་ཙང་རང་ཉིད་འཚར་ལོངས་འབྱུང་སའི་ཁོར་ཡུག་དེའི་རིག་གནས་ཀྱི་ཤུགས་རྐྱེན་དང་།  རིག་གནས་དེ་ལས་བསྐྱེད་པའི་དད་མོས་དང་དེ་ལས་འབུས་པའི་རིན་ཐང་།  རིན་ཐང་དེ་ལས་ཐོབ་པའི་ལག་ལེན་ནི་ཡུལ་དུས་གང་དུའང་འདོར་ཐབས་མེད་པས་ཞིབ་འཇུག་པའི་མིག་རྒྱང་དང་གནད་དོན། ཞིབ་འཇུག་གི་འདུན་མ་ཐམས་ཅད་འབྲེལ་ཡོད་ཀྱི་རྒྱུ་རྐྱེན་དག་ལས་ཐར་ས་ཡེ་ནས་མེད་དོ། །

ཞིབ་འཇུག་པར་ཐོབ་པའི་སློབ་གསོ་ཇི་འདྲ་བཟང་ཡང་མཇུག་མཐའི་བརྡར་ཤ་ནི་ཡུལ་དུས་མི་འདྲ་བའི་སློབ་གསོ་ལས་གྲུབ་པའི་རིན་ཐང་ལྟ་བ་དེས་ཐག་གཅོད་གནང་གིན་ཡོད་པ་རེད།དེ་བས་ཞིབ་འཇུག་གང་ཞིག་བྱེད་ཀྱང་ཐམས་ཅད་རིན་ཐང་གི་གཞི་རྩའི་བརྡར་གཅོད་དང་ཉམས་ལེན་ཀྱི་ཁྱབ་ཁོངས་སུ་འདུའོ། །

དེའི་ཕྱིར། སློབ་གསོའི་ཞིབ་འཇུག་ཁྲོད་ཞིབ་འཇུག་པ་དག་གིས་མི་ལ་རྒྱུས་ལོན་བྱེད་པ་དང་མིའི་རིགས་ལ་ལག་རྗེས་འཇོག་འདོད་ཀྱི་དམ་བཅའ་ནི་སློབ་གསོའི་རིན་ཐང་གི་ཤེས་བྱའི་ཆུ་ཚད་ལས་འབུར་དུ་ཐོན་པ་ཞིག་ཡིན། ཞིབ་འཇུག་པས་མིའི་རིགས་ཀྱི་དཔལ་ཡོན་ཅི་མཆིས་ཀྱི་གྲུབ་འབྲས་བདག་གེར་བཞེས་ཁག་ནའང་། གང་ནུས་ཅི་ཐུབ་ཀྱིས་འཚོ་བའི་ཁྲོད་ཀྱི་མི་ཚང་མར་ཚད་གཞི་ཆེན་པོའི་སྒོ་ནས་མིའི་རིགས་ཀྱི་དཔལ་ཡོན་གྲུབ་འབྲས་ལོངས་སུ་སྤྱོད་དུ་དགོས་པར་མ་ཟད། ཁམས་ཆེན་པོ་འདིར་མིའི་རིགས་འཆམ་འཐུན་ངང་གནས་ཐུབ་པར་བསམ་གཞིགས་དང་ཞིབ་འཇུག་བྱ་དགོས།

གཉིས། ཞིབ་འཇུག་པའི་དམིགས་ཡུལ་དང་འཚོལ་སྙེག་གིས་ཞིབ་འཇུག་ལ་ཐེབས་པའི་ཐད་ཀའི་ཤུགས་རྐྱེན།

ཞིབ་འཇུག་པའི་ཞིབ་འཇུག་དམིགས་ཡུལ་དང་མཐར་ཐུག་གི་བསྙེག་བྱ་ཡང་རིན་ཐང་བརྡར་གཅོད་ཀྱི་ཤུགས་རྐྱེན་འོག་ཐོན་པ་ཞིག་ཡིན་པས། དེ་ནི་རིག་གནས་རང་སྟེང་གི་རིན་ཐང་སྟངས་འཛིན་ལས་བྱུང་ཞིང་དེ་ཡང་མངོན་གསལ་རང་བཞིན་ཞིག་ཡིན་པར་མ་ཟད་ལྐོག་གྱུར་དང་སྣང་བ་མེད་པ་ཞིག་ཀྱང་ཡིན།  འོན་ཀྱང་དེའི་དམིགས་འབེན་ནི་ནམ་ཞར་རང་ཉིད་ལ་འཚམ་པའི་རིག་གནས་རིན་ཐང་གི་ཕྱོགས་སུ་འཁོར་ཡོད་པས། འདི་ནི་ཞིབ་འཇུག་བྱ་ཡུལ་ལ་ཡོད་པའི་རིན་གནས་རིན་ཐང་དབར་གྲུབ་པའི་འགལ་བ་དང་གཞི་མཐུན་གཏན་ནས་མེད། མི་མཐུན་པ་འདི་དག་ཐག་གཅོད་དུས་ཞིབ་འཇུག་པ་རང་ཉིད་ཀྱི་རིན་ཐང་གི་ཚད་དང་། ཡང་ན། ཞིང་འཇུག་བྱ་ཡུལ་གྱི་རིན་ཐང་དེ་གནམ་ཐིག་ཏུ་འཛིན་པ་ནི་འདྲ་མཉམ་མིན་པའི་ལས་ཀྱིས་གྲས་སུ་འགྲོ་ཞིང་། སྤྱི་སྙོམས་ཀྱི་སླད་དུ་ཞིབ་འཇུག་པས་ངེས་པར་དུ་རང་ཉིད་ཀྱི་རིན་ཐང་དེ་སྦེད་གང་ཐུབ་བྱ་དགོས་ཤིང་། བློ་གཤོག་ཡངས་པོའི་སྒོ་ནས་མིའི་རིགས་ཀྱི་བརྩེ་བར་སིམ་པའི་རིན་ཐང་ལ་རྒྱུས་ལོན་དང་ཁོང་དུ་ཆུད་པར་བྱས་ནས་རིན་ཐང་གང་དེས་མིའི་རིགས་ལ་ཕྱོགས་སྟོན་བྱ་དགོས། དེ་བས་རང་རང་གི་ཞིབ་འཇུག་རིམ་པ་ནི་མིའི་རིགས་ཀྱི་ཁྱད་འཕགས་ཀྱི་རིན་ཐང་དེར་རྒྱུས་ལོན་དང་ཁོང་དུ་ཆུད་པར་བྱེད་པའི་འཚར་ལོངས་ཀྱི་ལམ་རིམ་ཞིག་ཡིན།

གསུམ། ཞིབ་འཇུག་པའི་བྱ་བའི་མཐོང་སྣེས་ཞིབ་འཇུག་ལ་སྟངས་འཛིན་ཐེབས་པ།

ཞིབ་འཇུག་པའི་མཐོང་སྣེས་ནམ་ཞར་ཞིབ་འཇུག་པ་རང་གིས་ཁོང་དུ་ཆུད་པའི་རིག་ཚན་ཤེས་བྱར་སྟངས་འཛིན་ཐེབས། རང་བྱུང་ཚན་རིག་གི་ཞིབ་འཇུག་མི་སྣས་རང་བྱུང་ཚན་རིག་གི་བྱ་ཐབས་སྤྱད་དེ་ཞིབ་འཇུག་བྱ་ཡུལ་ལ་ཞིབ་ལྟ་བྱེད་པ་དང་། ཞིབ་འཇུག་བྱ་ཡུལ་དེ་ཕྱི་རོལ་ཡུལ་གྱི་གཞི་གྲུབ་མཚན་ཉིད་པ་ཞིག་ཏུ་ལྟོས་ཏེ་སྤྱི་འགྲོས་དང་གཞི་གྲངས་ཀྱི་ལམ་ནས་གསལ་བྱེད་དང་སྤྱི་སྡོམ་བྱེད་པ་ཡིན།  སློབ་གསོའི་ཞིབ་འཇུག་ཁྲོད་རང་བྱུང་ཚན་རིག་གི་ཐབས་ལམ་རེ་གཉིས་བསྟེན་པ་ནི་སྨོས་མ་དགོས་པ་ཞིག་སྟེ། དཔེར་ན། སྤྱི་སྡོམ་དང་ཚད་འཇལ་སོགས་ལྟ་བུའོ། །འོན་ཀྱང་ཐབས་ལམ་འདི་དག་ཞིབ་འཇུག་པས་མི་ལ་རྒྱུས་ལོན་བྱེད་པའི་ཆུ་ཚད་ཀྱི་སྟེང་ནས་བཀོལ་བ་རེད་མ་གཏོགས། ཞིབ་འཇུག་པའི་མི་གཞིའི་བྱང་ཚད་དང་ཤེས་བྱའི་ཆུ་ཚད་ཀྱི་མཐོ་དམས་རང་བྱུང་ཚན་རིག་ཞིབ་འཇུག་གི་ཐབས་ལམ་དེ་འོས་འཚམ་ངང་བདམས་གསེས་དང་བཀོལ་སྤྱོད་བྱེད་པར་ཐག་གཅོད་ཀྱི་རང་བཞིན་ལྡན།

ཞིབ་འཇུག་པས་རྩོམ་རིག་དང་མཛེས་དཔྱོད་རིག་པའི་ཁྲོད་ནས་མིའི་རིགས་ཀྱིས་རང་ཉིད་ལ་བཤུན་བརྡར་ཇི་འདྲ་ཞིག་བྱས་ཡོད་པར་རྒྱུས་ལོན་དང་མིའི་རིགས་རང་སྟེང་གི་འཚོལ་སྙེག་དང་རེ་བཞག  མིས་ཕུན་ཚོགས་ལ་བཅངས་པའི་ངེས་ཤེས་དང་འཚོལ་སྙེག་ལ་རྒྱུས་ལོན་བྱ་དགོས་ཤིང་། བྱུང་བ་རིག་པའི་ཁྲོད་ནས་མིའི་རིགས་ཀྱི་གཏམ་རྒྱུད་ལ་རྒྱུས་ལོན་དང་མིའི་རིགས་རང་སྟེང་གི་ནོར་འཁྲུལ་དང་བར་ཆད་ལ་ཤེས་རྟོགས་བྱེད་ཐུབ། མིའི་གཉོམ་སོ་དང་གོལ་ཁར་དབྱེ་ཞིབ། སྤྱི་སྡོམ་བྱས་པ་བརྒྱུད་ནས་མིའི་མཐར་ཐུག་གི་རིན་ཐང་དེར་ཤེས་རྟོགས་བྱེད་ངེས།

དེ་བཞིན་དུ།  སློབ་གསོ་ཚན་རིག་ཞིབ་འཇུག་པའི་མི་ཆོས་བྱང་ཚད་ནི་དེའི་ཞིབ་འཇུག་གི་རྨང་གཞི་དང་ཞིབ་འཇུག་གི་ཐོག་མཐའ་བར་གསུམ་དུ་འབྲེལ་བ་ཡོད་པ་ཞིག་ཡིན་པས། དེས་མངོན་ལྐོག་གཉིས་ཀྱི་སྒོ་ནས་ཞིབ་འཇུག་པས་ཞིབ་འཇུག་བྱ་ཡུལ་རྟོགས་བཟོ་དང་གཏན་འཁེལ་བྱས་ཏེ་ཞིབ་འཇུག་ཐབས་ལམ་འདེམས་གསེས་གནང་བར་སྟངས་འཛིན་བྱེད་པར་མ་ཟད།  ཞིབ་འཇུག་གི་འབྲས་བུ་དང་ཚན་རིག་གི་རིན་ཐང་ཡང་ཐག་གཅོད་བྱེད་ཀྱིན་ཡོད་པ་རེད།

གཉིས་པ། སློབ་གསོ་ཞིབ་འཇུག་པའི་འོས་འགན།

སློབ་གསོ་ནི་མིའི་རིགས་ཀྱི་ཚེ་ཡི་འདུ་བྱེད་དང་། མིའི་རིགས་འཚོ་གནས་བྱེད་པར་མ་ཟད་རང་ཉིད་ཀྱི་ཐན་ཀོར་ཡར་རྒྱས་གཏོང་བའི་བྱ་འགུལ་ཞིག་ཡིན།

ངོ་བོ་འདིས་སློབ་གསོའི་ཞིབ་འཇུག་དེ་མིའི་རིགས་ཀྱི་འཚོ་བའི་གནས་དང་རིམ་པ། ཟུར་མང་པོར་ཁྱབ་ཅིང་ཐག་གཅོད་ཀྱི་ནུས་པ་ཐོན་གྱི་ཡོད་པ་ཞིག་ཡིན་པས། ཞིབ་འཇུག་པ་གང་དེའི་རིག་ཚན་རྐྱང་བའི་ངོས་ཀྱི་གྲུབ་འབྲས་དེ་ཚད་ངེས་ཅན་ཞིག་ཏུ་བསླེབ་པར་རེ་བ་འཛིན་གྱི་ཡོད་པ་རེད།ཚད་ཐིག་འདི་ནི་ཞིབ་འཇུག་གི་ཐབས་ཤེས་སྤྱིར་བཏང་བ་དང་སྔོན་མའི་གཞུང་ལུགས་ལ་རྒྱུས་ལོན་བྱེད་སྤྱད་ཅིག་ཡིན་པར་མ་ཟད། མིའི་རིགས་ལ་འགན་འཁྲིའི་བརྩེ་བ་སྦྱིན་པ་ནི་དེ་ལས་ཀྱང་གལ་ཆེན་ཞིག་ཏུ་གྲུབ།

 སློབ་གསོ་ཞིབ་འཇུག་པའི་དམིགས་ཡུལ་ནི་མི་ལ་བཟུང་བའི་བརྩེ་བ་དང་འགན་འཁྲི་ལས་བྱུང་པ་ཞིག་ཡིན།  

ཞིབ་འཇུག་པ་སོ་སོས་རང་ཉིད་ཀྱི་དམིགས་ཡུལ་ལྟར་ཞིབ་འཇུག་གི་ལས་ཀ་སྒྲུབ་ཀྱིན་ཡོད་པས་མི་རྣམས་ཀྱིས་གནད་དོན་འདི་གཞི་ནས་རྟོགས་ཡོད་པ་རེད།དེར་མ་ཟད་ཐབས་ལམ་སྣ་ཚོགས་ཀྱི་སྒོ་ནས་ཞིབ་འཇུག་པ་རང་ཉིད་ཀྱི་དམིགས་ཡུལ་ཆུང་ངུ་དེས་དམིགས་ཡུལ་ཆེ་བ་དེར་སྟངས་འཛིན་དང་བར་ཆད་བྱེད་པར་གཡོལ་ཐབས་བྱ་ངེས་ཀྱང་། དོན་དངོས་ཐོག  ཞིབ་འཇུག་པས་དམིགས་ཡུལ་ཆུང་ངུ་དེ་ཅམ་གྱིས་འཇོག་པ་ནི་གཏན་ནས་མི་སྲིད་པ་ཞིག་ཡིན་པས། རྩོམ་པ་པོའི་ངོས་ནས་ཞིབ་འཇུག་པས་ཚད་གཞི་མཐོན་པོའི་སྒོ་ནས་མིའི་ཚེ་སྲོག་དང་ཁྱད་འཕགས་རང་བཞིན་ལ་རྒྱུས་ལོན་བྱེད་པ་ནི་མཐར་ཐུག་གི་དམིགས་ཡུལ་ཡིན་ཞིང་།  མིའི་གཉོམ་སོར་རྒྱུས་ལོན་དང་རང་ཉིད་ཀྱི་གཉོམ་སོར་རྒྱུས་ལོན་བྱས་ཚེ་གཞི་ནས་སློབ་གསོའི་དད་འདུན་བླ་ན་མེད་པ་ཞིག་གཟུག་ཐུབ།

མི་ཡག་པོ་ཞིག་བྱེད་པ་ནི་ཞིབ་འཇུག་པ་དེ་སློབ་གསོའི་ཚན་རིག་པ་ཞིག་ཏུ་འགྱུར་བའི་རྨང་གཞི་ཡིན།  

སློབ་གསོའི་ཞིབ་འཇུག་པ་གང་དེ་མི་གཞི་ཡག་པོ་ཞིག་དང་མི་གཞན་ལ་རྒྱུས་ལོན་བྱེད་མཁན་ཞིག་ཡིན་དགོས་ཤིང་།  ཁོར་ཡུག་མི་འདྲ་བར་འཚོ་བཞེས་བྱས་པའི་མིའི་འཚོ་གནས་ལ་རྒྱས་ལོན་དང་སྐྱེ་དངོས་ཀྱི་ཕྲེང་ཐག་གཅིག་ཏུ་བརྒྱུས་པའི་མིའི་གོ་བབ་ལ་རྒྱུས་ལོན། སྤྱི་ཚོགས་དང་མི་སྒེར། མིའི་བསམ་བློ་དང་དཔལ་ཡོན་ལ་རྒྱུས་ལོན་བྱེད་པ་ནས་སྲོལ་རྒྱུན་དང་འབྱུང་འགྱུར། ཁེ་དབང་དང་འདྲ་མཉམ། གྲགས་རྙེད་དང་བདེ་ཐང་ལ་བཅས་ལ་རྒྱུས་ལོན་བྱ་དགོས།  མིའི་རིགས་ཀྱི་དཔལ་ཡོན་བྱིངས་ཀྱི་རྨང་གཞིའི་སྟེང་གྲུབ་པའི་མི་བཟོ་སྟངས་ཀྱི་སློབ་གསོའི་ཚན་རིག་པ་དེ་ད་གཟོད་ཞིབ་འཇུག་དང་གྲུབ་འབྲས། ང་ཚོའི་ཞིབ་འཇུག་དེ་མི་ལ་རྒྱུས་ལོན་བྱེད་པའི་རྨང་གཞིའི་སྟེང་བཙུགས་ན་རེད་མ་གཏོགས་མི་ལ་མི་བསྟུན་པའི་ཞིབ་འཇུག་ལ་གྲུབ་འབྲས་བཟང་པོ་ཞིག་ཡེ་ནས་མེད་དོ། །

ཞིབ་འཇུག་པས་སྔོན་ནས་གྲུབ་པའི་གཞུང་ལུགས་ཀྱི་སྟེང་དུ་མི་ལ་རྒྱུས་ལོན་བྱེད་པ་དེ་གོང་མཐོར་གཏང་དགོས།  

ཞིབ་འཇུག་པའི་སློབ་སྦྱོང་གི་བརྒྱུད་རིམ་ནི་རང་གི་གཉུག་མའི་གཤིས་ཀ་དེ་གསོ་སྐྱོང་དང་མི་སྐྱོང་སྟངས་ཀྱི་ཆུ་ཚད་མཐོར་འདེགས་བཏང་སྟེ། རང་གི་གདོད་མའི་མི་གཤིས་རྒྱུས་ལོན་ལ་བརྟག་དཔྱད་དང་མཐོར་འདེགས་གཏོང་དགོས་ཤིང་། སློང་སྦྱོང་གི་བརྒྱུད་རིམ་དེ་ནི་རང་གི་མིག་རྒྱང་བསྲིངས་པ། སྔོན་རབས་པ་དང་གཞན་གྱི་ཞིབ་འཇུག་གི་ཁྱབ་ཁོངས་དང་དམིགས་ཡུལ། ཞིབ་འཇུག་གི་གནད་དོན། ཞིབ་འཇུག་གྲུབ་འབྲས་བཅས་ལ་རྒྱུས་ལན་བྱེད་པའི་བརྒྱུད་རིམ་ཞིག་ཡིན་པར་མ་ཟད། བརྒྱུད་རིམ་འདི་ནི་སློབ་སྦྱོང་བྱེད་མཁན་དང་སྔོན་རབས་པ། ད་དུང་མི་གཞན་དག་དང་བསམ་བློ་བརྗེ་རེས་བྱེད་པའི་རིམ་པ་ཞིག་ཀྱང་ཡིན། དེ་ལྟར་ཡིན་པས་རང་ཉིད་ཀྱི་དོན་སྤྱི་དང་སྤྱི་བའི་དོན་སྤྱི་ཕན་ཚུན་སྦྲེལ་ན་ད་གཟོད་རང་གཞན་གཉི་ཀ་གྲོས་བསྡུར་གྱིས་མཉམ་གནས་ཐུབ་པ་ཞིག་རེད།

དེར་མ་ཟད། སློབ་སྦྱོང་བྱས་པ་བརྒྱུད་ནས་ཞིབ་འཇུག་པས་སྔོན་རབས་པ་དང་མི་གཞན་གྱི་ཞིབ་འཇུག་ཐབས་ལམ་ལ་རྒྱུས་ལོན་བྱེད་པར་མ་ཟད། འདི་དག་ལས་ཐོབ་པའི་བྱེ་བྲག་གི་བྱ་ཐབས་དེའི་ཕག་ཏུ་ཡིབ་པའི་བསམ་བློའི་མཛུབ་སྟོན་དེ་ཉམས་ལེན་བྱ་ངེས་པ་དང་། རང་ཉིད་ཀྱི་བསམ་བློའི་བྱ་ཐབས་ལ་གཤིབ་བསྡུར་བགྱིས་ཏེ་བདག་ཉིད་ཕུན་སུམ་ཇེ་ཚོགས་སུ་གཏོང་པ་དང་། རང་ཉིད་ཀྱི་ཞིབ་འཇུག་ལ་ཆེད་ལས་ཀྱི་བྱེད་ཐབས་ལྟར་འཚོལ་ཞིབ་བྱས་ཏེ་རང་ཉིད་ཀྱི་ཞིབ་འཇུག་དེ་ཉིད་རྒྱ་བསྐྱེད་བྱ་ངེས་པས། བརྒྱུད་རིམ་འདི་ནི་ཞིབ་འཇུག་པ་རང་ཉིད་ཀྱི་བདག་ཉིད་གསོ་སྐྱོང་བྱེད་པའི་དཀའ་ཁག་ཆེ་བའི་གོ་རིམ་ཞིག་ཡིན་པར་མ་ཟད། གོམ་གང་མདུན་སྤོས་ཀྱིས་རང་གཞན་གཉིས་དང་སྔོན་རབས་པའི་བསམ་བློར་བརྡར་གཅོད་བྱེད་པའི་རིམ་པ་ཞིག་ཀྱང་ཡིན།

དེར་མཐུན། དངོས་ཡོད་ཁྲོད་ཀྱི་ཞིབ་འཇུག་པས་སྔོན་རབས་པ་དང་གཞན་གྱི་ཞིབ་འཇུག་གྲུབ་འབྲས་སོགས་ལུང་འདྲེན་བྱས་ཏེ་རང་ཉིད་ཀྱི་ཞིབ་འཇུག་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། གཞན་གྱི་སྐད་ཆ་གཡར་ཏེ་རང་ཉིད་ཀྱི་གཞུང་ལུགས་དང་བསམ་བློ་ཕྱིར་མཚོན་པས་མི་ཚད། ཀློག་པ་པོར་གཞན་གྱི་ཞིབ་འཇུག་གི་ཕག་ཏུ་ཡིབ་པའི་བསམ་བློའི་རྨང་གཞིར་རྒྱུས་ལོན་བྱེད་པར་སྟབས་བདེ་བསྐྲུན་པ་རེད།  འོན་ཀྱང་ངེས་དགོས་པ་གཞན་ཞིག་ནི།  ཞིབ་འཇུག་པས་མི་སྣ་རླབས་ཆེན་དང་མིང་གྲགས་ཅན་གྱི་སྐད་ཆ་འབའ་ཞིག་ལུང་འདྲེན་པར་བྱེད་མོད།  དོན་ལ་དེ་ནི་ཞིབ་འཇུག་པ་རང་ཉིད་ཀྱི་བསམ་ཚུལ་མཚོན་བྱེད་རྐྱང་ཞིག་ཡིན།  ལུང་འདྲེན་འདི་དག་ནི་རྒྱུ་ཆ་ར་སྤྲོད་དང་ཞིབ་འཇུག་པ་རང་ཉིད་ཀྱི་བསམ་ཚུལ་གྲུབ་པའི་བརྒྱུད་རིམ་དེ་ཡིན་པས། འདིས་ཞིབ་འཇུག་དེ་ནི་ལུང་འདྲེན་བྱེད་མཁན་ལ་མ་གཞི་ནས་ཡོད་པའི་ཞིབ་འཇུག་གི་རྨང་གཞི་དེ་ཡིན་པ་གསལ་བཤད་བྱེད་མི་ཐུབ་པར་མ་ཟད། ཞིབ་འཇུག་པ་རང་ཉིད་གཞན་དེ་ཉིད་ལས་ཡོངས་སུ་བརྒལ་བའམ་ཁྱད་དུ་འཕགས་པ་ཡང་མཚོན་མི་ཐུབ།  དེ་མཚུངས། ཞིབ་འཇུག་པར་རང་ཉིད་ཀྱི་བསམ་ཚུལ་དང་ཞིབ་འཇུག་དམིགས་ཡུལ་གྱི་སྐུལ་མ་ཡང་ཐེབས་པ་རེད། སྔོན་རབས་པའམ་གཞན་གྱི་སྐད་པ་ལུང་འདྲེན་བྱེད་སྐབས་གཡོལ་ཐབས་མེད་པའི་གོལ་ལམ་ཞིག་ཡོད་པ་ནི་ལུང་ཚིག་ལོག་འདྲེན་བྱེད་པ་དེའོ། །

དེ་བས། སློབ་གསོ་ཚན་རིག་ལ་ཞིབ་འཇུག་བྱེད་སྐབས།  ཞིབ་འཇུག་དེའི་ཆུ་ཚད་མཐོ་དམན་ནི་ཞིབ་འཇུག་པ་དེས་མི་སྣ་གྲགས་ཅན་ནམ་གལ་ཆེན་རིགས་ཀྱི་སྐད་ཆ་ལུང་དུ་དྲངས་ཡོད་པ་དེ་མ་ཡིན་པར། ཞིབ་འཇུག་པ་རང་ཉིད་ཀྱི་བསམ་བློའི་ཆུ་ཚད་མངོན་སྟངས་དང་། ཞིབ་འཇུག་པ་གང་དེས་མིར་རྒྱུས་བླངས་པའི་ཆུ་ཚད། མི་གཤིས་རྒྱུས་ལོན་གྱི་ཆུ་ཚད། མིའི་དགེ་སྡིག་གི་བློར་རྒྱུས་ལོན་བྱས་པའི་ཆུ་ཚད། མིའི་རིགས་ཀྱི་བརྩེ་བ་དང་བརྩེ་བ་འདི་ཉིད་ཇི་ལྟར་བྱས་ཏེ་མངོན་འགྱུར་བྱེད་པའི་ཐབས་ལ་རྒྱུས་ལོན་བྱེད་པའི་མངོན་སྟངས་ཤིག་ཡིན།

མདོར་ན། ཞིབ་འཇུག་གི་བྱ་གཞག་གང་ཡིན་ཡང་དེ་ཐམས་ཅད་ཀྱིས་ཞིབ་འཇུག་པ་དེས་མིའི་རིགས་ཀྱི་དད་སེམས་དང་དེའི་འགན་འཁྲིའི་ངོས་འཛིན་དང་ལག་ལེན་གྱི་ཆུ་ཚད་མངོན་གྱི་ཡོད་པ་རེད།

སློབ་གསོ་ཞིབ་འཇུག་ལས་བདམས་ཏེ་བསྒྱུར།

བསྒྱུར་པ་པོ། བློན་འབར།

2019.03.15ནས05.08ཉིན་གྲུབ། 

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།