ཀྲུང་གོ་བོད་ཀྱི་དྲ་བ།

ཐུའུ་ཡིའུ་ཡིའུ། རྩྭ་ཕྲན་ཞིག་གིས་འཛམ་གླིང་བསྒྱུར་ཚུལ།

ཡོང་ཁུངས། : 2019ལོའི《མི་རིགས་ཀྱི་རྩོམ་རིག》དེབ་དང་པོའི་སྟེང་བཀོད།   རྩོམ་པ་པོ། : ཝང་ཅན་ཀྲུའུ་ཡིས་བརྩམས།བསམ་གྲུབ་ཀྱིས་བསྒྱུར།(མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན།)   སྤེལ་དུས། : 2019-05-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཁོ་མོས་རི་ཐང་གི་མཚམས་ནས་རྩྭ་ཕྲན་ཞིག་གི་རྗེས་སུ་བསྙེགས་ཏེ། ལམ་སྐབས་ཧྲིལ་པོར་འཚུབ་ཆ་མེད་པར་ཁུ་སིམ་ངང་ནས་འབད་འབུངས་བྱས་པར་བརྟེན། རྩྭ་ཕྲན་གྲུང་པོ་འཇིབ་ཤུགས་ཆེ་ལ་སྲ་ཞིང་བརྟན་པ་ཞིག་གིས་འདར་ནད་ཟེར་བའི་མྱུར་མཆེད་འགོ་ནད་ལྕི་མོ་ཞིག་གིས་སྡུག་ལ་སྦྱར་བའི་འཛམ་བུ་གླིང་ཉིད་བཅོས་སྒྱུར་བྱས།

ལོ་ན86ཏུ་སོན་པའི་ཐུའུ་ཡིའུ་ཡིའུ་ལགས་ཀྱིས་གསར་སྐྲུན་རང་བཞིན་གྱི་སྒོ་ནས་འདར་འགོག་སྨན་རྫས་འཁན་སྔོན་རྩི(青蒿素)ཞེས་པ་གསར་རྙེད་དང་འདོན་སྦྱང་བྱས་པས། 2016ལོའི་ཀྲུང་གོའི་རྒྱལ་ཁབ་ཀྱི་ཆེས་མཐོའི་ཚན་རིག་ལག་རྩལ་བྱ་དགའ་ཕྲོགས་ནས་ལོ་རྒྱུས་ཐོག་མཚན་སྙན་འདི་ཐོབ་པའི་བུད་མེད་ཚན་རིག་པ་ཐོག་མ་རུ་གྱུར། ཟླ་དང་པོའི་ཚེས9ཉིན་གྱི་སྔ་དྲོར། ཐུའུ་ཡིའུ་ཡིའུ་ལགས་མི་དམངས་ཚོགས་ཆེན་ཁང་དུ་གོམ་ཁ་དལ་གྱིས་སྤོས་ནས་མདུན་དུ་ཕྱིན་ཏེ། སྤྱི་ཁྱབ་གཙོ་འཛིན་ཞི་ཅིན་ཕེང་གི་ལག་ནས་རྒྱལ་ཁབ་ཀྱི་ཆེས་མཐོའི་ཚན་རིག་བྱ་དགའི་དཔང་ཡིག་བླངས།

འདི་ནི་ཐུའུ་ཡིའུ་ཡིའུ་ལ་སྔ་ཕྱིར་དུ2011ལོར་ལ་སི་ཁེ་བྱ་དགའི(拉斯克奖)ནད་ཐོག་གསོ་རིག་བྱ་དགའ་གཟི་བརྗིད་ངང་ནས་ཐོབ་པ་དང་། 2015ལོར། ནོ་བྷེལ་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་བླངས་རྗེས་སུ་ཐོབ་པའི་ལྗིད་ཚད་རིམ་པའི་བྱ་དགའ་ཅིག་ཤོས་དེ་ཡིན།

སྨན་རྫས་འདི་ཉིད་བཀྲམ་ནས་ལོ་ངོ40འདས་པའི་རིང་། འཁན་སྔོན་རྩི་ཡིས་མི་ཁྲི་ཚོ་མང་པོ་ཞིག་གི་ཚེ་སྲོག་བསྐྱབས་ཡོད་ཅིང་། ཁོ་མོའི་དྲི་ཞིམ་རྩྭ་ལྗང་ལྟ་བུའི་སེམས་པ་ལ་དྲི་ངད་འཐུལ་བཞིན་ལོ་ཟླ་ཞག་སྦྲེལ་དུ་སོང་ན་ཡང་ཉམས་པ་མེད། ནོ་བྷེལ་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་ཐོབ་རྗེས། ཁོ་མོའི་སྐོར་གྱི་གསར་འགྱུར་གནམ་ས་བླ་འོག་བསྒྱུར་བ་ལྟར་འདུག་མོད། འོན་ཀྱང་། དོན་དངོས་སུ་ཁོ་མོ་མང་ཚོགས་ཀྱི་མཐོང་ལམ་དུ་བྱུང་བ་ཧ་ཅང་ཉུང་སྟེ་ཕྱི་ཕྱོགས་ཀྱིས་དོ་སྣང་བྱེད་པར་སྙིང་རུས་ཆེན་པོས“འགོག་རྒོལ”བྱས་ཡོད། ཁོ་མོའི་ཤེས་ཡོན་དང་། ཀུན་སྤྱོད། འཇིག་རྟེན་གྱི་མ་དང་ཆུང་མར་གྱུར་པའི་ངང་ཚུལ་དེ་ནི་དྲི་ཞིམ་གྱི་རྩྭ་ཕྲན་ཞེས་པའི་ཚིག་གིས་བརྗོད་ཆོག་གོ། །

ལོ39སྟེང་ཉེན་ཁའི་འགག་རྩར “523”ལས་གཞིའི་ལས་འགན་དང་དུ་བླངས་ནས་འདར་ནད་བཅོམ་པའི་དཀའ་སྡུག་གི་ལམ་དུ་བསྐྱོད་ཚུལ།

1930ལོའི་ལོ་སྨད་དུ། ཐུའུ་ཡིའུ་ཡིའུ་ལགས་ཀྲོའུ་ཅིང་ཉིན་པོ་རུ་སྐྱེས་ཤིང་། ཁོ་མོ་ནི་ཁྱིམ་དུ་བྱིས་པ་ལྔ་ཡོད་པ་ལས་བུད་མེད་གཅིག་པུ་དེ་ཡིན། ཁོ་མོའི་མིང་གི་འབྱུང་རྐྱེན་ནི《སྙན་ངག་གི་བསྟན་བཅོས•ཤེའུ》ཞེས་པའི་ཚིག་གྲུབ་གྲགས་ཅན“呦呦鹿鸣”ལས་འབྱུང་ཞིང་། དེའི་དོན་ནི་ཡུ་མོ་གྲགས་པ་ལ་འཇུག་གོ། །དེ་ལས་ཀྱང་གླེང་རྒྱུར་དགའ་བ་ཞིག་ལ“呦呦鹿鸣”ཞེས་པ་དེའི་ཚིག་ཕྱེད་ཕྱི་མར“食野之蒿”ཟེར་ཏེ། ཁོ་མོའི་མི་ཚེ་གང་བོའི་གྲུབ་འབྲས་ལ་འབྲེལ་ཡོད་པས། མི་རྣམས་ཀྱིས་ཐོའུ་ཡིའུ་ཡིའུ་ཡི་མིང་ལ་དེ་ལྟར་བཏགས་པ་ནས་བཟུང་ཁོ་མོའི་ལས་དབང་དེ་ངོ་མཚར་ཆེ་བའི་རྩྭ་ཕྲན་འདི་ལ་འབྲེལ་ཡོད་པར་ཧ་ལས་ནས་བསྟོད་བསྔགས་བྱས།

ཁོ་མོའི་མཐོ་འབྲིང་གི་སློབ་གྲོགས་ཁྲིན་ཞའོ་ཀྲུང་གིས་ཕྱིར་དྲན་བྱས་ཏེ་རྩོམ་པ་པོ་ལ་བཤད་རྒྱུར། ཐུའུ་ཡིའུ་ཡིའུ་ནི་འཛིན་གྲྭའི་ནང་ཁ་གྲགས་རྒྱུར་ཆེར་མི་དགའ་ཞིང་སློབ་ཁྲིད་མཇུག་རྫོགས་མ་ཐག་ཡུལ་ལ་ལོག་འགྲོ། སྦྱངས་འབྲས་ཀྱང“འབྲིང་གི་རབ་ཙམ”ཡིན་པ་ལས་རྩེར་སོན་ཅིག་གཏན་ནས་མིན་ཟེར།

“རྩེར་སོན་སློབ་མ”ཞིག་ཏུ་མི་བརྩི་ན་ཡང་། ཁོ་མོའི་སློབ་སྲོལ་བརྟན་པོ་ཡིན་ཏེ། 1951ལོར་པེ་ཅིང་གསོ་རིག་སློབ་གླིང(ཕྱིས་སུ་མིང་དེ་པེ་ཅིན་གསོ་རིག་ཚན་ཁག་སློབ་ཆེན་ཞེས་པར་བསྒྱུར་ཅིང་། ད་ལྟའི་པེ་ཅིན་སློབ་གྲྭ་ཆེན་མོའི་གསོ་རིག་པུའུ་ཡིན།)གི་སྨན་རྫས་རིག་པའི་སྡེ་ཁག་ཏུ་རྒྱུགས་འཕྲོད་ཅིང་། སློབ་མཐར་ཕྱིན་རྗེས་ཁོ་མོ་འཕྲོད་བསྟེན་པུའུ་ཀྲུང་ལུགས་ཞིབ་འཇུག་གླིང་ཀྲུང་སྨན་ཞིབ་འཇུག་སུའུ་རུ་བྱ་བ་ལས་བགོས་བྱས་པས། འདི་གར་ཕྱག་ལས་གནང་མགོ་བརྩམས་པ་ནས་མི་ཚེ་གང་བོ་འདས།

ཐུའུ་ཡིའུ་ཡིའུ་ཡིས་དམན་ས་བཟུང་སྟེ། ནོ་བྷེལ་བྱ་དགའ་ཐོབ་པའི་ཕྱིས་སུའང་འཕྲིན་ལམ་ཁག་གི་བཅར་འདྲི་དང་ལེན་བྱེད་དུས་ཧ་ཅང་ཉུང་། མི་ཕལ་བའི་སྣང་ངོར་ཁོ་མོ་ནི་མི་ལྐོག་ཏུ་གྱུར་པ་ཞིག་ཡིན་ལ། ད་དུང་མི་ལ་ཤས་ཀྱིས་བུད་མེད་ཚན་རིག་པ་འདི་ཉིད“འཇིག་རྟེན་ལས་འདས་པ་ཞིག་ཡིན་མིན”ལའང་ཚོད་དཔོག་བྱས་མྱོང་།  གྲོགས་མཆེད་དག་གི་བསམ་པར་ཐུའུ་ཡིའུ་ཡིའུ་ནི“ཧབ་བེ་ཧོབ་བེ”(ཡང་ན་ཐབས་ཆག་སླ་བཅོས་ལ་དགའ་བ་ཞིག)ཡི་ཉམས་ཧ་ཅང་ཐོན་པ་ཞིག་ཡིན་ཏེ། སྐད་ཆ་འདི་ཁྱིམ་མཚེས་ཀྱི་ཨ་ནེ་རྒན་མོ་དེ་རྗོད་བཞིན་པ་དང་འདྲའོ། །ཁྲིན་ཞའོ་ཀྲུང་གིས་ཕྱིར་དྲན་བྱས་ནས་བཤད་རྒྱུར། “ཐུའུ་ཡིའུ་ཡིའུ་ནི་འཚོ་བའི་ཁྲོད་གཤིས་ཀ་གྱོང་པོ་ཅན་ཞིག་སྟེ་རང་ཉིད་ལ་ལྟ་རྟོག་བྱེད་རྒྱུ་ཆེར་མི་ཤེས་པར་སེམས་ཤུགས་ཡོད་ཚད་བྱ་བའི་ཐད་འདོན་པ་ཞིག་ཡིན། ཐེངས་ཤིག་ལ། ཁོ་མོའི་ཐོབ་ཐང་དཔང་ཡིག་རྙེད་རྒྱུ་མ་བྱུང་སྟེ་ང་ལ་བཙལ་དུ་བཅུག་པས། ངས་ཁོ་མོའི་སྒམ་གྱི་ཁ་ཕྱེས་པ་ན། དངོས་པོ་དག་བཞག་པ་རྙོག་འཁྲུལ་ལུང་པ་གང་རེད་འདུག་ཅིང་། སྤྱིར་བཏང་གི་བུད་མེད་ཅིག་དང་མི་འདྲ་བར་འཐུས་ཚང་བྱུང་བ་ཞིག་ལེགས་སྒྲིག་བྱས་མེད་པས། སློབ་གྲོགས་ཚོས་དེ་མཐོང་རྗེས་ཁོ་མོར་འཕྱ་དགོད་བྱེད། ཁོ་མོས་ཁྱིམ་ལས་བཟང་པོ་ཞིག་སྒྲུབ་མི་ཤེས་ལ་གཉེན་སྒྲིག་བྱས་རྗེས་སྔོ་ཚོད་དང་དངོས་པོ་ཙག་ཙིག་ཉོ་བ་སོགས་ཀྱི་ལས་ཀ་དེ་རིགས་ཚང་མ་ཁྱོ་གས་སྒྲུབ་དགོས་འདུག”ཟེར།

སྨན་རྫས་རིག་པའི་ཆེད་ལས་ཀྱི་སློབ་མ་ཞིག་ཡིན་པའི་ཆ་ནས། ཐུའུ་ཡིའུ་ཡིའུ་ལགས་པེ་ཅིན་གསོ་རིག་སློབ་གླིང་དུ་ཞུགས་པའི་སྐབས་ནས་བཟུང་རྩི་ཤིང་སོགས་རང་བྱུང་གི་སྨན་རྫས་ཞིབ་འཇུག་གསར་སྤེལ་དང་ཉེར་སྤྱོད་བྱེད་པར་ཞེན་ཆགས་ལྷོད་པ་མེད་པ་ཞིག་སྐྱེས་ཡོད། 1955ལོར། ཀྲུང་ལུགས་ཚན་རིག་སློབ་གླིང་དུ་ཞུགས་རྗེས་ལོ་གཉིས་དང་ཕྱེད་ཀའི་དུས་ཡུན་གྱི“ནུབ་ལུགས་གསོ་རིག་གི་རང་འགན་འཇོག་པའི་གསོ་སྦྱོང་ཀྲུང་ལུགས་འཛིན་གྲྭར”ཞུགས་ཤིང་། ཁོ་མོ་ཕ་ལམ་ཤར་སྒོ་ཆེན་མོའི(东直门)ཉེ་འདབས་ཀྱི་ཐོག་ཁང་ཆུང་བ་དེ་དང་དུས་ཡུན་རིང་པོ་ཞིག་ལ་ཁ་འབྲལ་མྱོང་མེད།

1969ལོར། ཐུའུ་ཡིའུ་ཡིའུ་བཞུགས་པའི་ཀྲུང་ལུགས་ཞིབ་འཇུག་གླིང་དུ“ཀྲུང་ལུགས་རྩྭ་སྨན་གྱིས་འདར་ནད་འགོག་པ”ཞིབ་འཇུག་དང་གསར་སྤེལ་བྱ་དགོས་པའི་ལས་འགན་ཞིག་འབྱོར་ཞིང་། དེ་ནི་དམིགས་བསལ་གྱི་ལོ་རབས་ཤིག་གི་དགོས་འདུན་དམིགས་བསལ་བ་ཞིག་སྟེ་སྐབས་དེར་ཏག་ཏག་ཡེ་ནན་དམག་འཁྲུག(越南战争)གི་སྐབས་ལ་ཁེལ་ཡོད་ལ། འདར་ནད་དེ་འཛེམ་བག་མེད་པར་གང་འདོད་དུ་བྱུང་། སྐབས་དེར། འདར་ནད་འབྱུང་རྐྱེན་གྱི་ཞོར་སྐྱེས་སྲིན་འབུ་སྟེ་འདར་ནད་འབུ་ཕྲ་ལ་རྒྱུན་སྤྱོད་ཀྱི་ཁེའུ་ཉིང(奎宁)རིགས་ཀྱི་སྨན་རྫས་ཀྱིས་ཕན་ནུས་ཐོན་མི་ཐུབ་པར་གྱུར་ཡོད་པས། འདི་ནི་འཛམ་གླིང་ཧྲིལ་པོས་གདོང་མི་གཏོད་ཀ་མེད་དུ་གྱུར་པ་དང་སེམས་ཁྲལ་བྱེད་དགོས་པའི་བསྒྲུབ་གཞི་ཆེན་མོ་ཞིག་སྟེ། ངེས་པར་དུ་འདར་འགོག་གསར་པའི་སྨན་རྫས་གསར་པ་ཞིག་གིས་སྨན་རྫས་རྙིང་པའི་སྨན་ནུས་མི་ཐོན་པར་གྱུར་པའི“མདུད་ནག”དེ་འགྲོལ་ཐུབ་པར་བྱ་དགོས། འདི་ལ་རྒྱལ་ཕྱི་ནང་ཀུན་ཏུ་ལས་ཀ་འབོར་ཆེན་ཞིག་བསྒྲུབས་མོད། འོན་ཀྱང་ཡིད་ཚིམ་པའི་གྲུབ་འབྲས་ཤིག་སུ་ལའང་མ་བྱུང་། འདར་ནད་འདིས་དཀའ་ཁག་ཆེན་པོ་བཟོས་པའི་པེ་དབྱང་སྲིད་གཞུང་ཡང་ཅི་བྱ་གཏོལ་མེད་དུ་གྱུར་ནས་ཀྲུང་གོས་རོགས་རམ་བྱ་དགོས་པའི་རེ་ཞུ་བཏོན། འདར་འགོག་གི་ཕན་ནུས་ཆེ་བའི་སྨན་རིགས་ཞིབ་འཇུག་བྱེད་ཐུབ་ཆེད། 1967ལོའི་ཟླ5པའི་ཚེས23ཉིན་རང་རྒྱལ་གྱིས་ཚབ་གྲངས“523”ཡིན་པའི་ཞིབ་འཇུག་གི་ལས་གཞི་སྒྲུབ་མགོ་བརྩམས་ཤིང་། རྒྱལ་ཡོངས་ཀྱི་ཚན་རྩལ་ནུས་ཤུགས་གཅིག་བསྡུས་བྱས་ཏེ་མཉམ་འབྲེལ་གྱིས་འདར་འགོག་སྨན་རྫས་གསར་པ་ཞིབ་འཇུག་དང་གསར་སྤེལ་བྱེད་བསམས།

ད་དུང“རིག་གསར”གྱི་སྐབས་ལ་ཁེལ་འདུག་ཕྱིར། འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཚན་རིག་པ་དང་ཞིབ་འཇུག་པ་ཕལ་མོ་ཆེ“ཟུར་དུ་ལངས་པའམ”ཡང་ན“སར་སྒྱེལ”བྱུང་། 1969ལོའི་ཟླ1པར། ཀྲུང་ལུགས་ཞིབ་འཇུག་གླིང་ཀྲུང་སྨན་ཞིབ་འཇུག་ཁང་དུ་ཕྱག་ལས་གནང་བཞིན་པའི་ཐུའུ་ཡིའུ་ཡིའུ་ལགས་ཉེན་ཁར་ཐུག་དུས་ལས་འགན་དང་ལེན་ཞུ་རུ་བཅུག་སྟེ། ཞིབ་འཇུག་ཁང་འདིའི་ལས་འགན་དུ་ཞུགས་པའི་ཚོ་ཆུང་གི་ཚོ་དཔོན་དུ་བསྐོས་ཤིང་། སྐབས་དེར་ཁོ་མོ་ལོ39ཡིན།

ཀྲུང་གོའི་རྩ་སྨན་ནི་ཏག་ཏག་འདི་འདྲའི་རྒྱབ་ལྗོངས་འོག་སྒྲུབ་མགོ་བརྩམས་པ་ཞིག་ཡིན།

ཚོད་ལྟ་ཐེངས190བླངས་པ་ཕམ་ཁ་བྱུང་བས་ཁོ་མོས་ལས་གྲོགས་རྣམས་ཀྱི་སྣེ་ཁྲིད་ནས་ཚོད་ལྟའི་སྨན་རྫས་རང་ལུས་སུ་བཀོལ་ཚུལ།

རྒྱ་ལུགས་གསོ་རིག་ཚན་རིག་ལ་ལོ་ངོ་དུ་མར་སིམ་པ་དང་ཞིབ་འཇུག་བྱས་པའི་ཁྲོད་ལས་རྩ་སྨན་ལ་འབྲེལ་བ་བྱེད་རྒྱུ་དེ་ཡང་གཡོལ་ཐབས་མེད། ཞིབ་འཇུག་གི་ཐོག་མའི་དུས་རིམ་སྐབས་སུ་ཐུའུ་ཡིའུ་ཡིའུ་ཡིས་འདར་ནད་ཀྱི་གསང་བའི་ནུས་ཐོན་བཅོས་ཐབས་རྐྱང་པ་འགའི་ཁྲོད་ནས། སྨན་རྫས་སྐོར་ཞིག་གཅིག་བསྡུས་ཀྱིས་ལེགས་འདེམས་བྱས་ཤིང་གཙོ་བོ་ན་ལེ་ཤམ་གཅིག་བསྡུས་བྱས་མོད། འོན་ཀྱང་། ན་ལེ་ཤམ་གྱི་ཕན་འབྲས་དེ་ཙམ་བཟང་རྒྱུ་མེད་པས་མཐར་ཁོ་ཚོས་དོར་བྱུང་། དེའི་ཕྱིས་སུ་ཐུའུ་ཡིའུ་ཡིའུ་དང་ལས་གྲོགས་རྣམས་ཀྱིས་ཡང་བསྐྱར་ཧྲང་ཧྭེ་ཀྲུང་ལུགས་གསོ་རིག་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་ཕྱོགས་བསྒྲིགས་བྱས་པའི《འདར་ནད་རྩོམ་ཡིག་ཆེད་བསྒྲིགས》ཞེས་པ་མ་ཕྱིར་བཟུང་སྟེ། ཀྲུང་ལུགས་སྔོ་སྨན་རིགས་སྟོང་ཕྲག་ལས་བརྒལ་བ་ཅིག་ལེགས་འདེམས་བགྱིས། རྒྱལ་རབས་རིམ་བྱུང་གི་ཀྲུང་ལུགས་རྩྭ་སྨན་གྱི་གཞུང་ལ་དཔེ་གཟིགས་གནང་རྗེས། མཐར་ནི་ཐུའུ་ཡིའུ་ཡིའུ་ཡིས་ཀྲུང་ལུགས་རྩྭ་སྨན་རིགས་ཉིས་སྟོང་ཙམ་གྱི་ཁྲོད་ལས་རིགས564འདྲེས་ཡོད་ཅིང་། དེའི་ནང་འཁན་སྔོན་ཡང་འདུ་བའི《འདར་ནད་ཀྱི་ནུས་ཐོན་བཅོས་ཐབས་རྐྱང་པ་ཕྱོགས་བསྒྲིགས》ཞེས་པ་ལེགས་སྒྲིག་མཛད། འདི་ནི་རྒྱ་མཚོའི་ནང་དུ་ཁབ་འཚོལ་བ་བཞིན་གྱི་ལས་ཀ་ཞིག་སྟེ་དེའི་ཞིབ་ཚགས་དང་། རྙོག་རྫོབ། དུས་ཚོད་ཟད་གྲོན་བྱུང་བ་བཅས་ནི་ཞིབ་འཇུག་མི་སྣའི་ཚན་རིག་གི་ལྟ་ཚུལ་དང་། རིག་གཞུང་གི་གཤིས་ཀ། བསླབ་ལ་བཅངས་པའི་སྙིང་རུས་བཅས་ཀྱི་ཉམས་ཚོད་ལེན་པ་ཞིག་ཀྱང་རེད། མཇུག་མཐར་ཁོ་མོས་སླར་རྩྭ་སྨན་རིགས200ཁྲོད་ལས་སྨན་རྫས་རིགས380རྙེད་ཐུབ་པ་བྱུང་སྟེ། ཙི་གུའི་ལུས་སྟེང་གི་འདར་ནད་འགོག་པའི་ཞིབ་དཔྱད་ཚད་ལེན་བྱེད་པར་བཀོལ་སྤྱོད་བྱས་མོད། འོན་ཀྱང་། དེའི་འཕེལ་རིམ་གཏན་ནས་བདེ་བླག་བྱུང་མ་སོང་། ཆེས་ཐོག་མར་སྲོག་ཆགས་ལ་ཚོད་ལྟ་བྱས་པའི་ཁྲོད་དོ་ཁུར་བྱས་ཡོད་པའི་རྩྭ་སྨན་སྟེ་འཁན་སྔོན་གྱི་ཕན་འབྲས་ཀྱང་འདོད་བློར་འཚམ་པ་ཞིག་གཏན་ནས་མིན་པས། ཁོ་མོས་འཚོལ་ཞིབ་བྱས་པའི་གནས་ཚུལ་ཡང་བར་སྐབས་ཤིག་ལ་འཕེལ་མེད་དུ་ལྷག་བྱུང་།

འཁན་སྔོན་ཞེས་པའི་ལྗང་མདོག་གི་རྩི་ཤིང་རིགས་འདི་ནི་ཁོ་མོས་ཞིང་ཁར་འཚོལ་བསྡུ་བྱེད་སྐབས་ཀྱང་ཆ་རྒྱུས་མེད་པ་ཞིག་གཏན་ནས་མིན་ཏེ། “དེའི་ཁོངས་སུ་ཀྲུང་ལུགས་རྩྭ་སྨན་རིགས་མི་འདྲ་བ་དྲུག་ཙམ་འདུ་ཞིང་། རིགས་རེ་རེའི་ཁོངས་སུ་ཡང་རྫས་འགྱུར་གྱི་གྲུབ་ཆ་མི་མཐུན་པ་རེ་འདུས་ཡོད་པས། འདར་ནད་གསོ་བཅོས་བྱེད་པའི་ཕན་ནུས་ཀྱང་ཆེར་མི་མཐུན་ནོ། །”   “呦呦”དང“青蒿”ཞེས་པ་གཉིས་ལ་ལས་འབྲེལ་ཡོད་མེད་དེ་རྟོགས་ཐབས་ག་ལ་ཡོད་ཀྱང་། གང་ལྟར་ཁོ་མོའི་ཚན་རིག་ཞིབ་འཇུག་གི་བཤུལ་ལམ་ཁྲོད་དུས་ཡུན་ཧ་ཅང་རིང་པོ་ཞིག་ནི་འཁན་སྔོན་སྣ་ཚོགས་པ་དང་འགྲོགས་ནས་གྲོན་པར་བྱས་ཡོད། ཁོ་མོས་ཡང་དང་བསྐྱར་དུ་ཚོད་ལྟ་དང་དབྱེ་ཞིབ་མཛད་པ་ལས། འཁན་སྔོན་སྨན་རྫས་ལ་འདར་ནད་འགོག་པའི་འཇིབ་ཤུགས་འདྲེས་པའི་ཆ་ཤས་དེ་ནི་ལོ་མ་ལེབ་མོ་ཡིན་པ་ལས་གནས་ས་གཞན་མིན་པར་མ་ཟད། ལོ་འདབ་གསར་པ་ཁོ་ནར་མ་གཏོགས་འཁན་སྔོན་རྩིའི་ནུས་པ་ལྡན་པའི་གྲུབ་ཆ་འདྲེས་མེད་པ་རྟོགས་བྱུང་། གཞན་ད་དུང་བསྒྲུབ་གཞི་ཚོ་ཆུང་གིས་ཤེས་གསལ་བྱུང་བ་ལྟར་ན། ལོ་འདབ་དེ་འཐུ་བའི་དུས་སྐབས་བཟང་པོ་ནི་རྩི་ཤིང་ལ་མེ་ཏོག་བཞད་ལ་ཉེ་བའི་སྔོན་ཡིན་ཞིང་། སྐབས་དེར་ལོ་མ་ལེབ་མོའི་ནང་དུ་འདྲེས་པའི་འཁན་སྔོན་རྩི་ཆེས་འཛོམས་པོ་ཡིན་ནོ། །བལྟས་འོངས་ན། འབགས་མེད་ལྐོག་ཏུ་གྱུར་པ་ཞིག་སྟེ་འཁན་རྩྭ་དེ་ནི་པགས་འོག་ཏུ་གནས་པའི་ཕུང་པོའི་ཚན་པར་བཅུག་ཚེ་དཔོག་དཀའ་བའི་ཚེ་སྲོག་གི་རང་མདངས་ཉེན་ཁ་ལས་སྐྱོབ་ཐུབ་པ་བདེན་པ་རང་རེད་འདུག་གོ། །

འོན་ཀྱང་། འཁན་སྔོན་ལ་ཚོད་ལྟ་བྱས་པ་དེ་འདོད་བློར་འཚམ་པ་ཞིག་ཡིན་མ་སོང་། དོན་གྱིས་གནད་འགག་ཐུག་ས་གང་ཞིག་ནས་གནད་དོན་བྱུང་སོང་བ་ཡིན་ནམ། ཚད་ལྡན་ཡིག་ཆ་འབོར་ཆེན་ཞིག་ལ་གཟིགས་ཞིབ་གནང་རྗེས་ཐུའུ་ཡིའུ་ཡིའུ་ཡིས་ཅིན་ཤར་མའི་སྨན་གཞུང《མྱུར་བཅོས་སྨན་སྦྱོར་ཕུ་ཐུང་མ》(肘后备急方)ཞུ་བ་ལས་འཁན་སྔོན་གྱིས་གསོ་བཅོས་བྱེད་ཐབས་བརྗོད་ཡོད་པ་གསལ་རྟོགས་བྱུང་ཡོད་དེ། “འཁན་སྔོན་སྤར་གང་བླུག། ཆུ་བྲེ་དོ་ཡིས་སྦངས་ཏེ་བཏགས་ནས་སྨན་ཁུ་བླངས་རྗེས་བཏུང་བར་བྱའོ། །”ཞེས་བརྗོད་ཡོད་དོ། །གནའ་རབས་ཀྱི་མིས“འཐག་ནས་སྨན་ཁུ་ལེན་པ”ལས་སྲོལ་རྒྱུན་ལྟར་ཆུར་བཙོ་བ་དང་གདུ་བའི་ཀྲུང་ལུགས་སྨན་རྫས་ཀྱི་གསོ་ཐབས་མི་སྤྱོད་པ་དེ་རྒྱུ་མཚན་ཅིའི་ཕྱིར་ཡིན་ནམ། ཁོ་མོས་ཤེས་ཚོར་སྐྱེན་པོའི་སྒོ་ནས་རྟོགས་རྒྱུར། ཆུར་བཙོས་པ་དང་དྲོད་ཚད་མཐོན་པོ་བླངས་པས་འཁན་སྔོན་ལས་ཟ་ཤུགས་ཆེ་བའི་གྲུབ་ཆ་གཏོར་བཤིག་ཏུ་བཏང་བ་ཡིན་ནམ་སྙམ། དེ་ནས་ཁོ་མོས་སྔོན་གྱི་ལེན་སྟངས་བསྒྱུར་ཏེ། 1971ལོའི་ཟླ10པའི་ཚེས4ཉིན། ཐེངས་བརྒྱ་དང་དགུ་བཅུའི་ཚོད་ལྟ་ཕམ་རྗེས་ཐུའུ་ཡིའུ་ཡིའུ་བསྒྲུབ་གཞི་ཚོ་ཆུང་གིས་མཐར་ནི་ཐེངས་བརྒྱ་དང་གོ་གཅིག་གི་འཁོལ་ཚད་དམའ་བའི་ཚོད་ལྟའི་ཁྲོད་རྟོགས་རྒྱུར། ནུས་པ་ཐོན་པའི་གྲུབ་ཆ་དེ་འཁོལ་ཚད་དམའ་བའི་ཞུ་རྫས་ཀྱི་སྐྱུར་ཁ་པས་བླངས་ཚེ། འཁན་སྔོན་གྱིས་འདར་ནད་འགོག་སེལ་བྱེད་ཐུབ་པའི་ཕན་ནུས་མངོན་གསལ་སྒོས་མཐོར་འདེགས་བྱེད་ཐུབ་ཅིང་དེའི་དུག་ནུས་ཀྱང་མང་ཙམ་ཞིག་གཅོག་ཐུབ།

སྲོག་ཆགས་ཀྱི་ཚོད་ལྟའི་འབྲས་བུ་ཐེངས་དུ་མས་དགའ་སྤྲོ་སྐྱེ་བར་བྱེད་པ་ཞིག་ལ། ཨང་གྲངས191ཅན་གྱི་འདོར་ལེན་གཤེར་ཁུ་རིགས་འདིས་འདར་ནད་འབུ་ཕྲ་འགོས་ཕོག་བྱུང་བའི་ཙི་གུ་དང་སྤྲེའུ་སོགས་གསོ་བཅོས་བྱེད་སྐབས་ནུས་གོ་ཆོད་ཚད་ཀྱིས100%ཟིན་ཐུབ།

འོན་ཀྱང་། འཁན་སྔོན་དབྱེ་ལེན་གཤེར་ཁུ་དེས་མིའི་རིགས་ཀྱི་ལུས་སྟེང་དུ་ནུས་པ་ཐོན་ཚེ། དེ་ནི་ཉེན་མེད་ནུས་ལྡན་ཞིག་ཡིན་ནམ།

གནད་འདི་ཅི་མགྱོགས་ངང་ནས་གཏན་འཁེལ་བྱ་ཆེད། ཐུའུ་ཡིའུ་ཡིའུ་དང་ཁོ་མོའི་བསྒྲུབ་གཞི་ཚོ་ཆུང་གིས་དཔའ་ངར་ཆེ་བའི་སྒོ་ནས་ཐོག་མའི་དང་བླངས་པ་ཁུར་དུ་བླངས་ཏེ་རང་གི་ལུས་ལ་ཚོད་ལྟ་བསྒྲུབས།

སྐབས་དེར་ད་དུང་སྨན་རྫས་ཀྱི་བདེ་འཇགས་རང་བཞིན་དང་ནད་ཐོག་ཕན་འབྲས་སྐོར་གྱི་དཔྱད་དཔོག་གི་རིམ་པ་ཡང་མེད་པའི་གནས་ཚུལ་འོག་ཏུ། འདི་ནི་ཁོ་ཚོས་ཀྲུང་ལུགས་སྔོ་སྨན་གྱིས་འདར་ནད་གསོ་བཅོས་བྱེད་པར་ཡིད་ཆེས་འཐོབ་པའི་ཐབས་ཤེས་ཉག་གཅིག་དེ་ཡིན། རང་ཉིད་ཀྱི་ལུས་སུ་ཚོད་ལྟ་བྱས་ནས་ལེགས་འགྲུབ་བྱུང་རྗེས་ཐུའུ་ཡིའུ་ཡིའུ་དང་ཁོ་མོའི་བསྒྲུབ་གཞི་ཚོ་ཆུང་སླར་ཧེ་ནན་ས་ཁུལ་དུ་ཟབ་ཞུགས་བྱས་ཏེ་ཡུལ་དངོས་སུ་རྟོག་ཞིབ་མཛད་ཅིང་། འགོས་ཕོག་བྱུང་བའི་ནད་པ་ཉེར་གཅིག་ལ་ཚོད་ལྟར་བཀོལ་རྗེས། ཁོ་ཚོས་རྟོགས་རྒྱུར། འཁན་སྔོན་འདོར་ལེན་གཤེར་ཁུ་ཡིས་འདར་ནད་གསོ་བཅོས་བྱེད་པའི་ནད་ཐོག་གི་ཕན་འབྲས་ཧ་ཅང་བཟང་ཞིང་། གསོ་བཅོས་བྱས་པའི་ནད་པ་རྣམས་ཀྱི་ཚ་བ་མྱུར་བར་ཞི་སྟེ་ཟུངས་ཁྲག་ཏུ་རྒྱུ་བའི་འདར་ནད་འབུ་ཕྲ་ཡང་མྱུར་བར་ཡལ་སོང་།

ཐུའུ་ཡིའུ་ཡིའུ་ཡིས་གཤམ་དུ་བསྒྲུབ་རྒྱུ་ནི་འཁན་སྔོན་ཁྲོད་ཀྱི་ནུས་པ་ལྡན་པའི་གྲུབ་ཆ་བླངས་ཏེ། ནུས་ལྡན་གྱི་གྲུབ་ཆ་འདིའི་རྫས་འགྱུར་གྱི་གྲུབ་ཚུལ་གཏན་འཁེལ་བྱ་རྒྱུ་དེ་ཡིན། 1972ལོར། ཐུའུ་ཡིའུ་ཡིའུ་དང་ཁོ་མོའི་ལས་གྲོགས་དག་གིས་འཁན་སྔོན་ཁྲོད་ལས་འདུས་རྡུལ་མཚོན་ཕྲེངC15H22O5ཅན་གྱི་གསོན་ཤུགས་ཆེ་བའི་གྲུབ་ཆ་བླངས་ཤིང་། ཁོ་ཚོས་མདོག་མེད་པའི་ཞུན་ཐིགས་གཟུགས་ཀྱི་དངོས་པོ་དེའི་མིང་ལ་འཁན་སྔོན་རྩི་ཞེས་བཏགས་ཡོད།

དེ་ལྟར་དུ་ཁོ་ཚོས་འདི་ལྟ་བུའི་རྩྭ་ཕྲན“རྐང་གཅིག”གི་ཁྲོད་ལས་མཐར་ནི་འདར་ནད་འགོག་པའི་ནུས་ལྡན་གྱི་སྨན་རྫས་ཤིག་རྙེད་བྱུང་། ཁོ་མོས་བཤད་རྒྱུར། “འཁན་སྔོན་རྩི་ཡིས་འདར་ནད་འབུ་ཕྲའི་ཚེ་སྲོག་གི་འཁོར་ཡུན་ཁྲོད་ལས་དུས་རིམ་གང་དང་གང་དུ་ཡང་དེ་ཉིད་གསོད་ཐུབ”ཟེར། ཐུའུ་ཡིའུ་ཡིའུ་ཞིབ་འཇུག་ཚོ་ཆུང་གིས་ཆེས་ཐོག་མར་ནད་ཐོག་གི་ཚད་ལེན་ཚོད་ལྟ་བསྒྲུབས་པའི་སྨན་རྫས་བཟོ་ལུགས་ནི་ཕྱེ་སྨན་ལེབ་མོ་ཞིག་ཡིན་ལ། དེའི་འབྲས་བུ་ནི་འདོད་བློར་འཚམ་པ་ཞིག་གཏན་ནས་མིན། དེའི་ཕྱིས་སུ་བཟོ་ལུགས་གསར་པ་ཞིག་ཏུ་བསྒྱུར་ཏེ། ལྷད་རྫས་ཕུད་པའི་འཁན་སྔོན་རྩིའི་སྤྱིན་ཐུམ་བཟོས་ཤིང་། དེ་ནས་བཟུང་འདར་ནད་འགོག་པའི་སྨན་རྫས་གསར་པ་ཞིག་གསར་གཏོད་བྱེད་པའི་འགྲོ་ལམ་ཕྱེ་བྱུང་།

ཁོ་མོའི་བསམ་ཡུལ་ལས་འདས་པ་ཞིག་ལ། འཁན་སྔོན་རྩི་ཞིབ་འཇུག་མཛད་རྗེས་རྒྱལ་སྤྱིའི་ཁས་ལེན་ རྒྱུན་ཆད་མེད་པར་ཐོབ་ཅིང་།  2011ལོའི་ཟླ9པར། ཐུའུ་ཡིའུ་ཡིའུ་ལ“ནོ་བྷེལ་བྱ་དགའི་རླུང་ཕྱོགས་སྟོན་རྟགས”ཞེས་འབོད་པའི་ལ་སི་ཁེར་བྱ་དགའ་ཐོབ་བྱུང་། འདི་ནི་ཀྲུང་གོའི་སྐྱེ་དངོས་གསོ་རིག་ལས་རིགས་ལ་ཐོབ་པའི་འཛམ་གླིང་རིམ་པའི་ཆེས་མཐོའི་བྱ་དགའ་ཡིན། དེའི་རྐྱེན་གྱིས་མིའི་རིགས་ཀྱི་འདར་འགོག་ལམ་གྱི་ལམ་རྟགས་རྡོ་རིང་གསར་པ་ཞིག་གསར་གཏོད་བྱེད་མགོ་བརྩམས་བྱུང་།

ཁོ་མོ་ནི“བདེན་དྲང་ཟོལ་མེད་ཀྱིས་ཤེས་ཡོན་པ་ཞིག་བྱེད་པ”ལས་མཐུན་འབྲེལ་བྱེད་རྒྱུར་མཁས་པོ་མེད་ལ་དྲང་གཏམ་ལབ་པ་ཞིག་ཡིན།

ལ་སི་ཁེ་བྱ་དགའ་ཐོབ་རྗེས། ཐུའུ་ཡིའུ་ཡིའུ་ལགས་འཕྲིན་སྦྱོར་སྟེང་ཐེངས་རེ་གཉིས་ཙམ་ལ་བྱུང་བ་དེས་ཀུན་ལ་སྤྱོད་ཚུལ་མགོ་འཕང་དམའ་ཞིང་བག་ཕེབས་ཀྱི་བག་ཆགས་ཟབ་མོ་ཞིག་བཞག་ཡོད། གསར་འགོད་པ་ཞིག་གིས། ཁྱེད་ཉིད་གླིང་མི(院士) མིན་པ་རྒྱུ་མཚན་ག་རེ་ཡིན་ནམ་དྲིས་པར། ཁོ་མོས་རེ་ཞུ་བཏོན་མྱོང་མོད། འོན་ཀྱང་། ཆོག་མཆན་ཐོབ་མ་སོང་ཟེར། གསར་འགོད་པས་སླར་འདྲི་རྒྱུར། ཁྱེད་ཀྱིས་དེ་འདྲའི་བྱས་རྗེས་ཆེན་པོ་ཞིག་བཞག་ཡོད་ལ། དཀའ་སྡུག་ཀྱང་ཚད་མེད་པ་མྱངས་འདུག་པས། བྱ་དགའ་ཅི་ཞིག་ཐོབ་མྱོང་ཞེས་དྲིས་པ་ན། ཁོ་མོ་ན་རེ། 1979ལོར། རྒྱལ་ཁབ་ཀྱིས་གསར་གཏོད་བྱ་དགའ་ཨང་གཉིས་པ་ཞིག་བསྩལ་མྱོང་། བྱ་དགའི་སྒོར5000ཡོད་མོད། ཁོ་མོའི་ལག་ཏུ་བགོས་ཐོན་དུས་སྒོར200ལས་མེད་ཟེར།

ཐུའུ་ཡིའུ་ཡིའུ་ཡིས་འཁན་སྔོན་རྩི་གསར་གཏོད་བྱས་ན་ཡང་། 2002ལོར་སླེབས་རག་བར་དུ་སྣེ་མང་རྙོག་འཛིང་གི་རྒྱུ་རྐྱེན་དུ་མའི་དབང་གིས། ཁོ་མོས་སྔར་བཞིན་གསར་གཏོད་འདིའི་ཆེད་ཁེ་སྲུང་སྐྱོབ་བྱ་རྒྱུ་རེ་ཞུ་བྱེད་ཐུབ་མེད། ལ་ཤས་ཀྱིས་བྱས་རྗེས་ཧམ་གཉེར་བྱེད་ཅིང་། ཡང་ལ་ཤས་ཀྱིས་སུས་ཀྱང་ཐད་ཀར་རེ་ཞུ་མི་བྱེད་རྒྱུ་བྱ་ཟེར། འདི་དང་ཆབས་ཅིག་ཏུ་འཁན་སྔོན་རྩིའི་ལག་རྩལ་གྱི་རྒྱུ་ཆ་དེ་རྒྱལ་ནང་དུ་སྡེ་ཁག་དང་ལས་ཁུངས་མང་པོ་ཞིག་གིས་ཚོད་འཛིན་བྱས་ཡོད་ཅིང་། མི་མང་པོ་ཞིག་གིས་ལག་རྩལ་འདི་ཁྱེར་ནས་ཕྱི་རྒྱལ་གྱི་ཚོང་པ་ལ་མཉམ་ལས་བྱས་ཏེ་ཁེ་ལས་བསྒྲུབས་ནས་ཚ་ཚ་འུར་འུར་དུ་བཏང་ཡོད་པས། གསར་གཏོད་པ་ལ་འབྲེལ་བ་ཅི་ཡང་མེད་པ་འདྲ། སྐབས་ལན་རེར་ཁོ་མོས་ཚན་རིག་ཞིབ་འཇུག་གི་གྲོན་དངུལ་ཡང་རག་མེད་མོད། འོན་ཀྱང་སྟབས་ལེགས་པ་ཞིག་ལ་ཁོ་མོ་ནི་བློ་རྒྱ་གུ་ཡངས་པ་ཞིག་ཡིན། སྐབས་དེར་ཁོ་མོ་ལོ་ན་བདུན་ཅུར་སོན་འདུག་ཅིང་། སྔ་མོ་ནས་མིའི་བར་གྱི་སྤྱོད་ཚུལ་འཛིན་སྟངས་ཀྱི་མཐིལ་རྟོགས་ཡོད་པས་འཆར་ཅན་དུ་འབྲེལ་འདྲིས་བྱས། ཁོ་མོར་མཚོན་ན་ཡང་། བློ་མི་མགུ་བ་མང་པོ་ཞིག་ཡོད་ན་ཡང་ཚན་རིག་ཞིབ་འཇུག་གི་གོམ་སྟབས་དེ་ཡུན་རིང་དུ་མཚམས་བཞག་མེད། དེང་སྐབས“གོང་མའི་སྲིང་གཞུང་གི་སྐལ་བ་བཟང་པོ”འདི་དག་གླེང་འོངས་དུས། ཐུའུ་ཡིའུ་ཡིའུ་ལགས་ནམ་རྒྱུན་དགོད་ཀྱིན་དུ་ན་རེ། “བྱ་དགའ་ཞིག་ཡིན་ཡང་དེར་སྣང་དག་བྱེད་དགོས་དོན་མི་འདུག  ཡོད་ཚད་འདས་ཟིན་པའི་དོན་དག་ཡིན་པས་འཇའ་ལྟར་ཡལ་མི་འགྲོ་བ་གང་ཞིག་ཡོད། ཇི་ལྟར་བཤད་ཀྱང་རུང་། རྒྱལ་ཁབ་ཀྱིས་ང་རང་སྐྱེད་སྲིང་བྱས་ཏེ། ང་ལ་ད་དུང་དེ་འདྲའི་གོ་སྐབས་བཟང་པོ་ཞིག་བསྩལ་བྱུང་། སྲི་ཞུ་ཅུང་ཟད་སྒྲུབ་ཐུབ་པ་བྱུང་ཡོད་ན། དེ་ནི་རྒྱལ་ཁབ་ལ་དྲིན་ལན་ཙམ་གཟོས་པ་ཡིན”ཞེས་ཟེར།

རང་ཉིད་ཀྱི་ཐོབ་ཤོར་ལ་རྩོད་གླེང་མི་བྱེད་པའི་ཐུའུ་ཡིའུ་ཡིའུ་ལགས་ཀྱིས། ཁོ་མོའི་སེམས་ཁྲལ་དང་ཐུགས་གཡེང་གཞན་ཞིག་ཀྱང་ཕྱིར་མི་མངོན་ཀ་མེད་ཐུག་སྟེ་ན་རེ། “ང་ལ་སེམས་ཁྲལ་ཞིག་ཡོད་པ་ནི། དེང་སྐབས་མི་ལ་ཤས་ཀྱིས་གང་དྲན་དུ་ལས་ཏེ། ཁེ་སྤོགས་འཐོབ་པའི་ཆེད་དུ་ཁོ་ཚོས་གཞན་ལ་མགོ་སྐོར་བཏང་སྟེ་འདར་འགོག་སྨན་དེ་སྔོན་འགོག་སྨན་དུ་བརྩིས་ནས་བརྗོད་འོང་བས། དེ་ལྟར་བྱས་ན་མང་པོ་བཙོང་ཐུབ་ཅིང་བཙོངས་པའང་མགྱོགས། མི་ཞིག་གིས་བཤད་པ་ལྟར་ན། གླིང་ཆེན་ཨ་ཧྥེ་རི་ཁའམ་ས་ཆ་གཞན་གྱི་ཆར་ལྡན་ནགས་ཚལ་དུ་ཕྱིན་རྗེས། ནད་ཡོད་དམ་མེད་ཀྱང་རུང་། ཁོ་ཚོས་སྔོན་ལ་མི་དེར་འདར་དགོག་སྨན་འདི་འཐུང་དུ་བཅུག་པ་ཡིན་ཟེར། དེ་ལྟར་བྱས་ན་དུས་ཚོད་རིང་པོ་འགོར་ཚེ། མིའི་ལུས་སྟེང་ནས་སྨན་གྱིས་དྲེད་པར་གྱུར་ཏེ་ཕན་ནུས་མི་ཐོན་པ་འབྱུང་འོང་བ་མིན་ནམ། དེ་འདྲ་ཡིན་ཚེ་འདར་ནད་འགོག་པའི་སྨན་འདི་རྩ་བརླག་ཏུ་བཏང་བ་མིན་ནམ། ང་ཚོའི་འཕྲིན་སྦྱོར་གྱིས་འདི་ལ་རེ་སྐུལ་བྱ་འོས”ཟེར།

ཐུའུ་ཡིའུ་ཡིའུ་ལ་ཆ་རྒྱུས་མངའ་བའི་མི་ཀུན་གྱིས་ཤེས་ཏེ། ཁོ་མོ་ནི་རང་གཤིས་ལ་ཧ་ཅང་ཁྱད་ཆོས་ཡོད་པའི་ཚན་རིག་པ་ཞིག་ཡིན། ཁོ་མོ“གཞན་ལ་མཐུན་འབྲེལ་བྱེད་པར་མཁས་པོ་མེད”ཅིང་། ཅུང་ཟད་གཞུང་དྲང་དང་དྲང་གཏམ་ལབ་པ་ཞིག་ཡིན་ལ། ཁ་དགའ་ངོ་སྲུང་ཡང་མི་བྱེད་དེ། དཔེར་ན། གྲོས་ཚོགས་ཀྱི་ཐོག་གམ་ཡང་ན་མི་རེ་རེ་བྱས་ནས་གླེང་མོལ་བྱེད་སྐབས་གང་ཡིན་རུང་། རང་ཉིད་ཀྱི་ཡིད་ལ་འཐད་པའི་དགོངས་འཆར་ཡིན་ཚེ་འཕྲལ་མར་ཁས་ལེན་བྱེད་ཅིང་། ཡིད་ལ་མི་འཐད་ཚེ་ཕ་རོལ་པ་དེ་གྲོགས་བཟང་པོ་དང་མགོ་ཁྲིད་སོགས་སུ་ཡིན་རུང་བསམ་འཆར་སྦ་གསང་མེད་པར་བརྗོད་འོང་ངེས། གཤིས་རྒྱུད་དྲང་པོ་ཡིན་པ་འདིས་ཁོ་མོ་རྙོག་དྲ་ཚ་པོར་མི་དགའ་ཞིང་བྱ་བ་སྒྲུབ་ན་འཕྲལ་ཐག་འཕྲལ་གཅོད་བྱེད་པའི་ཁྱས་ཆོས་ཤིག་གྲུབ་ཡོད། ཉིན་རྒྱུན་གྱི་འཚོ་བའི་ཁྲོད་ཀྱང་ལས་གྲོགས་རྣམས་ཀྱིས་ཁོ་མོ་ནི་སྤྱོད་ཚུལ་གྱི་མགོ་འཕང་དམའ་བ་ཞིག་ཡིན་པར་མ་ཟད། དུས་ཡུན་རིང་པོར་མགོ་འཕང་དམའ་བ་ཞིག་ཡིན་ཞེས་གདེང་འཇོག་བྱས་ཡོད། ཁོ་མོ་ན་རེ། “ང་ནི་ཞིབ་འཇུག་གི་ལས་ཀ་སྒྲུབ་མཁན་ཞིག་ཡིན་པས། ནན་ནན་ཏིག་ཏིག་གིས་ཤེས་ཡོན་པ་ཁོ་ན་ལས་བྱེད་མི་འདོད། ལོ་ན་འདི་འདྲ་ཞིག་ལ་སླེབས་ཟིན་པས་ལུས་པོ་ཡང་དེ་ཙམ་བཟང་རྒྱུ་མེད་པས། ཕྱི་རྒྱལ་དུ་འགྲོ་རྒྱུ་གཏན་ནས་བསམ་མ་མྱོང་ལ་བྱ་དགའ་ཞིག་ལེན་རྒྱུ་ནི་དེ་བས་ཀྱང་བསམ་མ་མྱོང་ཟེར།”

ཁྱིམ་ལས་ཆེར་སྒྲུབ་མི་ཤེས་ལ་བྱ་བའི་ཆེད་དུ་མ་བུ་གཉིས་དུས་ཡུན་རིང་པོར་ཁ་གྱེས་ཚུལ།

དེང་སྐབས་ཐུའུ་ཡིའུ་ཡིའུ་ལ་ཁྱིམ་ཚང་ཧ་ཅང་སྐྱིད་པོ་ཞིག་ཡོད་དེ། ཁོ་མོའི་ཁྱོ་ག་ལི་ཐིང་ཀྲའོ(李廷钊)ནི་མོའི་སློབ་གྲོགས་ཡིན་ཞིང་། ཁོ་གཉིས་ཀྱི་བརྩེ་དུང་ནི་སྔོན་ཆད་སུས་ཀྱང་གླེང་འདོད་པ་ཞིག་ཡིན་ལ། སྔོན་ཆད་མཐོ་འབྲིང་གི་སྐབས་སུ་ནས་ལི་ཐིང་ཀྲའོ་ཁོ་མོར་ལྐོག་ནས་དགའ་བ་ཆགས་ཡོད། ཁྱོ་ཤུག་གཉིས་ཀྱིས1963ལོར་གཉེན་སྒྲིག་བྱས་ཤིང་། ཁྱོ་གས་སྔ་ཕྱིར་དུ་པའོ་ཀང་དང་པེ་ཅིང་ངར་ལྕགས་ཞིབ་འཇུག་གླིང་དུ་ཕྱག་ལས་གནང་མྱོང་། ཁྱོ་ཤུག་གཉིས་ལ་བུ་མོ་གཉིས་སྐྱེས་ཡོད།

གཉེན་སྒྲིག་བྱས་རྗེས་ཁོ་མོས་སེམས་ཤུགས་ཡོད་ཚད་ཚན་རིག་ཞིབ་འཇུག་གི་བྱ་བའི་ཐད་ལ་བཏོན་ཞིང་། ཁྱིམ་ལས་དེ་ཙམ་སྒྲུབ་མི་ཤེས་པར་སྔོ་ཚལ་ཉོ་བ་སོགས་ཀྱི་ལས་ཀ་ཚང་མ་ཁྱོ་གས་རོགས་རམ་བྱ་དགོས་ལ། ཁྱོ་ག་ནི་གཤིས་ཀ་འཇམ་ཞིང་བློ་ཁོག་དཀྱེལ་ཡངས་པ་ཞིག་ཡིན། འདི་ནི་དཔེར་འོས་ཤེས་ཡོན་ཅན་གྱི་ཁྱིམ་ཚང་ཞིག་སྟེ་ལོ་ངོ་བཅུ་ཕྲག་འགའི་རིང་ནས་ཁྱོ་ཤུག་གཉིས་ཀྱིས་བྱ་གཞག་ཐད་ནས་རང་རང་སོ་སོའི་ལས་ཀ་གཉེར་ཡོད་མོད། འོན་ཀྱང་། ཡུན་རིང་གི་ཚུན་ནས་ཕན་ཚུན་ལ་རྒྱབ་སྐྱོར་བྱས་ཡོད།

1969ལོར། ཐུའུ་ཡིའུ་ཡིའུ་ལགས“523”ལས་འགན་དུ་ཞུགས་དུས། པའོ་ཀང་དུ་བྱ་བ་སྒྲུབ་བཞིན་པའི་ཁྱོ་ག་ཡང་དེ་མཚུངས་སུ་ལས་བྲེལ་གྱིས་གཏུགས་ཡོད་ཅིང་ཁྱོ་ཤུག་གཉིས་དུས་རྒྱུན་པར་གཞུང་དོན་དུ་འགྲོ་དགོས། སྐབས་དེར། ཁྱོ་ཤུག་གཉིས་ཀྱིས་ཀྱང“གསར་བརྗེའི་བྱ་བ་ལེགས་པར་བསྒྲུབ་ཆེད་རང་གི་ཁྱིམ་ཚང་ཡང་འདོར་འོས་པར་སྙམ”ཡོད་ཅིང་། བྱ་བར་ཤུགས་རྐྱེན་མི་བཟོ་བའི་ཆེད་དུ་ཁྱོ་ཤུག་གཉིས་ཀྱིས་ལོ4ལ་སོན་ཙམ་གྱི་བུ་མོ་ཆེ་བ་ཨམ་གཙིགས་བསྡམས་ནས་ཁྱིམ་ཚང་གཞན་ལ་བསྐུར་དགོས་བྱུང་། ད་དུང་སྔར་བཞིན་གོས་ཀྱིས་སྒྲིལ་ཡོད་པའི་བུ་མོ་ཆུང་བ་ཡང་ཕྱིར་ཕ་ཡུལ་ཉིང་པོ(宁波)ལ་བསྐྱལ་ཏེ་དུས་ཡུན་རིང་པོར་ཁ་གྱེས་སྟབས། བར་སྐབས་ཤིག་གི་རིང་ལ་གཉེན་ཉེ་དག་གིས་ཀྱང་སྣང་མེད་དུ་བསྐྱུར་དགོས་པ་ཞིག་བྱུང་། བུ་མོ་ཆེ་བ་ནི་ཕྱིར་བསུས་འོངས་པའི་སྐབས་ཏག་ཏག་དེར་ད་དུང་ཨ་ཕ་ཨ་མ་ཞེས་འབོད་པར་མི་འཐད་ཅིང་། བུ་མོ་ཆུང་བའི་ཁྱིམ་ཐོ་ཡང་ལོ་འགའི་སྔོན་ལ་ད་གཟོད་ཉིང་པོ་ནས་པེ་ཅིང་དུ་སྤར་འོངས་པ་ཡིན། དོན་དངོས་སུ་ད་སྐབས་ཁྱིམ་དུ་བུ་མོ་དང་ཚ་མོ་དག་གི་འདྲ་པར་གང་སར་བཤམས་ཡོད་པའི་ཐུའུ་ཡིའུ་ཡིའུ་ལགས་ལ་མཚོན་ནས་བཤད་ན། སྐབས་དེར། ཁོ་མོར་བརྩེ་དུང་མེད་པ་གཏན་ནས་མ་ཡིན་པར་འདམ་ག་གཞན་མེད་པས་ཡིན།

ཐུའུ་ཡིའུ་ཡིའུ་ལགས་དགུང་གྲངས་གྱ་དྲུག་སྟེ་དགུང་ལོ་མཐོན་པོར་སོན་ཡོད་པས། གཟུགས་པོ་ཉིད“རྒན་འཁོགས་ནད”མང་པོ་ཞིག་གི་འཁྲིལ་ཐག་ཏུ་ཚུད་དེ་རྣ་དབང་ཉམས་རྒུད་དུ་སོང་བ་ཚབས་ཆེ་ཞིང་། རྐེད་པ་མི་བཟང་ལ་ཁྲག་གི་མངར་ཆ་ཡང་མཐོ་དྲགས་པར་ཆགས་ཡོད། ཁོ་མོའི་དུས་རྒྱུན་གྱི“ཡུལ་སྐོར”ནི་ཁྱོ་ག་དང་འགྲོགས་ནས་སྡེ་ཁུལ་དུ་འཆམ་འཆམ་བྱེད་པ་དང་ཉི་མར་སྲོ་རྒྱུ་དེ་ཡིན། ལོ་སྔོན་མའི་ཟླ་བཅུ་པར“ནོ་བྷེལ་བྱ་དགའ”ཐོབ་རྗེས། སུའུ་ཏེན་དུ་གཟེངས་བསྟོད་བྱ་དགའ་ལེན་པར་འགྲོ་མིན་གྱི་ཆ་ནས་ཁོ་མོས་ཅུང་སོམ་ཉི་བྱས་ཤིང་། སྐབས་དེར། ཁོ་མོས《ཉིའུ་ཡོག་ཚགས་པར》སོགས་འཕྲིན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་དུས་ཀྱང་བསམ་བློའི་རྣམ་པ་འདི་མཚོན་པར་བྱས་ཡོད། འོན་ཀྱང་། ལས་ཁུངས་ཀྱི་འབྲེལ་ཡོད་ལས་གྲོགས་དག་གིས་ཁོ་མོར་ཁ་ཏ་བྱས་ཏེ། “ནོ་བྷེལ་བྱ་དགའ་ཐོབ་པ་ནི་མི་སྒེར་གྱི་གཟི་བརྗིད་ཙམ་དུ་མ་ཟད། རྒྱལ་ཁབ་ཀྱི་གཟི་བརྗིད་ཀྱང་ཡིན་པས། གལ་སྲིད་འགྲོ་ཐུབ་ཚེ། རབ་ཡིན་ན་བྱ་དགའ་ལེན་དུ་འགྲོ་རྒྱུ་བྱས་ན་བཟང”ཞེས་བསྐུལ་བས། ཁོ་མོས་ཀྱང་བྱ་དགའ་ལེན་དུ་འགྲོ་རྒྱུ་འཕྲལ་མར་ཐག་བཅད་བྱུང་། ཐུའུ་ཡིའུ་ཡིའུ་ལགས་ཀྱི་ལས་རོགས་པས་རྩོམ་པ་པོ་ལ་བཤད་རྒྱུར། དགེ་རྒན་ལགས་ཀྱི་ཁྲག་གི་གྲུབ་ཆའི་དཔེ་རིས་ཀྱི་དམིགས་ཚད་ཡུན་རིང་གི་ཚུན་ནས་དེ་ཙམ་བཟང་རྒྱུ་མི་འདུག ཕལ་ཆེར་ལོ་དེར་འཁན་སྔོན་རྩི་འདོར་ལེན་བྱེད་སྐབས་སྦྲིད་སྨན་འབོར་ཆེན་ཞིག་ལ་ཐུག་པས་ལྤགས་དུག་མཆིན་ཚད་བྱུང་བར་འབྲེལ་བ་ཡོད་ཅིང་། 2011ལོའི་ཐེངས་དེར་ཨ་རིར་ལ་སི་ཁེར་བྱ་དགའ་ལེན་དུ་སོང་སྟེ་ཕྱིར་ལོག་རྗེས་ཁོ་མོའི་རུས་པ་ལོ་གཅིག་ཙམ་ལ་ན་བྱུང་ཟེར།

ལི་ཐང་ཀྲའོ་ཡིས་བཤད་རྒྱུར། “རྒྱལ་ཁབ་ལ་མཁོ་ཚུལ་ཞིག་གླེང་མ་ཐག ཁོ་མོས་འཕྲལ་མར་སེམས་ཐག་གཅོད་ཐུབ་ཅིང་། མོས་མི་ཚེ་གང་བོར་དེ་ལྟར་སྒྲུབ་སྲིད། འཁན་སྔོན་རྩིའི་ཞིབ་འཇུག་གི་ལས་འགན་འཁུར་ཐུབ་ཆེད་ཁོ་མོས་སོམ་ཉི་སྤུ་ཙམ་ཡང་མི་བྱེད་པར་བུ་མོ་གཉིས་དང་ཁ་གྱེས་རྒྱུ་འདམ་ག་བྱས། ད་དུང་འཁན་སྔོན་རྩིའི་དུག་གི་ཞོར་རྐྱེན་ངན་པར་རྒྱུས་ལོན་མཐིལ་ཕྱིན་པ་ཞིག་བྱེད་ཆེད། ཁོ་མོས་སྲོག་གི་ཉེན་ཁར་མ་འཛེམས་པར་རང་འགུལ་གྱིས་སྨན་རྫས་རང་ལུས་ལ་ཚོད་ལྟ་བྱས། མེ(ཨ་མེ་རི་ཀ)འགོག་ཁྲའོ(བྱང་ཁོ་རེ་ཡ)རོགས་ཀྱི་དུས་སྐབས་སུ། ངས་དམག་ནང་དུ་ཞུགས་ནས་རྒྱལ་ཁབ་སྲུང་སྐྱོབ་བྱེད་པའི་རེ་ཞུ་བཏོན་མྱོང་ལ། སྐབས་དེར་སྔར་བཞིན་སློབ་ཆེན་འགྲིམ་བཞིན་པའི་ཐུའུ་ཡིའུ་ཡིའུ་ཡིས་ཀྱང་རྩ་འཛུགས་ལ་བྱང་ཁོ་རེ་ཡའི་གཡུལ་སར་བསྐྱོད་རྒྱུའི་རེ་ཞུ་བཏོན་མྱོང”ཟེར།

“རྩྭ་ཕྲན”གྱིས་ཚེ་སྲོག་ས་ཡ་ལྷག་བསྐྱབས་ཟིན་ཀྱང་སྔར་བཞིན་མཐུན་སྒྲིལ་བྱས་ནས་བྱ་བ་སྔར་ལས་མང་པོ་བསྒྲུབ་པར་རེ་སྒུག་བྱས་ཚུལ།

2015ལོར། ནོ་བྷེལ་ལུས་ཁམས་རིག་པའམ་གསོ་རིག་བྱ་དགའ་ཐོབ་པའི་ཕྱིས་ནས་བཟུང་། མང་ཚོགས་སྤྱི་ནས་ཐུའུ་ཡིའུ་ཡིའུ་གླེང་མ་ཐག་འཁན་སྔོ་རྩི་ཡང་དེ་དང་མཉམ་དུ་གླེང་མི་འོང་བ་ཞིག་མེད་དེ། 《སྙན་ངག་གི་བསྟན་བཅོས》ཁྲོད་ཀྱི་ཚིག་སྙན་མོ་དེ་བུད་མེད་ཚན་རིག་པ་འདིའི་མཛེས་སྡུག་ལྡན་པའི་མི་ཚེའི་དཔེ་འཇོག་རན་པོ་ཞིག་ཏུ་གྱུར་ཡོད།

རྒྱལ་ཁབ་ཀྱི་ཆེས་མཐོའི་ཚན་རིག་ལག་རྩལ་གྱི་གཟི་བརྗིད་མཚན་སྙན་ཐོབ་རྗེས། ཡང་བགྲེས་མོ་འདི་ལ་དགོངས་ཚུལ་ཅི་ཞིག་ཡོད་དམ།

རྩོམ་པ་པོས་ཐུའུ་ཡིའུ་ཡིའུ་ཡི་ཁྱིམ་དུ་ཁ་པར་བཏང་བ་ན། བགྲེས་མོས་ཉན་སྦུག་གི་ཕྱོགས་དེ་ནས་འུར་ཟིང་དང་བཅས་ཉིང་པོའི་སྐད་ཀྱི་སྒྲ་གདངས་ཤས་ཆེ་བའི་སྤྱི་སྐད་ཀྱིས་བཤད་རྒྱུར། “གཟི་བརྗིད་མཚན་སྙན་འདི་ང་རང་གཅིག་པུས་མིན། ཀྲུང་གོའི་ཚན་རིག་པ་ཡོངས་ཀྱི་གཟི་བརྗིད་མཚན་སྙན་རེད། རྣམ་པ་ཚང་མས་མཉམ་དུ་ལོ་ངོ་བཅུ་ཕྲག་འགའ་ལ་ཞིབ་འཇུག་བྱས་ཏེ། ཞིབ་འཇུག་ཚོགས་པ་མཉམ་སྡེབ་ཀྱིས་འགག་གནད་སྒྲོལ་བའི་གྲུབ་འབྲས་ཡིན། འཁན་སྔོན་རྩི་ཞེས་པའི་སྨན་རྫས་འདི་རྙེད་པ་ལས་སླ་པོ་མིན། སླད་ཕྱིན་ང་ཚོས་མཐུན་སྒྲིལ་བྱས་ནས་བྱ་བ་མང་པོ་བསྒྲུབ་དགོས། ངས་སྨན་རྫས་འདི་ལ་མི་ཚེ་གང་བོར་ཞིབ་འཇུག་བྱས་པས། དེའི་དངོས་པོའི་ཕན་ནུས་ལེགས་པར་ལེན་ཐུབ་པར་ངས་རེ་བ་ཆེན་པོ་བཅངས་ཡོད”ཟེར།

ཐུའུ་ཡིའུ་ཡིའུ་ཡིས་བཤད་རྒྱུར། ཁོ་མོ་ནི་སྐྱེ་དངོས་རྫས་འགྱུར་ཞིབ་འཇུག་པ་དཀྱུས་མ་ཞིག་ཡིན་མོད། འོན་ཀྱང་། ཀྲུང་གོའི་སྨན་རྫས་རིག་པའི་ནོར་བུའི་བང་མཛོད་ཁྲོད་ལས་གསར་རྙེད་ཁ་ཤས་བྱུང་སྟེ། རྒྱལ་སྤྱིའི་ཚན་རིག་ལས་རིགས་ཀྱིས་ཁས་ལེན་བྱས་པའི་ཀྲུང་གོའི་ཚན་རིག་པ་དཀྱུས་མ་ཞིག་ཡིན་པའི་ཆ་ནས། ཁོ་མོ་གཟི་བརྗིད་མཚན་སྙན་ཐོབ་པར་སྤོབས་པ་སྐྱེས་ཡོད་ཟེར། བྱ་དགའ་ཐོབ་པ་དང་ཕན་ཚུན་བསྡུར་འོངས་ན། ཁོ་མོ་ཡུན་རིང་གི་ཚུན་ནས་ཐུགས་སྤྲོ་ཞིང་བློ་བདེ་བར་གྱུར་ཡོད་དེ། སྲོལ་རྒྱུན་ཀྲུང་ལུགས་སྨན་རྫས་ཀྱིས་བློ་སྒོ་ཕྱེས་པའི་འོག་ཏུ་གསར་རྙེད་བྱུང་བའི་འཁན་སྔོན་རྩི་ཡིས་འཛམ་གླིང་ཡོངས་ཀྱི་འདར་ནད་ཀྱི་ནད་པ་ཁྲི་ཚོ་མང་པོ་ཞིག་གི་ཚེ་སྲོག་བསྐྱབས་ཡོད།

2011ལོར་ཨ་རིའི“ལ་སི་ཁེ་བྱ་དགའ”ཐོབ་པ་དང་། 2015ལོར་ནོ་བྷེལ་བྱ་དགའ་ཐོབ་པའི་སྔོན་གྱི་ལོ་ངོ་བཅུ་ཕྲག་འགའི་རིང་ཐུའུ་ཡིའུ་ཡིའུ་ལ་ནམ་རྒྱུན་སྐད་གྲགས་ཆེར་མེད། ཐེངས་འདིར་རྒྱལ་ཁབ་ཀྱི་ཆེས་མཐོའི་ཚན་རྩལ་བྱ་དགའ་ཐོབ་པའི་ཕྱིས་སུའང་ཁོ་མོ་སྔར་བཞིན་སྔོན་ཆད་དང་འདྲ་བར་མགོ་འཕང་དམའ་བའི་སྤྱིར་བཏང་གི་འཚོ་བ་རོལ་པར་བློ་ཡིད་ཚིམས་ནས་ཡོད་ཅིང་། དེ་དང་ཆབས་ཅིག་ཏུ་ཀྲུང་གོའི་འཛིན་མ་ཡངས་པོར་ཆེས་མངོན་པར་གསལ་བ་ཞིག་གཏན་ནས་མིན་ཡང་། ངོ་མཚར་ཆེ་བའི་ནུས་ཤུགས་གསོག་འཇོག་བྱས་ཡོད་པའི་རི་སྐྱེས་རྩྭ་ལྡུམ་རེ་རེ་ལ་མིག་རྒྱང་གཅིག་ཏུ་བསྒྲིམས་ཡོད་དོ། །

2017ལོའི་ཟླ1པའི་ཚེས19ཉིན་གྱི《བཅིངས་འགྲོལ་ཉིན་རེའི་ཚགས་པར》ལས་བསྒྱུར།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།