ཀྲུང་གོ་བོད་ཀྱི་དྲ་བ།

བླའམ་རྣམ་ཤེས་ནི་མིའི་ཁྱད་ཡོན་ཡིན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཨུ་རྒྱན་གྱིས་བསྒྱུར།   སྤེལ་དུས། : 2019-09-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཧྥ་རན་སིའི་བསམ་བློ་མཁན་ཕཱ་སེ་གཱའི་ལེགས་བཤད་ཅིག་ཏུ། “མི་ནི་བསམ་ཤེས་པའི་འདམ་རྩྭ་ཞིག་གོ་”གསུངས་ཤིང་། ཁོང་གིས་དེ་ལྟར་དགོངས་དོན་ནི། མིའི་ཚེ་སྲོག་ནི་འདམ་རྩྭ་ལྟར་འཇིགས་སླ་བ་ཞིག་ཡིན་ལ། འཇིག་རྟེན་ཐོག་གི་བྱ་དངོས་གང་རུང་ཞིག་གིས་ཀྱང་མི་འཆི་རུ་འཇུག་སྲིད་པ་ཡིན། འོན་ཏེ་དེ་ལྟར་ཡིན་ཀྱང་། མི་ནི་སྔར་བཞིན་འཇིག་རྟེན་ཐོག་གི་བྱ་དངོས་ཀུན་ལས་ཁྱད་དུ་འཕགས་པ་ཡིན། དེ་ནི་མི་ལ་བསམ་མནོ་ཤེས་པའི་བླའམ་རྣམ་ཤེས་ཤིག་ལྡན་པས་སོ།།

མིའི་ཤ་ཁྲག་གདོས་བཅས་ཀྱི་ཕུང་པོ་འཚོ་དགོས་པ་ནི་ང་ཚོས་བཤད་མ་དགོས་མོད། འོན་ཀྱང་མིའི་ཁྱད་འཕགས་ཀྱི་ཆ་དེ་བླའམ་རྣམ་ཤེས་འཚོ་བཞིན་པར་རགས་ལས། ཤ་ཁྲག་ལས་གྲུབ་པའི་ཆ་ནས་མིར་བཟང་ངན་དང་མཁས་བླུན་སོགས་དབྱེ་རྒྱུ་མེད་ཅིང་། མི་ལ་བླའམ་རྣམ་ཤེས་ལྡན་པའི་ཆ་ནས། ནང་བསམ་བློའི་འཇིག་རྟེན་ལ་ཁྱད་པར་ཆེ་ཆུང་བྱུང་ཞིང་། དེ་ལས་མི་ལ་མཁས་བླུན་དང་ཐ་ན་ཡ་རབས་དང་ཐ་ཤལ་གྱི་དབྱེ་བ་སོགས་ཐོན་པ་ཡིན།

ལོ་ངོ་ཉིས་སྟོང་གི་ཡར་སྔོན་དུ། རཱོ་མའི་དམག་དཔུང་གིས་གྷི་རིགས་ཀྱི་གྲོང་ཁྱེར་ཞིག་ལ་དཔུང་འཇུག་བྱས་ཤིང་། ཁོ་ཚོས་རྒན་པོ་ཞིག་བྱེ་མའི་ཐོག་བཙོག་པུར་བསྡད་དེ་བློ་རྩེ་གཅིག་གིས་རིས་དབྱིབས་ཤིག་ལ་ཞིབ་འཇུག་བྱེད་པ་དང་འཕྲད། རྒན་པོ་དེ་ནི་གནའ་བོའི་དངོས་ཁམས་རིག་པའི་མཁས་པ་གྲགས་ཅན་ཨ་ཅི་མཱི་དཱ་ཡིན་ཞིང་། སྟབས་མ་ལེགས་པར་ཁོང་དེ་མར་དམག་གི་རལ་གྲིའི་འོག་ཚེ་སྲོག་ཤོར། རལ་གྲིའི་རྩེ་མོ་ཁོ་པའི་འཁྲིས་སུ་བསྣར་བའི་ཚེ། ཁོ་ན་རེ།“ངའི་སྒོར་ཐིག་འཕྲོ་བརླག་ཏུ་གཏོང་མི་ཆོག་”ཟེར། ཁོང་ལ་ཆ་མཚོན་ན། ཁོང་གིས་ས་ངོས་སུ་བྲིས་པའི་རི་དབྱིབས་དེ་ནི་ཁོང་གི་ཚེ་སྲོག་ལས་ཀྱང་སྣང་ཆེ་བ་ཡིན། དེ་ཡིས་ཀྱང་སྔ་རོལ་དུ། ཡོ་རོབ་དང་ཨེ་ཤེ་ཡའི་སྐམ་ས་ཆེན་མོ་དབང་དུ་བསྒྱུར་མཁན་ཨག་སན་ཏཱར་སི་ཡིས་གྷི་རིགས་ཀྱི་གྲོང་ཁྱེར་གཞན་ཞིག་ཏུ་རྟག་ཞིབ་བྱས་ཤིང་། སྐབས་དེར་ས་ཐོག་དུ་ཉལ་ནས་ཉི་མ་ལྡེ་བཞིན་པའི་མཚན་ཉིད་མཁན་གྲགས་ཅན་ཏིའོ་ཀཱན་སེ་འཕྲད་ཅིང་། དེར་ཁོང་ལ་“ངས་ཁྱེད་ལ་དོན་དག་ཅི་ཞིག་སྒྲུབ་དགོས་འདུག་”ཅེས་དྲིས་པར། ཁོང་གིས་ལན་དུ་“ངའི་ཉི་འོད་བཀག་མ་ཡོང་”གསུངས། ཁོང་ལ་མཚོན་ན། ཉི་འོད་འོག་ཏུ་བསམ་གཞིགས་ཀྱི་དབྱིངས་ལ་བཞུགས་པའི་མདུན་དུ། ཨག་སན་ཏཱར་སི་ཡི་རྫིག་རྔམ་དོད་པའི་དམག་གི་བྱས་རྗེས་ནི་སྣང་མེད་དུ་སྐྱུར་ཆོག་པ་ཞིག་གོ །  གནའ་ནས་ད་བར་གྱི་ལོ་ཟླའི་འཁོར་རྒྱུན་རིང་མོར་གྲགས་པའི་སྒྲུང་ཐུང་འདི་གཉིས་ཀྱིས་གནའ་བོའི་གྷི་རིགས་ཀྱི་སྐྱེ་བོ་ཕུལ་བྱུང་གིས་བླའམ་རྣམ་ཤེས་འཚོ་བར་གཅེས་སྤྲས་གནང་པ་རྟོགས་ཐུབ་ལ། ཁོང་ཚོས་མནོ་བསམ་ལ་དད་ཞེན་གནང་བ་དེ་ནི་རང་གི་ཚེ་སྲོག་ཚུད་ཡོད་ཚད་དེའི་བླ་ན་མེད་ཅིང་། བླའམ་རྣམ་ཤེས་ཀྱི་འཚོ་གནས་དེ་ཕྱི་རོལ་ཡུལ་གྱི་བྱ་དངོས་གང་རུང་དང་མངོན་གསལ་དོད་པའི་དབང་ཤེད་ལས་ཀྱང་ཁྱད་དུ་འཕགས་པར་བརྩི།

ནང་བསམ་བློའི་ཡིད་གསོས་ལ་ཕྱི་དངོས་པོའི་རྒྱུ་ནོམ་ལས་ཆེས་ཆེར་གཅེས་ཤིང་འཛིན་པ་ནི།  གནའ་ནས་ད་བར་གྱི་སྐྱེས་ཆེན་དམ་པ་ཚོའི་ཐུན་མོང་གི་ཁྱད་གཤིས་སུ་གྱུར་ཡོད། ཐེངས་ཤིག་དབྱིན་ཇིའི་རྩོམ་མཁན་ཝང་ཏཱར་ཨ་རིར་ལྗོངས་རྒྱུར་ཕེབས་ཤིང་། འགག་སྒོར་སླེབས་སྐབས། འགག་སྒོའི་ལས་མིས་ཁོང་ལ་འགག་སྒོར་རྩིས་བཤེར་ཞུ་དགོས་པའི་དངོས་པོ་ཡོད་མེད་དྲིས་པར། ཁོང་ན་རེ།“ངའི་ཤེས་ཡོན་ཕུད་གཞན་ཅི་ཡང་མེད་”ཅེས་ལན་བཏབ། ཁོང་ལ་བློ་སྤོབས་སྐྱེ་འོས་པའི་དོན་དེ་ནི། ཁོང་གི་ལུས་ཐོག་ཏུ་དངུལ་ལ་རི་བའི་དངོས་པོ་ཅི་ཡང་མེད་མོད། འོན་ཏེ་ཁོང་ལ་དངུལ་གྱི་རིན་གོང་གིས་གཞལ་ཐབས་མེད་པའི་སྒྱུ་རྩལ་གྱི་ཤེས་ཡོན་མངའ་བ་ཡིན།  དེ་ཡང་“འཛམ་གླིང་ཐོག་མིའི་བླའམ་རྣམ་ཤེས་ལས་རྩ་ཆེ་བའི་དངོས་པོ་གང་ཡང་མེད་ལ། དངོས་པོ་ཀུན་དེའི་དོ་ཟླར་མི་འགྲོ་”ཞེས་པའི་ལེགས་བཤད་དེ་ནི་བློ་སྤོབས་ཡངས་པའི་རྩོམ་མཁན་ཁོང་གི་བརྩམས་ཆོས་ནང་ནས་ང་ཚོར་གསུངས་ཡོད།

དོན་དངོས་སུ་སྐྱེ་བོ་གྲགས་ཅན་འདི་དག་གི་དཔེ་རེ་རེ་བཞིན་བརྗོད་དོན་མེད་དེ། ང་ཚོས་རང་གི་ཉེ་འཁོར་དུ་ཐོན་དང་ཐོན་ཀྱིན་པའི་སྣང་ཚུལ་ལ་འདང་རེ་རྒྱབ་ན་མཐུས་ཏེ། ངས་རྒྱུན་དུ་ཤེས་པའི་དོན་ཞིག་ནི། སྤྱིར་བཏང་གི་ཆར། མཐོང་སྙིང་མ་འདོད་པའི་བླའམ་རྣམ་ཤེས་ཀྱི་རྟགས་མཚན་ཞིག་ཡིན་ནའང་དེས་མི་རྣམས་ཡིད་སྐྱོམ་པར་བྱེད་པའི་བརྡ་རྟགས་རྣོན་པོ་རེ་འཕྲོས་བཞིན་མཆིས།

ཐེངས་ཤིག་ང་མེ་འཁོར་ནང་བསྡད་དེ་ཡུལ་སྐོར་ལ་འགྲོ་སྐབས། མེ་འཁོར་ནི་བྱ་འཕུར་བ་ལྟར་བསྐྱོད་ལ། འཁོར་སྒྲོམ་ནང་ཅ་ཅོ་འུར་སྒྲས་ཁེངས་ཤིང་། འགྲུལ་པ་ཚོས་སྐད་ཆ་བཤོད་པ་དང་ཏག་སེ་རྩེ་བ། ཞོར་ཟས་ཟ་བ་སོགས་ལ་མགོ་འཁོར་འདུག གཞོན་ནུ་མ་ཞིག་འདུག་པ་དེ་འཁོར་སྒྲོམ་གྱི་ཟུར་ཞིག་ཏུ་བློ་རྩེ་གཅིག་གིས་དཔེ་དེབ་ལྟ་བཞིན་མཆིས། ཁོ་མོའི་བློ་རྩེ་གཅིག་གིས་དེབ་ལྟ་བ་དང་མཚམས་མཚམས་སུ་ཟིན་བྲིས་ཆུང་ཆུང་དེའི་ཐོག་ཏུ་ཅི་ཞིག་ཟིན་ཐོར་འགོད་ཀྱིན་འདུག་པར་བསམ་ཚེ། རང་གི་ཉེ་འཁོར་གྱི་ཅ་ཅོ་དང་འུར་སྒྲ་དེ་དག་ཅི་ཡང་ཐོས་མེད་པ་དང་མཚུངས། ཁོ་མོ་ཞི་འཇམ་ཁུ་སིམ་གྱི་བདེ་ལྡན་ཞིང་ཁམས་ཤིག་ཏུ་འབྱོར་བ་དང་འདྲ་བའི་སྣང་བརྙན་དེར་ལྟ་བཞིན། བདག་ལ་ཡིད་འགུལ་ཆེན་པོ་ཐེབས་སུ་བཅུག་ཅིང་། རང་ཉིད་གཞོན་ནུ་ཡིན་དུས་ཀྱི་དུས་སྐབས་དེ་དྲན་པར་ཤར་ལ། དེ་དུས་བདག་ཀྱང་ཁོ་མོ་དང་འདྲ་བར། རང་ཉིད་ཁོར་ཡུག་ཟང་ཟིང་གང་འདྲ་ཞིག་ཏུ་གནས་ཀྱང་། དཔེ་དེབ་འཛིན་ནས་ལྟ་མགོ་བརྩམས་མ་ཐག་དེ་དག་ཡོད་ཚད་སྣང་ཡུལ་ལས་ཡལ་འགྲོ       ད་ཆ་རང་ཉིད་རྩོམ་མཁན་ཞིག་ཡིན་པ་དང་དཔེ་དེབ་ཀྱང་མང་པོ་དཔེ་སྐྲུན་ཐུབ་ཡོད་མོད། བདག་གི་བློ་ཁ་དབང་མེད་ངང་དཔེ་ཀློག་ལ་ཧུར་སེམས་འབར་བའི་གཞོན་ནུ་མ་དེར་ཡིད་སྨོན་འཆོར་ལ། ཁོ་མོ་དང་མྱོང་བ་གཅིག་མཐུན་དུ་གྱུར་པའི་རང་གི་གཞོན་དུས་ཀྱི་ལོ་ཟླའི་ཁྲོད་ཀྱི་དྭངས་གཙང་གི་རེ་སྙེགས་དེར་ལྡོག་མེད་ཀྱི་དྲན་གསོ་ཡང་ཡང་བྱ་དགོས་བྱུང་།

པེ་ཅིང་དུ་དུས་ལྟར་འཛམ་གླིང་གི་རི་མོ་གྲགས་ཅན་འགྲེམ་ཚོགས་བྱེད་སྒོ་སྤེལ་བའི་སྐབས། སྐད་གྲགས་མེད་པའི་གཞོན་ནུ་རི་མོ་མཁས་པ་མང་པོ་ཞིག་གིས་ཟས་གོས་གྲོན་ཆུང་དང་སྒེར་དངུལ་གྲབས་གསོག་བྱས་ཏེ། རྒྱལ་ཡོངས་ས་ཆ་ཁག་ནས་ཐལ་རལ་འཚུབ་འཚུབ་ངང་རྒྱལ་སར་ཡོང་ཞིང་གྲགས་ཅན་གྱི་རི་མོ་དེ་དག་གི་མདུན་ནས་མྱོང་རོལ་ལ་མགོ་འཁོར་ཏེ་ཕྱིར་ལོག་རྒྱུའང་རྦད་དེ་བརྗེད་འགྲོ་ བདག་གིས་འགྲེམ་སྟོན་ཚོམ་ཆེན་ནང་ལངས་བསྡད་དེ། ཧུར་བརྩོན་ངང་ཁ་མིག་གྱེན་དུ་ཕྱོགས་པའི་གཞོན་ནུ་ཚོའི་ངོ་གདོང་ལ་ལྟ་བཞིན་རང་སེམས་གཡོ་འགུལ་ཐེབས་ཀྱིན་འདུག དེ་དུས་ངས་རང་ཉིད་ལ་དྭངས་གཙང་གི་རེ་སྙེགས་ལྡན་པའི་གཞོན་དུས་ཀྱི་ལོ་ཟླ་ནི་མེ་ཚེའི་ནང་གི་ཆེས་མཛེས་ཤིང་སྡུག་པའི་ལོ་ཟླ་དེའོ་ཞེས་བཤད་པ་ཡིན།

ལོ་ཟླ་དུ་མ་ཕར་ལ་འདས་སོང་། བདག་གི་ནམ་རྒྱུན་དུ་རང་དབང་མེད་པར་མེ་འཁོར་ཐོག་གི་གཞོན་ནུ་མ་དེ་དང་འགྲེམ་སྟོན་ཁང་ནང་གི་གཞོན་ནུ་དེ་དག་ཡང་ཡང་དྲན་ཡོང་ལ། ད་ཆ་ཁོ་ཚོ་གང་འདྲ་ཡོད་མེད་རྟོགས་ཐབས་བྲལ། བདག་གི་རྟོག་དཔྱོད་ལྟར་ན། མིའི་ན་སོ་གཞོན་དུས་ནི་ཕུགས་བསམ་གྱི་གཏམས་པ་ཞིག་རེད་ལ། ལོ་ཇེ་ཆེར་ལོངས་པ་དང་དོན་དངོས་དང་ཁ་ཐག་ཇེ་ཉེར་འགྲོ་སླ། དེ་ཡང་འཚོ་གནས་ཀྱི་གནོན་ཤུགས་དང་དངོས་པོའི་ཁེ་ཕན་གྱི་ཤན་ཤུགས་ཕོག་པ་དང་། མི་ཚང་མས་ལྟ་ཕྱོགས་དང་སེམས་ཤུགས་དེ་ཕྱིའི་འཇིག་རྟེན་ལ་འཕྲོས་ཤིང་རང་གི་ནང་སེམས་ཀྱི་འཇིག་རྟེན་སྣང་མེད་དུ་གཏོང་། དེའི་མཇུག་འབྲས་ནི་བླའམ་རྣམ་ཤེས་ཉིན་རེ་ལས་མ་འདས་པར་ཉམ་རྒུད་དང་སྟོང་སང་སང་དུ་གྱུར་ཅིང་། དེའི་ཤུལ་དུ་འཛམ་གླིང་ཐོག་བྲེལ་བྲེལ་རྫོགས་མེད་དུ་རྒྱུ་བའི་གཟུགས་ཕུང་དེ་ལས་ལྷག་མེད། དེས་ན་མི་ཞིག་ལ་མཚོན་ན། དོན་དེ་ལས་ཡིད་སྐྱོ་དགོས་པའི་དོན་ཞིག་ཡེ་ནས་མེད་དོ།། དེ་ལྟར་བདག་གི་སེམས་དབུས་ནས་ཁོ་ཚོས་སྔར་བཞིན་དྭངས་གཙང་གི་རེ་སྙེགས་རྒྱུན་འཁྱོངས་ཀྱིས་ཡིད་སྐྱོ་དགོས་པའི་གོལ་ལམ་འདིར་ཕྱིན་མེད་པའི་སྨོན་ལམ་འདེབས་ཀྱིན་ཡོད།

2019.9.9ཉིན།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།