སྒྲུང་གཏམ་དང་གཏམ་རྒྱུད། ཡང་ན་གཞན་དག

c614c372d02e16ad15d16a93fc045a7b.jpg

རང་སྒྲ། ཕོ། བོད་རིགས། རྩོམ་རིག་རབ་འབྱམས་པ།རྩོམ་སྒྲིག་ཞུས་ཆེན་པ། ཞིབ་འཇུག་ཁ་ཕྱོགས། ནང་བསྟན། རྩོམ་རིག 《བོད་ཀྱི་དགོན་སྡེའི་རིག་གནས་སྤྱི་བཤད་མེ་ཏོག་ཕྲེང་བ》དང《འབའ་གཞུང་ལོ་རྒྱུས་མེས་པོའི་ཞལ་ལུང》 《རྩོམ་རིག•གསར་རྩོམ•དཔྱད་བརྗོད》《ཐོན་མི་སམྦྷོ་ཊའི་མཛད་རྗེས་ལས་བརྩམས་པའི་རྟོགས་བརྗོད་ཀུན་ཏུ་བཟང་པོའི་ཟློས་གར》 《གངས་འདབས་ཀྱི་གཏམ་རྒྱུད》《ཚེ་རྒྱལ་གྱི་སྒྲུང་གཏམ་ཕྱོགས་བསྒྲིགས》(རྒྱ་ཡིག) 《ཕལ་བའི་མི་ཚེ》སོགས་རིག་གཞུང་ཞིབ་འཇུག་དང་རྩོམ་རིག་བརྩམས་ཆོས་ཀྱི་དཔེ་དེབ་བདུན་ཙམ་དཔེ་སྐྲུན་བྱས་ཡོད། 《མང་ཚོགས་སྒྱུ་རྩལ་ལེགས་རྩོམ་དཔེ་ཚོགས》དེབ12དང་། 《བོད་ཀྱི་དམངས་སྲོལ་རིག་གནས་དཔེ་ཚོགས》དེབ18། གཞན་ཡང《བོད་ཀྱི་དམངས་ཁྲོད་རྩོམ་རིག་དཔེ་ཚོགས》དེབ7བཅས་དེབ37ཙམ་གཙོ་སྒྲིག་ཞུས་ཏེ་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་དང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཡོད། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང་། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི། མཚོ་སྔོན་ཞིང་ཆེན་ལོ་ཙཱ་བའི་མཐུན་ཚོགས་ཀྱི་ལས་འཛིན་བཅས་དང་། ད་ལྟ་མཚོ་སྔོན་ཞིང་ཆེན་རིག་གནས་ཁང《བོད་ཀྱི་དམངས་སྲོལ་རིག་གནས》རྩོམ་སྒྲིག་ཁང་དུ་རྩོམ་སྒྲིག་གི་ལས་ཀ་གཉེར་མུས་ཡོད།

སྒྲུང་གཏམ་ལ་གཏམ་རྒྱུད་ཀྱི་ནུས་པས་ཤུགས་འདོན་གྱིན་ཡོད། སྒྲུང་གཏམ་ལ་གཏམ་རྒྱུད་ཡོད་པས་ད་གཟོད་གསོན་ཤུགས་ཡོད་པ་དང་། ཀློག་པ་པོའི་ཡིད་དབང་འགུགས་པའི་ནུས་པ་ཐོན་པ་རེད། དེ་ལྟ་མིན་ན་སྒྲུང་གཏམ་སྙན་ངག་མིན་པས་དབྱངས་ཀྱི་འགྲོས་མེད་ལ། དབྱངས་ཀྱི་འགྲོས་མེད་པས་སེམས་ཀྱི་ཚོར་འདུ་དྲག་པོ་མཚོན་མི་ཐུབ་པས་ཀློག་པ་པོ་འགུགས་པའི་ཐབས་མེད། དེ་བཞིན་དུ་སྒྲུང་གཏམ་ཟློས་གར་མིན་པས་གཟུགས་བརྙན་མེད་ལ་གཟུགས་བརྙན་གྱིས་ལྟད་མོ་བ་འགུགས་པའི་ནུས་པའང་མེད། འཇིག་རྟེན་འདིར་སྒྲུང་གཏམ་དར་བའི་རྒྱུ་རྐྱེན་གཏམ་རྒྱུད་ལ་རག་ལས། མིའི་རིགས་ཀྱིས་ཕན་ཚུན་ལ་གཏམ་རྒྱུད་འཆད་པའི་གོ་རིམ་རྩེར་སོན་ཏེ་ད་གཟོད་ད་ལྟའི་སྒྲུང་གཏམ་བྱུང་བ་རེད།

1.གཏམ་རྒྱུད་འཚོལ་བ

སྒྲུང་གཏམ་དང་གཏམ་རྒྱུད་ལ་རྟེན་བྱུང་འབྲེལ་གྱི་འབྲེལ་བ་ཡོད་པའི་རྒྱུ་མཚན་གྱིས་རྩོམ་པ་པོ་གསར་རྩོམ་ལ་འཇུག་སྐབས་ཀྱི་ཐོག་མའི་ཉེར་བསྡོགས་ནི་གཏམ་རྒྱུད་འཚོལ་རྒྱུ་དེ་ཡིན། རྩོམ་པ་པོའི་ཀླད་པར་གསར་རྩོམ་གྱི་ཚ་རླབས་རྒྱུག་པ་ནས་བློས་བསླངས་བྱེད་པ། གོ་རིམ་དགོད་པ། དངོས་སུ་གསར་རྩོམ་ལ་ཞུགས་པ་བཅས་ཀྱི་གོ་རིམ་དག་ནི་སྒྲུང་གཏམ་གྱི་གཏམ་རྒྱུད་འཚོལ་བའི་གོ་རིམ་ཡིན། རྩོམ་པ་པོས་གཏམ་རྒྱུད་འཚོལ་སྐབས་ཀྱི་གནད་ས་ནི་འཕེལ་ནུས་པའི་གཏམ་རྒྱུད་ཅིག་འཚོལ་རྒྱུ་དེ་ཡིན་པ་དང་། འཕེལ་ནུས་པའི་གཏམ་རྒྱུད་ཅིག་རྙེད་རྒྱུ་དེ་རྩོམ་པ་པོའི་འབད་བརྩོན་ལ་རག་ལས་མོད། རྩོམ་པ་པོའི་ལྷན་སྐྱེས་ཀྱི་ཤེས་རབ་ཟེར་བའང་ཏག་ཏག་གཏམ་རྒྱུད་འཚོལ་སྐབས་ཀྱི་ཚོར་ཤེས་རྣོ་མིན་དེ་ལ་རག་ལས་ཡོད།

སྤྱིར་བཏང་མི་རྣམས་ཀྱིས་བརྩམས་ཆོས་ནི་རྩོམ་པ་པོའི“བསམ་ཚུལ”ཡིན་པར་བརྗོད་ཀྱི་ཡོད། བཤད་ཚུལ་དེ་ལ་སྐྱོན་ཞིག་མངའ་བ་ནི་བསམ་ཚུལ་ཙམ་བརྩམས་ཆོས་སུ་འགྱུར་ཐབས་མེད་དེ། དབུལ་པོ་ཞིག་གིས་རང་གི་དབུལ་བ་འདོར་ཕྱིར“བྱེ་མ་བཙགས་ན་གསེར་རྙེད་པ”ཡི་རིག་པ་དྲན་ཏེ་འབད་བརྩོན་གྱི་སྒོ་ནས་བྱེ་མ་བཙགས་པས་གསེར་མང་པོ་རྙེད་དེ་རྗེས་སུ་ཕྱུག་པོར་གྱུར་པའི་གཏམ་རྒྱུད་ཅིག་བསྒྲིགས་ཐུབ་ནའང་། དབུལ་པོ་ཞིག་གིས་རང་གི་བཀྲེས་པ་སེལ་ཕྱིར་བྱེ་མ་བཙགས་ན་སྣུམ(ཁ་ཟས)འབྱུང་བའི་རིག་པ་བློས་བསླངས་བྱས་ཏེ་འབད་པས་བྱེ་མ་བཙགས་པས་རྗེས་སུ་ཕྱུག་པོ་གྱུར་པའི་གཏམ་རྒྱུད་ཅིག་བསྒྲིགས་མི་ཐུབ། ཡིན་ནའང་། “བྱེ་མ་བཙགས་ན་གསེར་འབྱུང་བ”དང་།“བྱེ་མ་བཙགས་ན་སྣུམ་འབྱུང་བ”ཡི་གཏམ་རྒྱུད་གཉིས་ཀའང་རྩོམ་པ་པོའི་བསམ་ཚུལ་གྱི་ཁོར་ཡུག་ན་ཡོད་ཆོག་མོད། ང་ཚོས་གཏམ་རྒྱུད་འཚོལ་སྐབས་སྔ་མའི་བསམ་ཚུལ་ལྟ་བུ་ཞིག་གི་རྨང་གཞིའི་སྟེང་གཏམ་རྒྱུད་འཚོལ་དགོས།

རྩོམ་པ་པོས་སྒྲུང་གཏམ་གྱི་གཏམ་རྒྱུད་འཚོལ་དུས་རྒྱུན་དུ་གཏམ་རྒྱུད་ཡག་པོ་ཞིག་དང་རིང་པོ་ཞིག་རྙེད་ཐུབ་པའི་ངེས་པ་མེད་མོད། འོན་ཀྱང་། གཏམ་རྒྱུད་ཐུང་ངུ་ནི་རང་རེ་ཕན་ཚུན་བར་གྱི་ཁ་བརྡ་དང་། ཕ་རོལ་པོའི་བྱ་སྤྱོད་སོགས་ཁོ་ར་ཁོར་ཡུག་གང་དུའང་བསྐོངས་ཡོད། འགའ་རེས་གཏམ་རྒྱུད་ཅིག་རྙེད་མ་ཐག་དེ་ཁོ་ནས་ཡིད་ཚིམས་ཏེ་དེ་ནི་རྩོམ་མཇུག་སྒྲིལ་བའི་བར་རྒྱུན་བསྲིངས་ཡོད། ཞིབ་ཏུ་བལྟས་ན། དེ་ལས་ཐོག་མའི་ས་བོན་ཉིད་ལས་གཏམ་རྒྱུད་དེའི་གསེང་དུ་སྦ་ཞིང་འཕེལ་ནུས་པའི་ཆ་ཅི་ཡང་སྔོག་འདོན་བྱས་མེད། དེ་བས་གཏམ་རྒྱུད་གཅིག་གི་གདན་ཐོག་ཏུ་སྡོད་པ་དེས“གཏམ་རྒྱུད་འཚོལ་བ”ཡི་ལས་ཀའི་ཆ་ཡོངས་སུ་འགྲུབ་མེད།

གཏམ་རྒྱུད་འཚོལ་དུས་རྩོམ་པ་པོའི་ཚོར་ཤེས་ཤིན་ཏུ་གལ་ཆེ། ཚོར་ཤེས་རྣོ་བའི་རྩོམ་པ་པོ་ཞིག་ལ་མཚོན་ན་གཏམ་རྒྱུད་ཆུང་ངུའམ་གཏམ་རྒྱུད་རྐྱང་མ་ཞིག་ལས་མ་རྙེད་ཀྱང་། ཚོར་ཤེས་ཀྱི་དབང་གིས་གསར་རྩོམ་གྱི་གོ་རིམ་ཁྲོད་ནས་གཏམ་རྒྱུད་འཕེལ་རྒྱས་སུ་གཏོང་ཐུབ། དེ་ལྟ་མིན་ནའང་། གསར་རྩོམ་སྐབས་སྔར་གྱི་གཏམ་རྒྱུད་དེའི་ཟུར་མང་པོ་ལ་བསམ་བློ་བཏང་སྟེ་ཆེས་ལེགས་པའི་ཆ་ཞིག་ནས་མགོ་བཟུང་སྟེ་གསར་རྩོམ་བྱེད་དགོས་འདུག དཔེར་ན། 《ཕ་ཡུལ་གྱི་ལམ་ཕྲན་སྟེང་ན》(《མང་ཚོགས་སྒྱུ་རྩལ》1989ལོའི་དེབ་དང་པོ། ཁོ་བོའི་སྒྲུང་གཏམ་ཐོག་མ། 《གངས་འདབས་ཀྱི་གཏམ་རྒྱུད》ཅེས་པའི་སྒྲུང་གཏམ་ཕྱོགས་བསྒྲིགས་སུ་བདམས་ཡོད།)ཞེས་པ་ལྟ་བུར་མཚོན་ན། གཏམ་རྒྱུད་ཤིན་ཏུ་རྐྱང་མ་ཞིག་སྟེ། “གཞོན་ནུ་ཕོ་མོ་གཉིས་ལ་བརྩེ་དུང་ཆགས་ཀྱང་ཁྱིམ་ཚང་གི་འགལ་བའི་དབང་གིས་ཁྱིམ་གཅིག་ཏུ་འཛོམས་མ་ཐུབ་པར་སོ་སོར་གྱེས་ཏེ་ལོ་བཅུ་འདས། ལོ་བཅུའི་རྗེས་སུ་ཕ་ཡུལ་གྱི་ལམ་ཕྲན་ཞིག་གི་སྟེང་ནས་ཁོ་དང་ཁོ་མོ་གཉིས་ཐོག་མར་འཕྲད་པ”ཡི་གཏམ་རྒྱུད་ཅིག་ཡིན། གཏམ་རྒྱུད་དེ་ལ་སྤྱིར་གཞོན་ནུ་ཕོ་མོ་གཉིས་ཀྱི་འདས་དོན་གྱི་ཚོར་བ་ཙམ་ལས་འབྲི་རིན་མེད་ཀྱང་། ཁོ་བོས་ཁྱིམ་གྱི་འགལ་བ་དེ་བོད་ཁུལ་བཅིངས་འགྲོ་བྱེད་དུས་དང་དེའི་རྗེས་སུ་བྱུང་བའི་དུས་འགྱུར་གྱི་ཕྱོགས་སུ་རྒྱུན་བསྲིངས་ཏེ་བྲིས་པ་ཡིན། འབྲི་ཐབས་ཀྱི་ཆ་ནས་མི་སྣ་དང་པོ“ང”ཁོ་མོར་བསྒྱུར་བ་དང་། ཁོ་མོ་རང་ཉིད་དུ་བསྒྱུར་བ་སྟེ། མི་སྣ་གོ་བརྗེའི་ངང་ནས་སེམས་ཀྱི་ཚོར་བ་འདོན་ཅི་ཐུབ་བྱས་པ་དང་། བཟོ་ལྗོངས་ནི་འཇག་མ་ཐར་ཐོར་སྐྱེས་པའི་ཕ་ཡུལ་གྱི་ལམ་ཕྲན་ཞིག་བཀོད་སྒྲིག་བྱས་ཏེ། གཏམ་རྒྱུད་ཡོངས་རྫོགས་བཟོ་ལྗོངས་འདི་ནས་རྫོགས་པར་བྱས་ཡོད།

གཏམ་རྒྱུད་ཅིག་བསྒྲིགས་ན“བསམ་ཚུལ”སྤྱིར་བཏང་བ་ཞིག་ཡི་གེར་བཀོད་པས་མི་ཆོག་སྟེ། སྤྱིར་བཏང་གཏམ་རྒྱུད་ཅིག་འགྲུབ་པ་ལ་ཆ་རྐྱེན་བཞི་ཙམ་ཚང་དགོས། དེ་ལས་ཐོག་མ་ནི“ཡིད་བཟོ”(ཡིད་ཀྱི་བཟོ་བཀོད་ཅེས་པའི་ཚིག་བསྡུས་པ)ཡིན། ཡིད་བཟོ་ནི་རྩོམ་རིག་གསར་རྩོམ་གྱི་ཁྲོད་དུ་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཡིན་པར་མ་ཟད། གཏམ་རྒྱུད་ཀྱི་སྔོན་འགྲོ་ཡང་ཡིན། ཡིད་བཟོའི་ནང་དུ་བསམ་བློའི་བརྗོད་བྱ་དང་། རྩོམ་པ་པོའི་བློས་བསླངས། གསར་རྩོམ་གྱི་དམིགས་འདུན་ལ་སོགས་པ་འདུ། དེ་ནི་གཏམ་རྒྱུད་འཚོལ་བའི་གོ་རིམ་དང་པོ་ཡིན། གོ་རིམ་གཉིས་པ་ནི་མི་སྣ་སྟེ། གཏམ་རྒྱུད་དེ་གསོན་ཉམས་ལྡན་པ་ཞིག་ཡིན་མིན་དང་། གཏམ་རྒྱུད་ཀྱི་བོངས་ཚོད་སོགས་ནི་མི་སྣ་ལ་རག་ལས་ཡོད་ཅིང་། གཙོ་བོ་ནི་མི་སྣ་དེ་ཀློག་པ་པོའི་སེམས་ཁམས་དང་འབྱོར་དགོས། གོ་རིམ་གསུམ་པ་ནི་བརྗོད་སྙིང་གཙོ་བོ་སྟེ། གསར་རྩོམ་སྐབས་སུ་རྩོམ་པ་པོས་བསྡུ་ཉར་བྱས་པའི་རྒྱུ་ཆ་ཡོངས་རྫོགས་ཀྱིས་མདོར་བསྡུས་ན་བརྗོད་སྙིང་ལ་ཞབས་འདེགས་ཞུ་བཞིན་ཡོད། བརྗོད་སྙིང་གཙོ་བོ་ནི་བརྩམས་ཆོས་ཀྱི་ཁོང་གི་སྙིང་དང་དཔྲལ་བའི་མིག་ཡིན། གོ་རིམ་བཞི་པ་ནི་གཏམ་རྒྱུད་ཀྱི་སྒྲིག་གཞི་སྟེ། རྩོམ་པ་པོས་ཇི་ལྟར་སྤྲོས་བརྗོད་བྱེད་རྒྱུ་དེ་རེད། ང་ཚོས་བློ་རྩིང་བས་རྟོག་དཔྱོད་བྱས་ན་དེ་དག་ནི་རྒྱུན་ཆགས་ཤིང་ཕན་ཚུན་གཅིག་ལ་གཅིག་བརྟེན་པའི་དབང་གིས་གཅིག་གསལ་བྱེད་བྱས་པས་ཅིག་ཤོས་རྣམས་གསལ་བྱེད་བྱ་མི་དགོས་པའི་རྣམ་པ་ཆགས་ཡོད་ཀྱང་། དངོས་སུ་གསར་རྩོམ་ལ་ཞུགས་མཁན་དག་གིས་ཉམས་ཞིབ་བྱས་ན་དེ་དག་གིས་གསར་རྩོམ་གྱི་ལྷུ་ཚིགས་འདི་ནས་རང་རང་གི་ཐུན་མོང་མ་ཡིན་པའི་ནུས་པ་ཐོན་གྱིན་ཡོད། སྤྱིར་ཐོག་མའི་ཡིད་བཟོ་དེ་མཇུག་མཐའི་སྤྲོས་བརྗོད་དང་ཡོངས་སུ་མཐུན་དགོས་པ་ལ། མི་སྣ་འཕེལ་འགྲིབ་ཀྱི་དབང་གིས་ཐོག་མའི་བློས་བསླངས་དེར་འགྱུར་བ་མི་འབྱུང་བའང་ཡེ་མི་སྲིད། མི་སྣ་དང་སྒྲིག་གཞིའི་དབང་གིས་ཐོག་མའི་ཡིད་བཟོ་དེ་སྐབས་རེར་ངོ་བོའི་སྟེང་ནས་འགྱུར་ལྡོག་འབྱུང་བའང་ཡོད་པས་རྩོམ་པ་པོ་ཉམས་མྱོང་ཅན་ཞིག་ཡིན་ན་ཆ་རྐྱེན་བཞི་བོ་དེ་ཕན་ཚུན་ཉོག་བསྲེས་བྱེད་པར་གཟབ་ངེས་ཡིན།

གཏམ་རྒྱུད་ཀྱི་ཁྲོད་ནས་དེའི་འགལ་འདུ་འཚོལ་དགོས་ཏེ། གཏམ་རྒྱུད་རྙེད་རྗེས་དེའི་ཁྲོད་ཀྱི་འགལ་འདུ་སྔོག་འདོན་བྱེད་རྒྱུ་དེ་དམིགས་ཡུལ་གཙོ་བོ་ཡིན། དེས་ན་རྩོམ་པ་པོའི་བསམ་ཚུལ་དེ་འགལ་འདུ་དང་ངོ་བོ་གཅིག་ཏུ་འགྱུར་དགོས། གལ་ཏེ་གཏམ་རྒྱུད་ལ་འགལ་འདུ་ཅི་ཡང་མེད་ན་དེ་ནི་ང་ཚོས་འཚོལ་བཞིན་པའི་གཏམ་རྒྱུད་ངོ་མ་དེ་མིན། དཔེར་ན། རང་ཉིད་འཁོར་ཞག་ཏུ་ཕ་ཡུལ་དུ་བསྐྱོད་པའི་གཏམ་རྒྱུད་ཅིག་འབྲི་བའི་བསམ་ཚུལ་བྱུང་ན། དེའི་ཁྲོད་དུ་ཟློས་གར་རང་བཞིན་ཅི་ཡང་མེད་ཚེ་གཏམ་རྒྱུད་དེའི་ཁྲོད་དུ་འགལ་འདུ་ཡོད་མི་སྲིད། གཏམ་རྒྱུད་དེ་འདྲ་ལ་ཡིད་བཟོའི་རྩི་ཅི་ཡང་འདྲེས་མེད། དེས་ན་རྩོམ་པ་པོས་གཏམ་རྒྱུད་དེ་རུ་རྩི་བྱས་ཏེ་དབྲི་སྣོན་ལེགས་པོ་བྱས་ཏེ་གཏམ་རྒྱུད་ཕུན་སུམ་ཚོགས་པ་ཞིག་ཏུ་གཏོང་བར་ལས་ཀ་མང་པོ་བྱེད་དགོས། དེ་ལྟར་མ་བྱས་ན་གཏམ་རྒྱུད་དེ་ལ་ཡིད་བཟོའི་ལྷད་བརྒྱབ་མེད་པས་གཏམ་རྒྱུད་འཚོལ་བའི་ལས་ཀ་འགྲུབ་མི་འདུག འཁོར་ཞག་ཏུ་ཕ་ཡུལ་ལ་བསྐྱོད་སྐབས་མི་སྣ་གཙོ་བོའི་ཁྱིམ་གཞི་དེ་སྡེ་བ་དེ་ན་ཤུལ་མེད་དུ་གྱུར། མི་སྣ་གཙོ་བོས་དེའི་རྒྱུ་རྐྱེན་འཚོལ་ཆེད་རང་ཉིད་སྔར་གྱི་ལས་གནས་ལས་བུད་དེ་དོན་དག་བརྩད་ཞིབ་བྱེད་བཞིན་པ་ཞིག་ཡིན་ཚེ་ད་གཟོད་དེ་ནི་སྤྱིར་བཏང་གི་འཁོར་ཞག་ཅིག་གི་ཚུལ་ལས་འདས་ཏེ་ཟློས་གར་རང་བཞིན་ལྡན་པ་རྟོགས་ཐུབ་པར་མ་ཟད། གཏམ་རྒྱུད་དེ་ལ་ཡིད་བཟོའི་རྩི་འདྲེས་པའང་ཞོར་དུ་རྟོགས་ནུས།

ངེས་དགོས་པ་ཞིག་ནི་བསམ་ཚུལ་ཙམ་ལ་གཏམ་རྒྱུད་ཅེས་མི་བརྗོད་པ་དང་། གཏམ་རྒྱུད་ནི་རྩོམ་པ་པོའི་བསམ་ཚུལ་སྟབས་བདེ་དེ་ཡང་མིན། གཏམ་རྒྱུད་ཀྱི་ཁོངས་སུ་མི་མངོན་པའི་ཤུགས་སྦས་ཡོད་པས་གཏམ་རྒྱུད་ནི་ས་གནས། དུས་ཚོད། དོན་དག བརྗོད་དོན་ཡོད་པ་ཙམ་གྱིས་འདས་པའི་གཏམ་རྒྱུད་ཅིག་མ་ཡིན་པར་འབྱུང་བཞིན་པའི་ད་ལྟ་བའི་གཏམ་རྒྱུད་ཅིག་ཡིན་དགོས།

2.གཏམ་རྒྱུད་སྔོག་འདོན་བྱེད་པ།

རྩོམ་པ་པོའི་སྤྱིར་བཏང་གི་བསམ་ཚུལ་དེ་འཕེལ་རྒྱས་བྱུང་སྟེ་ཡིད་བཟོའི་གནས་སུ་སླེབས་ཚེ།ད་གཟོད་རྩོམ་པ་པོའི་གཏམ་རྒྱུད་འཚོལ་བའི་དམིགས་ཡུལ་གྲུབ་པ་ཡིན། ཡིན་ནའང་། རྩོམ་པ་པོས་གཏམ་རྒྱུད་དེ་ཡིད་བཟོ་བྱས་རྗེས་མུ་མཐུད་དུ་གཏམ་རྒྱུད་སྔོག་འདོན་བྱེད་རྒྱུ་ལས་སོ་ན་གནས་པའི་གཏམ་རྒྱུད་དེ་ལ་ཡིད་ཚིམས་ཏེ་སྡོད་རྒྱུ་དེ་མ་ཡིན། གཏམ་རྒྱུད་སྔོག་འདོན་བྱེད་ཐབས་དེ་མདོར་བསྡུས་ན་གོ་རིམ་གསུམ་དུ་འདུ་སྟེ། གོ་རིམ་དེ་གསུམ་ནི་སྐབས་རེར་ཅིག་ཅར་དུ་འབྱུང་བ་དང་སྐབས་རེར་རིམ་ཅན་དུ་འབྱུང་། དེ་དག་ཅིག་ཅར་དུ་བྱུང་ནའང་རུང་། རིམ་ཅན་དུ་བྱུང་ནའང་འདྲ། སྤྱིར་བཏང་གཏམ་རྒྱུད་འཚོལ་བ-གཏམ་རྒྱུད་ཇུས་འགོད་བྱེད་པ-གསར་རྩོམ་བྱེད་བཞིན་དུ་དབྲི་སྣོན་རྒྱག་པ་བཅས་ཀྱི་ངེས་སྲོལ་འདི་ལས་འདའ་མི་ཐུབ། ཡིན་ནའང་། གཏམ་རྒྱུད་ཇུས་འགོད་བྱེད་པའི་བྱ་བའི་གོ་རིམ་ཁྲོད་ནས་རྩོམ་པ་པོས་གཏམ་རྒྱུད་འཚོལ་བའི་བྱ་བ་མཚམས་འཇོག་མི་རུང་སྟེ། ཇུས་འགོད་ཀྱི་ཁྲོད་ནས་རྩོམ་པ་པོ་ལ་དེ་ལས་ལྷག་པའི་བསམ་ཚུལ་གསར་པ་འབྱུང་སྲིད་པ་དང་། བསམ་ཚུལ་འཕེལ་ཏེ་ཡིད་ཀྱི་བཟོ་བཀོད་ཀྱི་གནས་སུ་སླེབས་ཚེ་དེས་སྔར་གྱི་གཏམ་རྒྱུད་དེ་ཕུན་སུམ་ཚོགས་པར་གཏོང་ཐུབ། དེ་བཞིན་དུ་གསར་རྩོམ་གྱི་གོ་རིམ་ཁྲོད་དུའང་གཏམ་རྒྱུད་འཚོལ་མཚམས་འཇོག་མི་རུང་བར་མ་ཟད། གཏམ་རྒྱུད་ཇུས་འགོད་ཀྱི་བྱ་བ་མཚམས་འཇོག་མི་རུང་བ་ངེས་དགོས།

རྩོམ་པ་པོས་གཏམ་རྒྱུད་ལེགས་པོ་ཞིག་རྙེད་ཡོད་མེད་སྲང་ལ་བཅལ་ཐབས་ནི། གཏམ་རྒྱུད་དེ་ཐོག་མའི་དམིགས་འབེན་སྟེང་གཞོལ་ཐུབ་མིན་དེ་ཡིན། གཏམ་རྒྱུད་ཇུས་འགོད་བྱེད་སྐབས་ཐོག་མའི་དམིགས་འབེན་ཞིག་ཡོད་ཀྱང་། གསར་རྩོམ་ལ་དངོས་སུ་ཞུགས་ཏེ་རྩོམ་མཇུག་སྒྲིལ་དུས་བརྗོད་སྙིང་ནི་ཐོག་མའི་དམིགས་འབེན་དེའི་སྟེང་དུ་མེད་པར་བརྗོད་སྙིང་གཞན་ཞིག་ཏུ་འགྱུར་བའི་སྐབས་ཡོད། དཔེར་ན།《གངས་འདབས་ཀྱི་གཏམ་རྒྱུད》(དང་ཐོག《རྨ་ཆེན་གངས་འདབས་ཀྱི་གཏམ་རྒྱུད》ཟེར། གངས་རྒྱན་མེ་ཏོག 1990ལོའི་དེབ3པར་གསལ། 《གངས་འདབས་ཀྱི་གཏམ་རྒྱུད》ཅེས་པའི་སྒྲུང་གཏམ་ཕྱོགས་བསྒྲིགས་སུ་བཀོད་ཡོད།)ལ་མཚོན་ན། ཁོ་བོའི་ཐོག་མའི་དམིགས་འབེན་ནི། ལས་དབང་སྒྲོལ་མའི་ནད་དྲག་སྟེ་ཁྱིམ་མི་ལྷན་འཛོམས་ཡོང་བའི་ཇུས་འགོད་བྱས་ཡོད་མོད། རྩོམ་མཇུག་བསྡུས་དུས་ཐོག་མའི་དམིགས་འབེན་དེ་འགྲུབ་མ་ཐུབ་པར་ལས་དབང་སྒྲོལ་མ་གངས་འདབས་དེ་རུ་རུས་སྒྲོམ་ཞིག་ཏུ་གྱུར། བྱེད་ཐབས་འདི་ལ་ཉེས་ཚབས་ཤིན་ཏུ་ཆེ་ཞེས་བརྗོད་དགོས་མོད། འདི་ལྟར་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་ནི་ཆ་ཤས་ཡོངས་སུ་རྫོགས་པའི་གཏམ་རྒྱུད་ཅིག་མ་རྙེད་པའི་སྐྱོན་རེད། གཞན་དུ་ན་གསར་རྩོམ་གྱི་སྐབས་སུ་མུ་མཐུད་དུ་གཏམ་རྒྱུད་ཇུས་འགོད་དང་གཏམ་རྒྱུད་འཚོལ་མཚམས་མ་བཞག་པའི་དཔེ་གཞི་ཞིག་ཀྱང་ཡིན་ཞེས་བརྗོད་ཆོག རྩོམ་པ་པོ་ལ་ཐོག་མའི་དམིགས་འབེན་གསལ་པོ་ཞིག་ཡོད་ཀྱང་། གཏམ་རྒྱུད་དེ་རང་གི་དམིགས་འབེན་སྟེང་དུ་གཞོལ་མ་ཐུབ་ཚེ་གཏམ་རྒྱུད་དེ་ནི་རྩོམ་པ་པོ་རང་ཉིད་ཀྱིས་འཚོལ་བཞིན་པའི་གཏམ་རྒྱུད་དེ་མིན་པ་མཚོན་ཡོད། དེ་བས་གསར་རྩོམ་གྱི་མགོ་བརྩམས་ཀྱང་ད་དུང་མུ་མཐུད་དུ་གཏམ་རྒྱུད་ཇུས་འགོད་དང་གཏམ་རྒྱུད་འཚོལ་པའི་དགོས་པ་ནི་རྩོམ་པ་པོ་རང་ཉིད་ལ་མཁོ་བའི་འཕེལ་ནུས་པའི་གཏམ་རྒྱུད་དེ་རྙེད་པའི་ཆེད་ཡིན། ཡང་གཅིག་བཤད་ན། འཕེལ་ནུས་པའི་གཏམ་རྒྱུད་ནི་ཟློས་གར་རང་བཞིན་གྱི་ཁྲོད་ནས་ཟློས་གར་རང་བཞིན་ཡོད་པ་ཞིག་ཡིན་པས་དེ་འདྲའི་གཏམ་རྒྱུད་ནི་སྔོག་འདོན་བྱེད་རིན་ཡོད་པའི་གཏམ་རྒྱུད་ཀྱི་གྲས་སུ་གཏོགས།

3.གཏམ་རྒྱུད་ཀྱི་ནུས་པ།

གསར་རྩོམ་སྐབས་སུ་གཏམ་རྒྱུད་ཀྱི་ནུས་པ་ཇི་ལྟར་བཀོལ་སྤྱོད་བྱས་པ་ལེགས་ན་སྒྲུང་གཏམ་དེ་སྒྲུང་གཏམ་རྩེ་གྲས་ཀྱི་གྲས་སུ་འགྲོ་བར་དེ་ལྟར་ཕན། གཏམ་རྒྱུད་ཀྱི་ནུས་པ་ནི་གཏམ་རྒྱུད་རྩོམ་ཚུལ་གྱི“རྩ་བའི་ནུས་རྩལ”ལས་འདོན་གྱིན་ཡོད་དེ། ཡིད་ཀྱི་བཟོ་བཀོད་དང་། མི་སྣ། བརྗོད་སྙིང་གཙོ་བོ། སྒྲིག་གཞི། བཟོ་ལྗོངས་བཀོད་སྒྲིག རྩོམ་གཤིས་བཅས་ནི་གསར་རྩོམ་ལ་མེད་དུ་མི་རུང་བའི་གཏམ་རྒྱུད་རྩོམ་ཚུལ་གྱི་རྩ་བའི་ནུས་རྩལ་ཡིན།

ཡིད་ཀྱི་བཟོ་བཀོད། ཡིད་ཀྱི་བཟོ་བཀོད་ནི་ཟློས་གར་གྱི་གནས་བབ་ཡིན། བྱུང་རིམ་གྱི་འཇུག་སྒོ་ཡིན། ཐོད་བརྒལ་གྱི་འབྱུང་ཁུངས་ཡིན། མི་སེམས་འགུག་བྱེད་ཀྱི་ལྕགས་ཀྱུ་ཡིན། མི་སྣའི་གར་སྟེགས་ཡིན། ཀློག་པ་པོ་རྣམས་གཏམ་རྒྱུད་དེ་ལ་རང་བཞིན་གྱིས་དགའ་མོས་དང་མཚར་མཚར་བྱེད་ན་དེ་ནི་ཡིད་ཀྱི་བཟོ་བཀོད་ཅུང་ལེགས་པོའི་གྲས་ཡིན། ཀློག་པ་པོ་རྣམས་གཏམ་རྒྱུད་དེའི་ཁྲོད་ཀྱི་མི་སྣའི་འགྲོ་འདུག་ཉལ་འཆག་ལྟར་འགྲོ་འདུག་ཉལ་འཆག་བྱེད་ཅིང་། མི་སེམས་ལ་ཡིད་འགུགས་ཐེབས་པ་ཞིག་ཡིན་ན་དེ་ནི་ཡིད་ཀྱི་བཟོ་བཀོད་ལེགས་པོའི་གྲས་ཡིན། ཀློག་པ་པོ་རྣམས་མི་སྣ་དང་མཉམ་དུ་འགྲོ་འདུག་ཉལ་འཆག་བྱེད་པར་མ་ཟད། ཀློག་པ་པོའི་སེམས་ཁམས་དང་མི་སྣའི་སེམས་ཁམས་གཉིས་གཞི་གཅིག་ཏུ་འདྲེས་ཏེ་བདེ་སྡུག་ལྷན་དུ་མྱོང་ཞིང་། གཏམ་རྒྱུད་ཀྱི་མཇུག་འབྲས་ནི་རང་ཉིད་ཀྱི་མཇུག་འབྲས་ཡིན་པ་ལྟ་བུའི་བསམ་ཚུལ་འབྱུང་ན་དེ་ནི་ཡིད་ཀྱི་བཟོ་བཀོད་ཤིན་ཏུ་ལེགས་པོའི་གྲས་ཡིན།

མི་སྣ། མི་སྣ་གཙོ་བོ་ལ་གཏམ་རྒྱུད་ཀྱི་རྒྱབ་ལྗོངས་སྟུག་པོ་ཞིག་དགོས། ནང་སེམས་ཀྱི་འཇིག་རྟེན་ཡངས་པོ་ཞིག་དང་ཕྱི་ཚུལ་གྱི་རྣམ་པ་གསོན་ཉམས་ལྡན་པ་ཞིག་དགོས། གཏམ་རྒྱུད་ཀྱི་བྱུང་རིམ་བརྒྱུད་དེ་མི་སྣ་གཙོ་བོ་འཕེལ་ཐུབ་ལ་འགྱུར་ཐུབ་པ། མཇུག་མཐར་གཏམ་རྒྱུད་མཇུག་སྒྲིལ་བའི་བྱེད་པ་པོའི་ནུས་པ་འདོན་ཐུབ་དགོས། ཀློག་པ་པོར་སྤྲོ་སྣང་བསྐྱེད་པའི་མི་སྣ་ཞིག་ཡིན་ན་མི་སྣ་ཅུང་ལེགས་པའི་གྲས་ཡིན། རིམ་པ་དུ་མས་ཕྱུག་པའི་མི་སྣ་ཞིག་ཡིན་ན་མི་སྣ་ལེགས་པོའི་གྲས་ཡིན། མི་སྣས་ཀློག་པ་པོའི་ཚབ་བྱེད་ཐུབ་ན་དེ་ནི་མི་སྣ་ཆེས་ལེགས་པའི་གྲས་ཡིན།

བརྗོད་སྙིང་གཙོ་བོ། བརྗོད་སྙིང་གཙོ་བོ་ནི་གཏམ་རྒྱུད་ཧྲིལ་པོའི་ནང་དོན་ཡིན། གཏམ་རྒྱུད་གསེད་འགྲོལ་བྱེད་སྤྱད་ཡིན། བསམ་གཞིག་གི་སྒོ་མོ་ཡིན། དགའ་སྐྱོ་ཆགས་སྡང་སྦྱིན་པའི་ཞིང་ས་ཡིན། དོགས་གཞི་དང་བདེ་སྡུག་གི་འབྱུང་གནས་ཡིན། བརྗོད་སྙིང་ཅུང་ལེགས་པོ་ཞིག་ཡིན་ན་འཚོ་བའི་བདེན་པ་སྟོན། ཀློག་པ་པོ་ལ་ངར་ཤུགས་བསྐྱེད་ནུས། གཏམ་རྒྱུད་དེ་ནི་དུས་ནམ་ཞིག་ལ་བྱུང་ཡང་རུང་བ་དེའི་རྒྱབ་ལྗོངས་ང་ཚོ་ལ་འབྲེལ་ཐུབ། བརྗོད་སྙིང་ལེགས་པོའི་རིགས་ཀྱིས་ཀློག་པ་པོ་ལ་བྱ་དངོས་ཀྱི་ཕྱོགས་གཉིས་སྟོན་ཐུབ། མི་སྣ་གཙོ་བོ་འགུལ་སྐྱོད་ཀྱི་ཁོར་ཡུག་ཧ་ཅང་ཆེ། གཏམ་རྒྱུད་མཐར་ཆོད་ཅིང་བག་འཁུམ་པའི་རྣམ་པ་མེད། མི་སྣ་བརྒྱུད་དེ་ང་ཚོས་བདེན་དོན་རྟོགས་ནུས་ལ་གོ་སྐབས་འཛིན་ཐུབ་པའི་བློ་སྒོ་འབྱེད་ཐུབ།

སྒྲིག་གཞི། སྒྲིག་གཞི་ནི་གཏམ་རྒྱུད་བཀྲམ་ཚུལ་གྱི་གོ་རིམ་ཡིན། འདི་ལས་གཏམ་རྒྱུད་ཀྱི་མགོ་རྩོམ་ས་དང་མཇུག་བསྡུ་ས་མངོན་ཐུབ་པར་མ་ཟད། གཏམ་རྒྱུད་ཀྱི་ལྷུ་ཚིགས་རེ་རེའི་གལ་གནད་ཀྱང་མཐོང་ཐུབ། ལྷུ་ཚིགས་རེ་རེ་ལ་དེའི་ཚིག་སྦྱོར་སྤེལ་སྟངས་དང་རང་ཉིད་ལ་ཡོད་འོས་པའི་ལས་འགན་ཡོད། དེ་ལས་བཟོ་ལྗོངས་བཀོད་སྒྲིག་གི་རྣམ་པ་ཡང་མངོན་ཐུབ། སྒྲིག་གཞི་ཅུང་ལེགས་པོ་ཞིག་ཡིན་ན་ཀློག་པ་པོ་བརྒྱུད་བརྒྱུད་ཀྱི་སྒོ་ནས་གཏམ་རྒྱུད་ཀྱི་ཁྲོད་དུ་འདྲེན་ཐུབ། འདི་ལས་གཏམ་རྒྱུད་ཀྱི་ཕན་ནུས་དང་འགུགས་ཤུགས་སྔར་ལས་ཇེ་ཆེར་གཏོང་ཐུབ། སྒྲིག་གཞི་ལེགས་པོ་ཞིག་ཡིན་ན་གཏམ་རྒྱུད་ཀྱིས་ཀློག་པ་པོར་མཚར་སྣང་བསྐྱེད་ཐུབ། ཀློག་པ་པོའི་སེམས་ཁམས་འཛིན་ཐུབ་པར་མ་ཟད། ཀློག་པ་པོར་བློ་གྲོས་རྒྱས་སུ་འཇུག་ཐུབ། གཏམ་རྒྱུད་ཀྱི་ལྷུ་རྐང་འཕྲོད་ཅིང་ཀློག་པ་པོས་གཏམ་རྒྱུད་དེར་བལྟས་པའི་དྲིན་ལན་བསབ་ཐུབ།

བཟོ་ལྗོངས་བཀོད་སྒྲིག བཟོ་ལྗོངས་བཀོད་སྒྲིག་ནི་སྡེ་ཚན་གྱི་བཀོད་འབྲི་ཡིན། སྡེ་ཚན་གྱི་བཀོད་འབྲི་ལ་བརྟེན་ཏེ་གཏམ་རྒྱུད་མུ་མཐུད་དུ་རྒྱང་དུ་བསྲིང་དགོས། དེ་ལས་གཅིག་ནས་མི་སྣ་གསར་བཞེངས་བྱེད་པ་གཙིགས་སུ་འཛིན་པ་དང་གཉིས་ནས་ཟློས་གར་གྱི་རྐྱོང་ཤུགས་གཙིགས་འཛིན་བྱེད། བཟོ་ལྗོངས་གཅིག་རེ་ལ་རང་ཉིད་ཀྱི་དམིགས་བསལ་གྱི་འོས་འགན་ཡོད། བཟོ་ལྗོངས་ཅུང་ཟད་ལེགས་པོ་ཞིག་ཡིན་ན་བཟོ་ལྗོངས་དེ་གཏན་ཚིགས་དང་མཐུན། བཟོ་ལྗོངས་ལེགས་པོ་ཞིག་ཡིན་ན་ཟློས་གར་གྱི་འཁྲབ་ཚན་ལྟར་བཟོ་ལྗོངས་རེ་རེར་འཁྲབ་ཚན་བཀོད་སྒྲིག་ཡོད་ཅིང་དེ་ལས་འགལ་འདུའི་རྐྱ་འཐབ་ཡོད། མི་སྣ་གསར་བཞེངས་དང་སྤྲོས་བརྗོད་ཀྱི་གོ་རིམ་ཁྲོད་ནས་བྱུང་རིམ་གྱི་གནད་འཛིན་དགོས།

རྩོམ་གཤིས། རྩོམ་གཤིས་ནི་ཀློག་པ་པོས་བརྩམས་ཆོས་རང་ཉིད་ལས་མྱོང་བའི་བྲོ་བ་དང་གཤིས་ཀ རྒྱུན་ཆགས་རང་བཞིན་སོགས་ཡིན། རྩོམ་གཤིས་ཅུང་ཟད་ལེགས་པོ་ཞིག་ལ་ཚིག་གི་ངོས་གཙང་བ། བརྗོད་དོན་ཐད་ཀར་དུ་མཚོན་ཐུབ་པ། དགོས་མེད་ཚིག་རྒྱན་གྱིས་སྤྲས་པ་ཉུང་བ། བརྗོད་བྱ་ལས་མི་འདའ་བ། རྩོམ་པ་པོས་ཚིག་ཁོ་ནར་ཤུགས་བརྒྱབ་པའི་མངོན་རྟགས་མེད་པ་བཅས་ཡིན། དེ་ལས་ལྷག་པའི་རྩོམ་གཤིས་ནི་ཚིག་ལ་ཤུགས་བསྟན་གྱི་དོན་མང་ཞིང་། ཚིག་ཟོར་ཡང་ཞིང་རྒྱུན་ཆགས་པ། བརྗོད་དོན་གཏིང་ཟབ་མོ་ཆེས་སྤྱིར་བཏང་ཆེས་གོ་སླ་བའི་ཚིག་སྦྱོར་གྱིས་མཚོན་ཡོད་པ་སོགས་ཡིན།

གཏམ་རྒྱུད་འཆད་སྐབས་དེ་ལ་ཚང་དགོས་པའི་ཆ་རྐྱེན་ནི་ཐོག་མར་མི་སེམས་འགུགས་པའི་ཇུས་འགོད་ཅིག་རྨང་གཞི་བྱེད་དགོས་པར་མ་ཟད། གཏམ་རྒྱུད་དེ་ལ་ཟློས་གར་རང་བཞིན་གྱི་རྐྱོང་ཤུགས་ལྡན་དགོས་ལ། དལ་ལྷོད་འཚམས་ཤིང་མི་སྣ་གཙོ་བོ་དང་མཉམ་སྐྱེས་མཉམ་འགྲོགས་བྱེད་ཐུབ་པ། ཚབ་བྱེད་རང་བཞིན་ལྡན་པ། སྤྲོས་བརྗོད་ཀྱི་ཐབས་ཇུས་ལེགས་པ་བཅས་ལས་གཏམ་རྒྱུད་ཀྱི་ནུས་པ་འབྱུང་ཐུབ། ཐབས་ཇུས་འདི་དག་བཀོལ་སྤྱོད་ལེགས་པོ་བྱས་ན་གཏམ་རྒྱུད་དེ་ནི་འགད་རྫས་ཤིག་དང་མཚུངས་པར་ག་དུས་ཡིན་ཡང་མི་གས་པའི་ངེས་པ་ཡེ་མི་སྲིད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།