སྒྲུང་གཏམ་གྱི་མི་སྣ་གཏན་འབེབས་བྱེད་ལུགས་གླེང་བ།

གཅིག མི་སྣ་གཙོ་བོ་གཏན་ལ་ཕབ་པ།

སྒྲུང་གཏམ་ལ་ཆ་མཚོན་ན། གཅིག་ན་མི་སྣ་གཙོ་བོ་ནི་དེ་ཉིད་ཀྱི་སྲོག་ཤིང་ཡིན་པ་དང་། མི་སྣ་ལ་བརྟེན་ནས་སྒྲུང་གཏམ་པའི་གསར་རྩོམ་གྱི་དམིགས་འབེན་མངོན་པར་བསྒྱུར་དགོས་པ་ལས་གཞན། ད་དུང་རྩོམ་པ་པོའི་མཛེས་དཔྱོད་ཀྱི་ཕུགས་འདུན་དང་སྤྱི་ཚོགས་ཀྱི་ལྟ་བ་སོགས་ཀྱང་མི་སྣ་གཙོ་བོར་བསྟིམས་ཏེ་གབ་པའི་སྒོ་ནས་མཚོན་དགོས་པ་དང་། གཉིས་སུ་མི་སྣ་ནི་སྒྲུང་གཏམ་གྱི་བརྗོད་བྱའི་གྲུབ་ཆ་གལ་ཆེན་ཡིན་པར་མ་ཟད། སྒྲུང་འབྲིང་དང་སྒྲུང་རིང་རྩོམ་སྐབས། མི་སྣ་གཅིག་གིས་མི་ཆོག་པར་མི་སྣ་མང་པོ་ཞིག་བརྩམས་ཆོས་སུ་འདྲེན་དགོས་པ་ན།ཟས་ལ་ཟས་སྐལ་བགོ་བ་ལྟར་མི་སྣ་རྣམས་ནི་ཡིག་ཚོགས་ལ་ལྕི་ཡང་གཏན་ནས་མེད་པའི་སྒོ་ནས་འབྲི་ཐབས་མེད་པས། སྔོན་ལ་མི་སྣ་གཙོ་བོ་གཏན་འབེབས་བྱེད་པ་དང་། དེ་ནས་མི་སྣ་གཙོ་བོ་ལ་བརྟེན་ནས་མི་སྣ་ཕལ་པ་རྣམས་ཞོར་འདྲེན་བྱ་དགོས། རང་ཉིད་གསར་རྩོམ་ལ་ཞུགས་པའི་ཉམས་མྱོང་ལྟར་ན། མི་སྣ་གཙོ་བོ་ནི་འདུན་པའི་རྗེས་སུ་འབྲངས་པ་དང་།བརྗོད་དོན་ལེགས་པར་སྟོན་པར་དམིགས་པ་དང་། བྱུང་རིམ་ལྷན་དུ་སྦྲེལ་བའི་དགོས་མཁོ་དང་བསྟུན་པ་དང་། དཔེ་མཚོན་རང་བཞིན་ལྡན་མིན་ལ་བསམ་བློ་བཏང་སྟེ་གཏན་ལ་དབབ་དགོས་པ་འདྲ།

ཀ འདུན་པའི་རྗེས་སུ་འབྲངས་པ།

སྒྲུང་གཏམ་སྐོར་ཞིག་ལ་མཚོན་ན།རྩོམ་པ་པོས་དེ་ཉིད་རྩོམ་འདོད་ཀྱི་འདུན་པ་དྲག་པོ་ནི་མི་སྣ་གཙོ་བོ་སེམས་སུ་འཕོས་པ་དང་ལྷན་དུ་བྱུང་བ་ཡིན་པས། མི་སྣ་གཙོ་བོ་སྐོར་ཞིག་ནི་སྒྲུང་གཏམ་བློས་སློང་གི་སྔ་རོལ་ཏུ་གཏན་འབེབས་བྱས་ཡོད་པ་ན། གསར་རྩོམ་གྱི་ལས་ལ་འཇུག་སྐབས་གང་ཞིག་མི་སྣ་གཙོ་བོ་ཡིན་པ་དང་། གང་ཞིག་མི་སྣ་ཕལ་པ་ཡིན་པར་བསམ་བློ་གཏོང་མི་དགོས། ཁོ་བོའི་སྒྲུང་གཏམ་རྣམས་ལ་ཆ་མཚོན་ན། མི་སྣ་གཙོ་བོ་ཡིད་ལ་འཕོས་ཏེ་གསར་རྩོམ་བྱས་པ་ལ《ཧ་ཅང་ཧ་ཅང》དང་།《འཕྲིན་ལས་རྒྱ་མཚོ》གཉིས་ཀ་ལས་མེད་པ་འདྲ་ལ། སྒྲུང་གཏམ་དེ་གཉིས་ལས་《ཧ་ཅང་ཧ་ཅང》ནི་འདོད་སྲེད་དང་སེར་སྣ་ཤིན་ཏུ་ཆེ་བའི་སྐྱེས་པ་ཞིག་གི་གཏམ་རྒྱུད་འབྲི་བའི་འདུན་པ་བྱུང་བ་ན། ཨ་ཁུ་ཐར་ལོ་སྲོག་ཤིང་བྱས་ཏེ་བྱུང་རིམ་མདུན་ལ་དེད་པ་དང་། 《འཕྲིན་ལས་རྒྱ་མཚོ》ནི་བདག་གི་སློབ་གྲོགས་ཤིག་གི་དགོད་བྲོ་ཞིང་ཡིད་སྐྱོ་བའི་མི་ཚེའི་གོ་རིམ་དེ་ཡི་གེར་འགོད་པའི་འདུན་པ་བྱུང་བ་ན། འཕྲིན་ལས་རྒྱ་མཚོ་སྲོག་ཤིང་བྱས་ཏེ་སྒྲུང་གཏམ་གྱི་བྱུང་རིམ་མདུན་ལ་དེད་པ་ལྟ་བུ་ཡིན་ནོ། །

ཁ། བརྗོད་སྙིང་ལེགས་པར་སྟོན་པར་དམིགས་པ།

རྩོམ་གཤིས་མི་འདྲ་བའི་སྒྲུང་གཏམ་གང་ཞིག་ཡིན་རུང་། དེ་ཉིད་གསར་རྩོམ་ཀྱི་ལས་ལ་ཞུགས་སྐབས། བྱུང་རིམ་ཆ་ཚང་བ་ཅིས་ཀྱང་ཡོད་དགོས་པར་མ་ཟད།རྩོམ་མཁན་གྱི་བསམ་བློའམ།ལངས་ཕྱོགས་སོགས་ཀྱང་མངོན་ལྐོག་ཅི་རིགས་ཀྱི་སྒོ་ནས་སྟོན་དགོས་པ་ན། མི་སྣ་གཙོ་བོ་བརྗོད་སྙིང་ལེགས་པར་སྟོན་པའི་དགོས་མཁོ་དང་བསྟུན་ནས་གཏན་ལ་འབེབས་དགོས་པ་དང་།ཡིད་འཇོག་བྱ་དགོས་པ་ཞིག་ནི། སྐབས་འདིའི་བརྗོད་སྙིང་ནི་བརྩམས་ཆོས་གང་ཞིག་གི་བརྗོད་བྱའི་དོན་གྱི་སྙིང་པོ་དང་རྩོམ་མཁན་གྱི་བསམ་བློ་བརྩམས་ཆོས་བརྒྱུད་ནས་བསྟན་པ་གཉིས་ཀར་འཇུག་པ་ན།མི་སྣ་གཙོ་བོ་གཏན་ལ་འབེབས་སྐབས།སྐབས་རེར་བརྗོད་བྱའི་དོན་གྱི་སྙིང་པོར་དམིགས་པ་གཏད་པ་དང་།མཚམས་རེར་རྩོམ་གྱི་བསམ་བློར་དམིགས་པ་མི་གཏད་ཀ་མེད་ཡིན།

1.བརྗོད་བྱའི་དོན་གྱི་སྙིང་པོར་དམིགས་པ་གཏད་པ།

སྒྲུང་གཏམ་གྱི་མི་སྣ་གཙོ་བོ་གཏན་ལ་འབེབས་སྐབས། རྩོམ་མཁན་གྱིས་གང་ཞིག་གནད་དུ་བཟུང་སྟེ་གསར་རྩོམ་གྱི་ལས་ལ་ཞུགས་པ་ན། སྐབས་སུ་བབ་པའི་སྒྲུང་གཏམ་གྱི་བརྗོད་བྱའི་དོན་གྱི་སྙིང་པོ་ཇི་བཞིན་སྟོན་པར་ནུས་པའི་ཆ་རྐྱེན་འོག་ཏུ། བརྗོད་བྱ་གང་དང་གང་ཡིན་པ་དེ་བྱུང་རིམ་ཆ་ཚང་བའི་སྒོ་ནས་རྫོགས་པར་སྟོན་ནུས་མིན་ལ་བསམ་བློ་གཏོང་དགོས། ཁོ་བོའི་སྒྲུང་གཏམ་རྣམས་ལ་ཆ་མཚོན་ན། བརྩམས་ཆོས་ཕལ་མོ་ཆེ་རྣམས་བློས་སློང་བྱེད་སྐབས། མི་སྣ་གཙོ་བོ་ནི་བརྗོད་བྱ་ལེགས་པར་དགོས་མཁོ་དང་བསྟུན་ནས་གཏན་ལ་ཕབ་ཡོད་དེ། ཁོ་བོའི་སྒྲུང་གཏམ་ལས་དཔེར་ན《ཟླ་བ་དང་མེ་ལོང》ཁྲོད་ན་ཟླ་བ་སྒྲོལ་མ་དང་། ཟླ་བ་ཚེ་རིང་། ཟླ་བ་སྒྲོལ་མའི་ཨ་མ། གཟུགས་གཞི་དང་གྱོན་གོས་ཟླ་བ་ཚེ་རིང་དང་གཉིས་སུ་མེད་པའི་གཞོན་ནུ་བཅས་མི་སྣ་བཞི་ཡོད་མོད། སྒྲུང་གཏམ་གྱི་བརྗོད་བྱའི་དོན་གྱི་སྙིང་པོ་ནི་བོད་རིགས་གཞོན་ནུ་མ་ཞིག་གི་བརྩེ་དུང་སྙེག་ལུགས་དེ་ཡིན་པ་ན།ཟླ་བ་སྒྲོལ་མ་མི་སྣ་གཙོ་བོའི་གནས་ལ་བཀོད་དེ་བྱུང་རིམ་མདུན་ལ་དེད་པ་དང་། 《བསོད་ནམས》ཁྲོད་ན་བདེ་ཆེན་མཁའ་འགྲོ་གཉིས་དང་། ཨོ་རྒྱན་སྒྲོལ་མ་སོགས་མི་སྣ་གཙོ་ཕལ་མང་པོ་ཞིག་ཡོད་མོད། སྒྲུང་གཏམ་གྱི་བརྗོད་བྱའི་དོན་གྱི་སྙིང་པོ་ནི་སྤྲུལ་སྐུའི་མ་ཡུམ་དུ་གྱུར་དང་མ་གྱུར་གཉིས་ལ་བརྟེན་ནས་བོད་རིགས་སྐྱེས་མའི་ལས་དབང་ལ་འགྱུར་ལྡོག་བྱུང་བ་དེ་ཡིན་པས། སྤྲུལ་སྐུའི་མ་ཡུམ་དུ་མ་གྱུར་པའི་ཕྱུག་པོའི་བུ་མོ་བདེ་ཆེན་མཁའ་འགྲོ་ཞེས་པ་མི་སྣ་གཙོ་བོའི་གནས་ལ་བཀོད་དེ་སྒྲུང་གཏམ་གྱི་བྱུང་རིམ་མདུན་ལ་དེད་པ་ལྟ་བུའོ། ། འདིར་གསལ་འདེབས་བྱ་དགོས་པ་ཞིག་ནི།སྒྲུང་གཏམ་གྱི་བརྗོད་བྱ་ལ་ལར་མཚོན་ན་མི་སྣ་གཉིས་སམ་དུ་མ་ལས་གང་ཞིག་མི་སྣ་གཙོ་བོའི་གནས་སུ་བཀོད་རུང་བརྗོད་བྱའི་དོན་གྱི་སྙིང་པོ་མཚོན་ནུས་པའི་སྐབས་ཀྱང་ཡོད་དེ། སྣང་ཚུལ་འདི་འདྲར་འཕྲད་སྐབས། མི་སྣ་དེ་དག་ལས་གང་ཞིག་མི་སྣ་གཙོ་བོའི་གནས་སུ་བཀོད་ན་རྩོམ་གྱི་རྩོམ་ཉམས་ཕྱུག་པ་དང་ཀློག་མཁན་གྱི་ཡིད་དབང་འགུགས་ནུས་པར་བསམ་བློ་བཏང་སྟེ་འདེམ་པར་མི་སྣ་དེ་གདམ་དགོས། དཔེར་ན་ཁོ་བོའི་སྒྲུང་གཏམ《དྲེད་མོང》གི་བརྗོད་བྱའི་དོན་གྱི་སྙིང་པོ་ནི་ཚེ་རིང་གཡུ་མཚོའི་ཁྱོ་ག་སྟེ་བཀྲ་ཤིས་ཀྱིས་རང་ཁྱིམ་གྱི་ར་ལུག་བརྐུས་པ་དེ་ཡིན་པ་དང་། གཞོན་ནུ་ཁྱོ་ཤུག་གཉིས་ལས་གང་ཞིག་མི་སྣ་གཙོ་བོའི་གནས་ལ་བཀོད་ཀྱང་བརྗོད་བྱ་ལྷག་ལུས་མེད་པར་སྟོན་ནུས་མོད།འོན་ཏེ་བཀྲ་ཤིས་དམིགས་སུ་བཟུང་ནས་བྱུང་རིམ་མདུན་ལ་དེད་ན་གསར་འགྱུར་ལྟ་བུའི་སྒྲུང་གཏམ་ཞིག་ལས་འབྲི་ནུས་ལ། ཚེ་རིང་གཡུ་མཚོ་མི་སྣ་གཙོ་བོའི་གནས་སུ་བཀོད་ནས་གཏམ་རྒྱུད་རིམ་པར་བརྗོད་ན་ཀློག་མཁན་ལ་འཇིགས་སྣང་དང་། སྙིང་རྗེ་དང་།དོགས་གཞི་འབྱུང་སླ་བར་མ་ཟད།སྒྲུང་གཏམ་ལ་སྒྱུ་རྩལ་གྱི་འགུགས་ཤུགས་ཅུང་ཟད་ལྡན་པས།བློས་སློང་བྱེད་སྐབས་གཞོན་ནུ་ཁྱོ་ཤུག་དེ་གཉིས་ལས་ཆུང་མ་མི་སྣ་གཙོ་བོའི་གནས་ལ་བཀོད་པ་དེ་བྱུང་རིམ་མདུན་ལ་དེད་པ་ཡིན་ནོ། །

2.རྩོམ་མཁན་གྱི་བསམ་བློར་དམིགས་པ་གཏད་པ།

རྩོམ་ལུས་མི་འདྲ་བའི་བརྩམས་ཆོས་གང་ཞིག་བརྩམ་དགོས་ཀྱང་། རྩོམ་མཁན་གྱི་བསམ་བློ་ནི་མངོན་ལྐོག་ཅི་རིགས་ཀྱི་སྒོ་ནས་མཚོན་དགོས་པ་ན། བློས་སློང་བརྒྱུད་ནས་སྒྲུང་གཏམ་གང་ཞིག་གི་མི་སྣ་གཙོ་བོ་གཏན་ལ་འབེབས་སྐབས། མི་སྣ་རྣམས་ལས་གང་ཞིག་དམིགས་སུ་བཟུང་ནས་བྱུང་རིམ་མདུན་ལ་དེད་ན་རྩོམ་མཁན་གྱི་བསམ་བློ་མཚོན་ཐུབ་པའི་ཕྱོགས་ལ་ཞིབ་ཏུ་བརྟགས་ཏེ། རྩོམ་མཁན་གྱི་བསམ་བློ་ཇི་བཞིན་མཚོན་ནུས་པ་དེ་མི་སྣ་གཙོ་བོར་བདམས་རྗེས། མི་སྣ་དེ་ཉིད་སྲོག་ཤིང་དུ་བཟུང་ནས་བྱུང་རིམ་བཀོད་སྒྲིག་བྱ་དགོས། ཁོ་བོའི་སྒྲུང་གཏམ་སྐོར་ཞིག་འདི་ལྟར་གསར་རྩོམ་བྱས་པ་ཡིན་ཏེ། སྐབས་རེར་བརྩམས་ཆོས་བརྒྱུད་ནས་སྟོན་པར་འདོད་པའི་བསམ་བློ་རེ་བྱུང་བ་ན། ཐོག་མར་བསམ་བློ་དེ་མི་སྣ་ག་འདྲ་ཞིག་དང་གཏམ་རྒྱུད་ཅི་འདྲ་ཞིག་མཁོ་བར་བསམ་བློ་བཏང་བ་དང་། དེ་ནས་མི་སྣ་གང་ཞིག་སྒྲུང་གཏམ་གྱི་སྲོག་ཤིང་དུ་བཀོད་པ་ན་རང་ཉིད་ཀྱི་བསམ་བློ་ཇི་བཞིན་དུ་མཚོན་ཐུབ་པར་དཔྱད་དེ་མི་སྣ་གཙོ་བོ་གཏན་ལ་ཕབ་རྗེས། མི་སྣ་དེ་ཉིད་གནད་དུ་བཟུང་སྟེ་བསམ་བློ་མཚོན་པའི་དགོས་མཁོ་ལྟར་བྱུང་རིམ་གྱི་ཁ་ཕྱོགས་དང་། བྱུང་རིམ་གྱི་གཙོ་ཕལ། བྱུང་རིམ་གྱི་རྒྱས་བསྡུས་གཏན་ལ་ཕབ་པ་ཡིན།དཔེར་ན་ཁོ་བོའི་སྒྲུང་འབྲིང་སྟེ《ར་བྷ་འདྲེ་མིག་དང་རིན་ཆེན་རྐྱལ་ཁ》ཡི་ཁྲོད་ན་མི་སྣ་མང་པོ་ཞིག་ཡོད་མོད། སྒྲུང་གཏམ་དེ་ཉིད་གསར་རྩོམ་སྐབས།རང་ཉིད་ལ“ཕལ་པ་རྣམས་ཀྱི་ལས་དབང་དེ། ། ཆེན་པོའི་འདོད་པར་བསྟུན་ནས་འགྱུར”བའི་ངོས་ཟིན་ཞིག་སྐྱེས་ཡོད་པ་དང་། ངོས་ཟིན་དེ་གཏམ་རྒྱུད་ཀྱི་ལམ་ནས་ལེགས་པར་མཚོན་ཆེད། བློས་སློང་གི་སྐབས་སུ་མི་རྣམས་ལས་མི་ཕལ་བ་སྟེ་ར་བྷ་འདྲེ་མིག་དང་རིན་ཆེན་རྐྱལ་ཁ་གཉིས་ཀ་བརྩམས་ཆོས་ཀྱི་སྲོག་ཤིང་དུ་བཀོད་པ་དང་། ཆེན་པོ་རྣམས་ཏེ་སྟོང་དཔོན་ཁྲོ་རྒྱལ་བེར་དཀར་དང་།མཁའ་ལྡིང་སྤྲུལ་སྐུ་སོགས་ཞོར་ལ་འདྲེན་བཞིན་བྱུང་རིམ་མདུན་ལ་དེད་པ་ཡིན་ནོ། །

ག བྱུང་རིམ་ལྷན་དུ་སྦྲེལ་བ།

སྒྲུང་གཏམ་སྐོར་ཞིག་ལ་ཆ་མཚོན་ན།དེ་རྣམས་ཀྱི་བརྗོད་བྱ་ནི་གཏམ་རྒྱུད་རིལ་པོ་དེ་ནི་རྒྱུན་མི་གཅིག་པའི་བྱུང་རིམ་ཚན་སྐོར་དུ་མས་གྲུབ་ཡོད་པ་ན། རྩོམ་པ་པོས་སྒྲུང་གཏམ་བློས་སློང་བྱེད་སྐབས། མི་སྣ་གང་ཞིག་བརྩམས་ཆོས་ཀྱི་སྲོག་ཤིང་དུ་བཀོད་ན་རྒྱུན་མི་གཅིག་པའི་བྱུང་རིམ་ཚན་སྐོར་རྣམས་ལྷན་དུ་སྦྲེལ་ནུས་པར་གཏོང་དགོས་པ་དང་།གནད་འདི་ལ་བསམ་བློ་བཏང་སྟེ་ངེས་ཤེས་ལུགས་དང་མཐུན་པ་ཞིག་རྙེད་རྗེས།མི་སྣ་དེ་ཉིད་གཏམ་རྒྱུད་ཀྱི་སྲོག་ཤིང་བྱས་ཏེ་རྒྱུན་མི་གཅིག་པའི་བྱུང་རིམ་རྣམས་ལུགས་དང་མཐུན་པའི་སྒོ་ནས་ལྷན་དུ་བསྡེབ་དགོས་འདུག དཔེར་ན་ཁོ་བོའི་སྒྲུང་གཏམ་རྣམས་ལས《བསོད་ནམས》ལ་ཆ་མཚོན་ན། གཏམ་རྒྱུད་རིལ་པོ་ནི་ཕྱུག་པོའི་བུ་མོ་བདེ་ཆེན་མཁའ་འགྲོ་དང་གཡོག་པོའི་བུ་མོ་བདེ་ཆེན་མཁའ་འགྲོ་གཉིས་ཀའི་གཞོན་ནུའི་དུས་ཀྱི་འཚོ་བ། གཡོག་པོའི་བུ་མོ་བདེ་ཆེན་མཁའ་འགྲོ་སྤྲུལ་སྐུའི་མ་ཡུམ་དུ་གྱུར་ཏེ་ཁྱིམ་གཞི་མཁའ་ལྡིང་དགོན་ལ་སྤར་བ། ཕྱུག་པོའི་བུ་མོ་བདེ་ཆེན་མཁའ་འགྲོའི་ཁྱིམ་གཞི་རྒུད་དེ་ཡུལ་གྲུ་སོ་སོར་འཁྱམ་བཞིན་པའི་སྐབས་སུ་མཁའ་ལྡིང་སྤྲུལ་སྐུས་ཁོ་མོ་མཁའ་ལྡིང་དགོན་ལ་གདན་དྲངས་པ། ཁོ་མོ་མཁའ་ལྡིང་དགོན་དུ་སྡོད་སྐབས་སྤྲུལ་སྐུ་མ་འཁྲུངས་ཏེ་ས་མཐར་སྤྱུགས་པའི་གཞོན་ནུ་མ་ཨོ་རྒྱན་སྒྲོལ་མ་དང་འཕྲད་པ། ཨོ་རྒྱན་སྒྲོལ་མ་གཞན་གྱི་གཡོ་འོག་ལ་ཚུད་དེ་མངལ་སྦྲུམ་པ་དང་བྱིས་པ་བཙའ་སྐབས་རྐྱེན་ངན་དུ་ཤོར་བ་བཅས་བྱུང་རིམ་ཚན་སྐོར་ལྔས་གྲུབ་ཡོད་པར་མ་ཟད། ཕྱུག་པོའི་བུ་མོ་བདེ་ཆེན་དབང་མོ་ནི་རྒྱུན་མི་གཅིག་པའི་བྱུང་རིམ་ཚན་སྐོར་ཀུན་ལ་འབྲེལ་བ་ཡོད་པ་ན། 《བསོད་ནམས》བློས་སློང་བྱེད་སྐབས་ཕྱུག་པོའི་བུ་མོ་བདེ་ཆེན་མཁའ་འགྲོ་ནི་མི་སྣ་གཙོ་བོའི་གནས་ལ་བཀོད་དེ་བྱུང་རིམ་སྒྲིག་སྦྱོར་བྱས་པ་ཡིན་ནོ། །

ང་། དཔེ་མཚོན་རང་བཞིན་ལྡན་པ།

སྒྲུང་གཏམ་གང་ཞིག་མི་སྣ་གཙོ་བོ་གཏན་ལ་འབེབས་སྐབས། སྒྲུང་གཏམ་གྱི་གཏམ་རྒྱུད་རྫོགས་པར་སྟོན་ནུས་པའི་ཆ་རྐྱེན་འོག་ཏུ། མི་སྣ་དེ་རིགས་སུ་གྱུར་པའི་མི་སྐོར་ཞིག་གི་འཐུས་ཚབ་བྱས་ཆོག་མིན། མི་སྣ་དེ་ནི་ལས་རིགས་ཤིག་གམ།ས་གནས་ཤིག་གམ། དུས་རབས་ཤིག་གི་མི་རྣམས་ཀྱི་འཐུས་ཚབ་བྱས་ཆོག་མིན་ལ་བསམ་བློ་གཏོང་དགོས་ཏེ། གལ་སྲིད་རྩོམ་གྲབས་ཡོད་པའི་སྒྲུང་གཏམ་ཁྲོད་ཀྱི་མི་སྣ་ལ་གོང་གི་ཆ་རྐྱེན་དེ་དག་ལས་གཅིག་གམ་དུ་མ་ལྡན་ན། མི་སྣ་དེ་ནི་དཔེ་མཚོན་རང་བཞིན་ལྡན་པའི་མི་སྣའི་གྲས་སུ་གཏོགས་པས། དེ་ཉིད་མི་སྣ་གཙོ་བོའི་གནས་ལ་བཀོད་དེ་བྱུང་རིམ་སྒྲིག་སྦྱོར་བྱས་ཆོག་པར་སྙམ། ཁོ་བོ་ལ་ཆ་མཚོན་ན་དཔེ་མཚོན་རང་བཞིན་ལྡན་པའི་མི་སྣ་དམིགས་སུ་བཟུང་ནས་གསར་རྩོམ་བྱས་པའི་བརྩམས་ཆོས་སྐོར་ཞིག་ཡོད་དེ། དཔེར་ན་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་པའི་སྐབས་སུ།ཀྲུང་གོའི་ཆོས་ལུགས་སྲིད་ཇུས་ལ་འགྱུར་ལྡོག་བྱུང་བ་དང་བསྟུན་ནས། བོད་ཀྱི་བྱིས་པ་ན་གཞོན་མང་པོས་གཅིག་རྗེས་གཅིག་གིས་དེད་ནས་ཆོས་སྒོར་འགྲིམས་པ་དང་།རྗེས་སུ་སྐྱ་སར་བབས་ཏེ་སློབ་གསོ་དང་ཞིབ་འཇུག་གི་ལས་ཀ་གཉེར་ཏེ་གྲུབ་འབྲས་མི་དམན་པ་ཞིག་བླངས་སོང་། ཞིབ་ཏུ་དཔྱད་ན་གྲྭ་ས་ནས་སླེབས་པའི་མཁས་པ་དེ་དག་ལ་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་པས། སྒྲུང་ཐུང《ཤ་ཡུ་མོ་ཤེའུ》བློས་སློང་བྱེད་སྐབས། གྲྭ་ལོག་རྣམས་ཀྱི་ཐུན་མོང་གི་ཁྱད་ཆོས་ཕྱོགས་གཅིག་ཏུ་བསྡུས་ཏེ། དཔེ་མཚོན་རང་བཞིན་ལྡན་པའི་མི་སྣ་སྟེ་བསྟན་འཛིན་ཉི་མ་སྒྲུང་གཏམ་གྱི་སྲོག་ཤིང་དུ་བཀོད་དེ་ལུགས་དང་མཐུན་པའི་སྒོ་ནས་བྱུང་རིམ་སྒྲིག་སྦྱོར་བྱས་པ་ལྟ་བུའོ། །

གཉིས། མི་སྣ་ཕལ་པ་གཏན་ལ་ཕབ་པ།

སྒྲུང་གཏམ་བློས་སློང་གི་སྐབས་སུ། མི་སྣ་གཙོ་བོ་གཏན་འབེབས་བྱས་རྗེས། མི་སྣ་གཙོ་བོ་སྲོག་ཤིང་བྱས་ཏེ་མི་སྣ་ཕལ་པ་གཏན་ལ་དབབ་དགོས།སྒྲུང་གཏམ་གྱི་མི་སྣ་ལ་གཙོ་ཕལ་གྱི་དབྱེ་བ་ཡོད་རུང་། མི་སྣ་གཙོ་བོ་དང་ཕལ་པ།ད་དུང་བྱུང་རིམ། དེ་མིན་འཚོ་བའི་ཁོར་ཡུག་རྣམས་གཞི་གཅིག་ལ་བསྡེབས་ན། ད་གཟོད་མི་སྣའི་སྣང་བརྙན་གསལ་ཞིང་གྲུབ་ཆ་ཡོངས་སུ་རྫོགས་པའི་སྒྲུང་གཏམ་རིལ་པོ་གཅིག་འགྲུབ་སྲིད་པ་དང་། རྩོམ་པ་པོའི་གསར་རྩོམ་གྱི་འདུན་པའང་མངོན་པར་འགྱུར་ཐུབ་པ་ན། མི་སྣ་ཕལ་བ་རྣམས་ཀྱང་སྒྲུང་གཏམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད། དེར་བརྟེན། སྒྲུང་གཏམ་གསར་རྩོམ་ལ་བྱང་ཆ་ཡོད་པའི་རྩོམ་པ་པོ་ཞིག་ཡིན་ན། དེ་ཉིད་ཀྱི་བརྩམས་ཆོས་ཁྲོད་ཀྱི་མི་སྣ་ཕལ་པ་རྣམས་ནི་ཡོད་ཀྱང་ཆོག་ལ་མེད་ཀྱང་ཆོག་པ་ཞིག་གཏན་ནས་མིན་པར་མ་ཟད།གཏམ་རྒྱུད་རིལ་པོ་གཅིག་འགྲུབ་པ་དང་། མི་སྣའི་སྣང་བརྙན་གསར་སློང་བྱེད་པའི་ཐད་ལ་ནུས་པ་གལ་ཆེན་འདོན་བཞིན་ཡོད་པས། རྩོམ་མཁན་དང་ཀློག་མཁན་གཉིས་ཀས་མཐོང་ཆུང་གཏན་ནས་བྱ་མི་རུང་ངོ་། །

ཀ རམ་འདེགས་ལ་དམིགས་པ།

སྒྲུང་གཏམ་མང་པོ་ཞིག་གི་ཁྱད་ཆོས་དང་རང་ཉིད་ཀྱི་གསར་རྩོམ་ཉམས་མྱོང་ལྟར་ན། རྩོམ་ལུས་འདི་ཉིད་ལ་མི་སྣ་ཕལ་པ་ཡོད་པར་གྱུར་ན། མི་སྣ་ཕལ་པས་མི་སྣ་གཙོ་བོའི་སྣང་བརྙན་གསར་སློང་བྱེད་པར་རམ་འདེགས་བྱེད་ཐུབ་པ་དང་། བྱུང་རིམ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་།མི་སྣ་དང་མི་སྣའི་བར་ལ་འབྲེལ་བ་དང་འགལ་བ་བཟོ་ཐུབ་པར་མ་ཟད། མཚམས་རེར་མི་སྣ་ཕལ་པ་ནི་གཏམ་རྒྱུད་ཀྱི་འབྱུང་གཞིར་གྱུར་པའི་སྐབས་ཀྱང་ཡོད།

1.མི་སྣ་གཙོ་བོ→སྣང་བརྙན་གསར་སློང→རམ་འདེགས།

སྒྲུང་གཏམ་སྐོར་དང་རིམ་པ་ཞིག་ལ་ཆ་མཚོན་ན།གལ་སྲིད་མི་སྣ་ཕལ་པ་གཅིག་གམ་དུ་མ་དྲངས་ཏེ་རམ་འདེགས་མ་བྱས་ན། མི་སྣ་གཙོ་བོའི་སྣང་བརྙན་དེ་བདེ་བླག་ངང་ནས་གསར་སློང་བྱེད་མི་ནུས་པས། རྩོམ་མཁན་གྱིས་སྒྲུང་གཏམ་བློས་སློང་བྱེད་སྐབས། མི་སྣ་གཙོ་བོའི་སྣང་བརྙན་གསར་བཞེངས་བྱེད་པར་དམིགས་ནས་མི་སྣ་ཕལ་པ་གཅིག་གམ་དུ་མ་བཀོད་སྒྲིག་བྱ་དགོས། དཔེར་ན་སྒྲུང་ཐུང《མེ་ལོང》ལས་བསྟན་འཛིན་འཇིགས་མེད་འཆི་བ་ལ་ཤིན་ཏུ་སྐྲག་པ་དང་། ཤི་གསོན་གཉིས་ཀའི་གལ་འགག་ན་གནས་སྐབས་སྔར་གྱི་གྲུབ་མཐའི་ཕྱོགས་རིས་ཀྱང་ཉམས་འདུག་ལུགས་དེ་བརྗོད་དེ། ཆོས་སྒོར་ཞུགས་ཀྱང་བློ་ཁ་ཆོས་ལ་མ་ཕྱོགས་པའི་ཆོས་ལུགས་པ་ཞིག་གི་སྣང་བརྙན་གསར་སློང་བྱེད་ཆེད། ནད་ཁང་གི་མལ་གྲོགས་ལ་མི་སྣ་ཕལ་པ་སྟེ་བོན་གྱི་གྲྭ་པ་ཞིག་དང་ཞྭ་དཀར་ཁ་ཆེ་ཞིག་བཀོད་སྒྲིག་བྱས་པ་དང་། 《མེད》ལས་མི་སྣ་གཞན་གྱིས་རམ་འདེགས་ལ་བརྟེན་ནས་སློབ་བུ་བཀྲ་ཤིས་ཀྱི་སྣང་བརྙན་གསར་སློང་བྱེད་པ་དང་། དེ་ཉིད་ཀྱི་གཤིས་ཀའི་འགྱུར་ལྡོག་གི་གོ་རིམ་དེ་ལེགས་པར་མཚོན་ཆེད།སྒྲུང་གཏམ་དུ་ལྷ་མོ་གཡུ་མཚོ་དང་ཝང་ཅའེ་ལ་སོགས་པའི་མི་སྣ་ཕལ་པ་འགའ་བཀོད་སྒྲིག་བྱས་པར་མ་ཟད། མི་སྣ་ཕལ་པ་རྣམས་དང་འབྲེལ་བ་ཡོད་པའི་བྱུང་རིམ་སྟེ་བཀྲ་ཤིས་སློབ་གྲྭ་ཆེན་མོའི་མདུན་སྒོར་སླེབས་པ། བཀྲ་ཤིས་དང་སློབ་གྲོགས་འགའ་གནམ་བདེ་སྒོ་མོ་ཆེའི་ཁྱམས་ཆེན་སྟེང་ལ་སླེབས་པ། བཀྲ་ཤིས་དང་ཝང་ཅའེ་གཉིས་ཀ་རྒྱ་ནག་ལྕགས་རི་རིང་པོར་སླེབས་པ་རྣམས་ཀྱང་ལུགས་དང་མཐུན་པའི་སྒོ་ནས་སྒྲིག་སྦྱོར་བྱས་པ་ལྟ་བུའོ། །

2.བྱུང་རིམ→ཕུན་ཚོགས→རམ་འདེགས།

སྒྲུང་གཏམ་སྐོར་ཞིག་ལ་ཆ་མཚོན་ན།མི་སྣ་ཕལ་པ་ལ་ལ་བརྩམས་ཆོས་སུ་འདྲེན་སྐབས། རྩོམ་མཁན་ལ་དམིགས་ཡུལ་གཅིག་ལས་མེད་དེ།དེ་ནི་སྒྲུང་གཏམ་གྱི་བྱུང་རིམ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་ལས་མ་འདས་སོ། །དཔེར་ན་ཁོ་བོའི་སྒྲུང་ཐུང《བསོད་ནམས》ལ་ཆ་མཚོན་ན། བགྲེས་མོ་བདེ་ཆེན་མཁའ་འགྲོ“རྡོ་དཀར་མཆོད་རྟེན་མར་གཤམ་གྱི་བྲག་སྐྱིབས་དྲོད་ཁོལ་འཁྱིལ་བ་དེ་ལ”སླེབས་སྐབས། བྲག་སྐྱིབས་སུ“སྐབས་རེར་གཅིག་རྗེས་གཅིག་གིས་མཐུད་པ་དང༌། སྐབས་རེར་གཅིག་ཁ་གཅིག་གིས་ཕྲོགས་ཏེ་འདས་པའི་དུས་ཀྱི་འཚོ་བ་གླེང་བཞིན་ཡོད”པའི་བགྲེས་པོ་བགྲེས་མོ་རྣམས་དང་། “མུན་རུབ་ལ་ཉེ་བའི་དུས་སུ། དགོན་པའི་ཚོགས་དུང་གློ་བུར་དུ་བུས”པ་ན། “སློག་པའི་དང་ཁར་ལྷགས་རླུང་ཕོན་པོ་ཞིག་བཟུང་སྟེ་བྲེལ་འཚུབ་དང་བཅས།” ①བགྲེས་མོ་བདེ་ཆེན་མཁའ་འགྲོའི་མལ་ཤག་ཏུ་སླེབས་པའི་བགྲེས་མོ་ཏིང་འཛིན་སྐྱིད་སོགས་ནི་བརྩམས་ཆོས་སུ་དྲངས་ན་མི་སྣ་གཙོ་བོའི་སྣང་བརྙན་གསར་སློང་བྱེད་པ་སོགས་ལ་མི་ཕན་མོད། དེ་དག་ཡོད་པ་ན་སྒྲུང་གཏམ་གྱི་བྱུང་རིམ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་ལ་རམ་འདེགས་ཆེན་པོ་བྱེད་ཐུབ་པ་ལྟ་བུའོ། །

3. གཏམ་རྒྱུད→འབྱུང་རྐྱེན→བྱུང་རིམ→རམ་འདེགས།

སྒྲུང་གཏམ་ཁྲོད་ཀྱི་མི་སྣ་ཕལ་པ་ལ་ལར་ཆ་མཚོན་ན། མི་སྣ་གཙོ་བོའི་སྣང་བརྙན་གསར་སློང་བྱེད་པ་དང་། སྒྲུང་གཏམ་གྱི་བྱུང་རིམ་ཕུན་ཚོགས་ཇེ་ཚོགས་སུ་གཏོང་བ། མི་སྣ་དང་མི་སྣའི་བར་ལ་འགལ་བ་དང་འབྲེལ་བར་བཟོ་བར་ནུས་པ་ཆེན་པོ་འདོན་མི་ཐུབ་མོད། མི་སྣ་གང་ཞིག་གི་རམ་འདེགས་ལ་བརྟེན་ནས་སྒྲུང་གཏམ་གྱི་གཏམ་རྒྱུད་ལ་འབྱུང་རྐྱེན་གལ་འགངས་ཆེ་བ་ཞིག་བྱུང་བ་ན། བརྩམས་ཆོས་ཀྱི་བྱུང་རིམ་བཀོད་སྒྲིག་ལ་ཁ་ཕྱོགས་དང་ཚད་གཞི་ཡོད་པར་འགྱུར་ངེས་ཡིན། དཔེར་ན《བསོད་ནམས》ལ་ཆ་མཚོན་ན། དེ་ཉིད་ཁྲོད་ཀྱི་མི་སྣ་ཕལ་པ་སྟེ“གཟུགས་གཞི་རིང་ཞིང་རྒྱགས”པ་དང་། “སློག་པའི་འགག་རིང་ཧྲལ་ཧྲུལ་དེ་ལུས་ལ་གྱོན་པ་ན། ལུས་པོ་ནི་འུར་མའི་ཁྲོད་ཀྱི་བྲག་ཐོད་སྐྱ་བོ་ཞིག་ཟིལ་ཤུགས་ཀྱིས་འགྱིང་འདུག་པ་དང་མཚུངས”②པའི“སྔགས་པ”དེ་ལ་ཆ་མཚོན་ན། མི་སྣའི་གསར་སློང་སོགས་ལ་རམ་འདེགས་ཀྱི་ནུས་པ་ཆེན་པོ་འདོན་མི་ནུས་མོད།འོན་ཀྱང“སྔགས་པ”དེ་ཚེ་རབས་ཕྱི་མའི་ཨ་མ་འཚོལ་བར་སླེབས་སྐབས། ཕྱུག་པོའི་བུ་མོ་བདེ་ཆེན་མཁའ་འགྲོས་དོན་དག་གི་གཏིང་མཐའ་མ་དཔགས་ཏེ་ཁོ་རང་དང་ལེན་མ་བྱས་པ་ན། ཁོ་མོ་ནི་མཁའ་ལྡིང་ཡང་སྲིད་ཀྱི་མ་ཡུམ་དུ་མ་གྱུར་པ་དང་། ཁོ་མོའི་ཁྱིམ་གྱི་གཡོག་མོ་བདེ་ཆེན་མཁའ་འགྲོ་ལ་གོ་སྐབས་བྱུང་སྟེ་མཁའ་ལྡིང་ཡང་སྲིད་འཁྲུངས་པས།ཡང་སྲིད་འཁྲུངས་དང་མ་འཁྲུངས་གཉིས་ལ་བརྟེན་ནས་སྐྱེས་མ་གཉིས་ཀྱི་ལས་དབང་ལ་འགྱུར་ལྡོག་བྱུང་བའི་གཏམ་རྒྱུད་རྙོག་དྲ་ཅན་དེ་བྱུང་བ་ན། ཨ་མ་འཚོལ་མཁན་གྱི“སྔགས་པ”དེ་ཉིད་ཀྱི་སྤྱོད་ལུགས་ནི《བསོད་ནམས》ཀྱི་གཏམ་རྒྱུད་ཀྱི་འབྱུང་རྐྱེན་དུ་གྱུར་འདུག་པར་མ་ཟད། ད་དུང་བྱུང་རིམ་གྱི་འཕེལ་ཕྱོགས་ལ་མངའ་དབང་སྒྱུར་བའི་མི་མངོན་པའི་སྟོབས་ཤུགས་ཤིག་ཏུའང་གྱུར་འདུག་པ་ལྟ་བུའོ། །

ཁ། མི་སྣའི་འགལ་འབྲེལ་ལ་དམིགས་པ།

སྒྲུང་གཏམ་སྐོར་དང་རིམ་པ་ཞིག་ལ་ཆ་མཚོན་ན། མི་སྣ་ཕལ་པ་ནི་གྱོན་གོས་འཚེམ་མཁན་ལག་གི་ཁབ་སྐུད་ལྟ་བུ་ཞིག་ཡིན་ལ། བརྩམས་ཆོས་སུ་མི་སྣ་གཙོ་བོའི་ཞོར་ལ་ཁབ་སྐུད་ལྟ་བུའི་མི་སྣ་ཕལ་པ་རྣམས་ལུགས་དང་མཐུན་པའི་སྒོ་ནས་དྲངས་པ་ན།སྔར་དུས་འབྲེལ་བ་མེད་པའི་མི་སྣའི་བར་ལ་འབྲེལ་བ་བྱུང་བ་དང་བསྟུན་ནས་བྱུང་རིམ་མང་པོ་ལྷན་དུ་སྡེབ་ནུས་པར་མ་ཟད། གཏམ་རྒྱུད་ཀྱི་བྱུང་རིམ་མདུན་ནས་མདུན་ལ་དེད་པ་ན།རྩོམ་མཁན་གྱི་བརྗོད་པར་འདོད་པ་ཐམས་ཅད་ལུགས་དང་མཐུན་པའི་སྒོ་ནས་རྫོགས་པར་བརྗོད་ཐུབ། དཔེར་ན་སྐུ་ཞབས་དོན་གྲུབ་རྒྱལ་གྱི《སྤྲུལ་སྐུ》ལ་ཆ་མཚོན་ན།སྒྲུང་གཏམ་ཁྲོད་ཀྱི་མི་སྣ་ཕལ་པ་སྟེ་ཚེ་རིང་ནི་ཁབ་སྐུད་ལྟ་བུའི་མི་སྣ་ཞིག་ཡིན་རུང་། དེ་ཉིད་ཀྱིས་རྫོང་ཐོག་ཏུ་ཞོར་ལས་གཉེར་བཞིན་ཡོད་པ་ན།རྫོང་ཐོག་ཏུ་འཕྲད་པའི“སྤྲུལ་སྐུ”རང་གི་ཕ་ཡུལ་ལ་གདན་འདྲེན་ཐུབ་པར་གྱུར་པ་དང་། “སྤྲུལ་སྐུ”ཕ་ཡུལ་དུ་གདན་དྲངས་པ་ན། ཨ་ཁུ་ཉི་མ་དང“སྤྲུལ་སྐུ”གཉིས་ཀའི་བར་ལ“ཆོས་འབྲེལ”བྱུང་བ་དང་། ཁོ་རང་སླར་ཡང་རྫོང་ཐོག་ལ་ཞོར་ལས་གཉེར་བར་སོང་བ་ན། ཆུང་མ་ལྕགས་མོ་བྱམས་དང“སྤྲུལ་སྐུ”གཉིས་ཀའི་བར་ལ་གཏམ་ཡན་མཆེད་པའི་གོ་སྐབས་ལྡན་པར་གྱུར། དེ་མིན། “སྤྲུལ་སྐུ”ཡིས་འབྲུག་མོའི་མགུལ་རྒྱན་གཡོ་ལེན་བྱས་པ་དང་། ཨ་ཁུ་ཉི་མ་ཚང་གི་གསེར་སྐུ་དང་ཚེ་རིང་གི་ཚ་རུ་བརྐུས་ཏེ་ཡུལ་ལ་གཞན་ལ་བྲོས་རྗེས་བཙོན་ལ་ཚུད་སྐབས། རྫོང་ཐོག་ན་ཡོད་པའི་ཚེ་རིང་གིས་མི་ངན་ལ་ལག་ཏུ་ཚུད་པའི་རྒྱུ་ནོར་བླངས་ཏེ་ཕ་ཡུལ་དུ་ལོག་པར་གཞིགས་ན། 《སྤྲུལ་སྐུ》ཡི་མི་སྣ་དང་མི་འགལ་བ་འབྲེལ་བ་གཙོ་བོ་ནི་ཚེ་རིང་ལ་བརྟེན་ནས་བྱུང་བ་དང་། བྱུང་རིམ་སྐོར་ཞིག་ཀྱང་ཚེ་རིང་ལ་བརྟེན་ནས་ལྷན་དུ་བསྡེབས་ཐུབ་པར་གྱུར་པ་མ་ཡིན་ནམ།

ག སྒྱུ་རྩལ་རིན་ཐང་ལ་དམིགས་པ།

སྒྲུང་གཏམ་སྐོར་དང་རིམ་པ་ཞིག་ལ་མཚོན་ན།བཀླགས་མ་ཐག་ཏུ་མི་སྣ་ཕལ་པ་ལ་ལ་ནི་ཡོད་ཀྱང་མེད་ཀྱང་རུང་བའི་སྣང་བ་སྟེར་མོད། དོན་དམ་དུ་མི་སྣ་ཕལ་པ་ལ་ལས་སྒྲུང་གཏམ་གྱི་མི་སེམས་འགུགས་པའི་ནུས་པ་ཇེ་ཆེར་གཏོང་བ་དང་། བརྗོད་བྱ་དང་བརྗོད་སྙིང་གི་རྔམས་ཀ་ཇེ་མཐུག་དང་ཇེ་ཟབ་ཏུ་གཏོང་བའི་ཐད་དུ་ནུས་པ་ཆེན་པོ་འདོན་ཐུབ། དཔེར་ན་ཁོ་བོའི་སྒྲུང་ཐུང《མེ་ལོང་ནང་གི་ཕྱེ་མ་ལེབ》ཀྱི་མི་སྣ་ཕལ་པ་སྟེ་ཇ་ཁང་གི་གཞོན་ནུ་མ་ལ་ཆ་མཚོན་ན།མི་སྣ་གཙོ་བོ་སྟེ“རྩོམ་པ་པོ”ཡི་སྣང་བརྙན་གསར་སློང་བྱེད་པ་དང་།མི་སྣའི་འགལ་འབྲེལ་བཟོ་བའི་ཐད་ལ་ནུས་པ་ཆེན་པོ་འདོན་མི་ནུས་མོད། སྒྲུང་གཏམ་གྱི་བརྗོད་བྱ་ནི་བརྩེ་དུང་གི་སྐྱོ་གར་རིགས་ཤིག་ཡིན་པ་དང་།མི་སྣ་གཙོ་བོ་སྟེ“རྩོམ་པ་པོ”ནི་སྤྱོད་པ་ཡན་པར་གྱུར་ཏེ་ཆུང་མ་སྔ་མ་དང་གྱེས་པ། ཆུང་མ་ཕྱི་མས་ཆུང་མ་བསད་པའི་སྡུག་བསྔལ་གྱིས་མནར་ཏེ་སྨྱོ་ལ་ཉེ་བ་དང་། ཁོ་རང་ཇ་ཁང་དུ་སྨྱོས་ལ་མ་སྨྱོས་པའི་ངང་ནས་སྡོད་སྐབས། ཇ་ཁང་གི་གཞོན་ནུ་མའི“སྨིན་མ་གཡོན་པའི་གོང་རོལ་ན་རྨེ་བ་ལྗང་ཁུ་ཞིག་ཡོད་པ”མཐོང་བ་ན།རང་གི་ཆུང་མ་སྔ་མའི“སྨིན་མ་གཡོན་མའི་གོང་རོལ་ནའང་རྨེ་བ་ལྗང་ཁུ་ཞིག་ཡོད”པ་ཡིད་ལ་འཕོས་པར་མ་ཟད།“སྨེ་བ་གཉིས་ཀའི་དབྱིབས་དང་ཆེ་ཆུང་ཡང་གཅིག་པ་གཅིག་མཚུངས”ཡིན་པ་རྟོགས་པ་ན།ཇ་ཁང་གི་གཞོན་ནུ་མ་ནི་རང་གི“ཚེ་འཕོས་པའི་ལུས་རྟེན་གསར་པ་ཅིས་ཀྱང་ཡིན་དགོས་འདུག”སྙམ་སྟེ“སྐད་ཅིག་ཉིད་ལ་དགའ་སྤྲོ་ཆེན་པོ་སྐྱེས་བྱུང” ཞེས་བྲིས་པ་ན། མི་སྣ་ཕལ་པ་སྟེ་ཇ་ཁང་གི་གཞོན་ནུ་མ་ལ་བརྟེན་ནས་བརྩམས་ཆོས་ཀྱི་སྒྱུ་རྩལ་རིན་ཐང་ཇེ་ཆེར་གཏོང་ཐུབ་པར་གྱུར། ལྷག་པར་གོང་གི་བྱུང་རིམ་དེ་ལ“མགྲོན་པོར་སྣེ་ལེན་བྱེད་ཞོར་དུ་འདྲིས་ཆེ་བའི་ཉམས་ཀྱིས་རྩོམ་པ་པོར་འཛུམ་མདངས་སྟོན” ③ཞེས་པའི་ཚིག་གི་རམ་འདེགས་བྱས་པ་ན། སྒྲུང་གཏམ་གྱི་བརྗོད་བྱའི་རྔམས་ཀ་ཇེ་མཐུག་དང་ཇེ་ཟབ་ཏུ་བཏང་སོང་བ་མ་ཡིན་ནམ།

ང་། རྒྱབ་ལྗོངས་ལ་དམིགས་པ།

སྒྲུང་གཏམ་ལ་ལར་ཆ་མཚོན་ན། མི་སྣ་གཙོ་བོ་སྲོག་ཤིང་དུ་བཀོད་དེ་བྱུང་རིམ་མདུན་ལ་འདེད་སྐབས། མི་སྣ་ཕལ་པ་མང་པོ་ནི་རྒྱབ་ལྗོངས་ཀྱི་ཚུལ་དུ་འདྲེན་བཞིན་ཡོད་ལ། རྒྱབ་ལྗོངས་འདིའི་རིགས་ལུགས་དང་མཐུན་པའི་ངང་ནས་བརྩམས་ཆོས་སུ་དྲངས་པ་ན། མི་སྣ་གཙོ་བོའི་གཤིས་ཀ་དང་མི་སྣ་བར་གྱི་བརྩེ་དུང་ངམ་འཁོན་སེམས་མཚོན་པ་དང་།གཤིས་ཀ་དང་བསྟུན་ནས་སྤྱོད་པ་བཀོད་འབྲི་བྱེད་པའི་ཐད་ལ་ནུས་པ་ཆེན་པོ་འདོན་ཐུབ། དཔེར་ན《མེ་ལོང་ནང་གི་ཕྱེ་མ་ལེབ》ལས་མི་སྣ་གཙོ་བོ་སྟེ“རྩོམ་པ་པོ”ནི་ཁམས་པའི་འབྲོག་ཁྱིམ་ཟེར་བའི་ཇ་ཁང་དུ་བསྡད་དེ་འཕྲུལ་སྣང་དང་དངོས་ཡོད་གཉིས་ཀར་ཕར་འཁྱམ་ཚུར་འཁྱམ་བྱེད་སྐབས། ཇ་ཁང་ལ་སླེབས་འདུག་པའི་མགྲོན་པོ་མང་པོ་ནི་མི་སྣ་གཙོ་བོ་འབྲི་སྐབས་ཀྱི་རྒྱབ་ལྗོངས་སུ་གྱུར་ཡོད་ཅིང་། རྒྱབ་ལྗོངས་དེ་འདྲ་ཡོད་པ་ན།“རྩོམ་པ་པོ”ཡི་སྤྱོད་ལམ་ནི་རྒྱབ་ལྗོངས་ཀྱིས་མདུན་ལ་དེད་དེ། མི་སྣའི་སྣང་བརྙན་དཔེ་མཚོན་རང་བཞིན་ལྡན་ཞིང་གཟུགས་རིས་གསལ་བའི་སྒོ་ནས་ཀློག་མཁན་གྱི་སྤྱན་ལམ་དུ་འདྲེན་ཐུབ་པར་འདོད། དེ་མིན། 《བསོད་ནམས》སུ་བྱུང་རིམ་ཕྲ་མོ་འདི་འདྲ་ཞིག་བྲིས་ཡོད་དེ། “མཁའ་ལྡིང་ཡིད་བཞིན་ནོར་བུ་སླར་ཡང་རང་གི་ཆོས་ཀྱི་སྡེ་ལ་ཕེབས”པ་ན། བགྲེས་མོ་བདེ་ཆེན་མཁའ་འགྲོ་གཙོ་བྱས་པའི“བགྲེས་སོང་རྣམས་ཀྱིས་དགོན་པའི་ཟིང་ཆ་ལ་སྣང་དོགས་སྤུ་ཙམ་ཡང་མེད་པར་ཁྱོད་སྔ་ང་སྔ་བརྩད་ནས་བླ་བྲང་ཕྱོགས་ལ་བརྒྱུགས”པ་དང་། “མ་ཡུམ་བདེ་ཆེན་མཁའ་འགྲོ་གཟིམ་ཤག་ཕྱི་རོལ་ལ་ཡོང་སྟེ་བགྲེས་སོང་རྣམས་ཀྱི་མདུན་ནས་བཀག་བྱུང་།” སྐབས་འདིའི་བགྲེས་སོང་རྣམས་ནི་བགྲེས་མོ་བདེ་ཆེན་མཁའ་འགྲོ་ལ་རྒྱབ་ལྗོངས་ཀྱི་ཚུལ་དུ་དྲངས་པ་ཡིན་ལ། རྒྱབ་ལྗོངས་འདི་འདྲ་ཡོད་པ་ན། མ་ཡུམ་བདེ་ཆེན་མཁའ་འགྲོས་“གསོལ་ཐབ་པ་མངགས་ནས་རྩིད་སྒྱེ་ཆེན་པོ་འགའ་དྲུད་ཡོང་སྟེ་མི་རེའི་ལག་ལ་མར་རྡོག་རེ་དང་ཤ་རྡོག་རེ། རྩམ་པ་རས་ཁུག་གང་རེ་བཞག”ཕྱིར་མངགས་རྗེས། བརྒྱུགས་ཡོང་སྟེ་ཤ་རྡོག་ཅིག་བགྲེས་མོ་བདེ་ཆེན་མཁའ་འགྲོའི“ལག་ལ་བཞག་རྗེས། ཐོག་མར་འཛུམ་དམུལ་དམུལ་གྱིས‘ཨ་ཅེ། འདི་ནི་བདག་གིས་ཆེད་དུ་ཁྱོད་ལ་བྱིན་པ་ཡིན’ ཞེས་བཤད་པ་དང༌། དེ་ནས་བདག་གི་གདོང་ལ་ཞིབ་ལྟ་ལན་ཞིག་བྱས་ཏེ‘སང་ཉིན་ཆུ་ཚོད་བཅུ་ཡས་མས་ལ་ཤོག་དང༌། སྤྲུལ་སྐུས་ཁྱོད་ལ་སྒུག་ངེས་ཡིན’ ཞེས་སྨྲས”④པའི་བྱུང་རིམ་ཕྲ་མོ་དེ་དྲངས་ན། མ་ཡུམ་བདེ་ཆེན་མཁའ་འགྲོས་བགྲེས་སོང་བདེ་ཆེན་མཁའ་འགྲོ་ལ་བརྩེ་སེམས་ཟབ་མོ་བཅངས་ཡོད་པ་དེ་མཚོན་ཐུབ་པར་གྱུར་པ་མ་ཡིན་ནམ།

སྐབས་འདིར་གསལ་འདེབས་ཀྱི་ཚུལ་དུ་གཏམ་འགའ་བརྗོད་ན། སྒྲུང་གཏམ་ཁྲོད་ཀྱི་མི་སྣ་གཙོ་བོ་དང་ཕལ་པ་རྣམས་གཏན་ལ་འབེབས་སྐབས། རྩོམ་མཁན་གྱིས་གནད་འདི་དག་ལ་ཡིད་འཇོག་བྱ་དགོས་པ་འདྲ་སྟེ། གཅིག མི་སྣ་གཙོ་བོ་དང་ཕལ་པ་ནི་བརྩམས་ཆོས་ཁྲོད་དུ་མི་སྣའི་བྱ་བྱེད་ཀྱིས་གྲུབ་ཆ་བཟུང་ཡོད་པ་དང་།བྱུང་རིམ་མདུན་ལ་འདེད་སྐབས་ནུས་པ་ཅི་ཙམ་བཏོན་ཡོད་པ། སུ་ཞིག་ནི་རྩོམ་གྱི་བསམ་བློའི་རྟེན་གཞི་གཙོ་བོ་དང་གང་ཞིག་ནི་རྟེན་གཞི་ཕལ་བ་ཡིན་པར་བརྟགས་ཏེ་གཏན་ལ་ཕབ་པ་ཡིན་ལ། དེ་མི་སྣ་རང་སྟེང་གི་སྤྱི་ཚོགས་གོ་གནས་དང་། དཔལ་འབྱོར་ཆ་རྐྱེན། རིག་གནས་ཡོན་ཚད་སོགས་དང་འབྲེལ་བ་ཅི་ཡང་མེད། གཉིས།སྒྲུང་གཏམ་རེ་རེའི་བརྗོད་བྱའི་ཁྱད་ཆོས་མི་འདྲ་བ་ན།མི་སྣ་གཙོ་ཕལ་གཏན་ལ་འབེབས་ལུགས་ཀྱང་སྣ་ཚོགས་ཤིག་ཡོད་ངེས་ཡིན་པས། བློས་སློང་གི་ལས་ལ་འཇུག་སྐབས་རང་གི་བརྗོད་འདོད་ཀྱི་རྗེས་སུ་འབྲངས་པ་ལས་གཞན་གྱི་ཟེར་སྒྲོས་ལ་དང་དོད་ཆེན་པོ་མ་བྱས་ན་ལེགས། གསུམ། སྒྲུང་གཏམ་བློས་སློང་བྱེད་སྐབས། མི་སྣ་གཙོ་ཕལ་གཏན་ལ་འབེབས་ལུགས་བྱེ་བྲག་པ་རེ་རེར་བསམ་བློ་གཏང་དགོས་མོད། གསར་རྩོམ་དངོས་ལ་འཇུག་སྐབས་སྤྱི་ལ་ཁྱབ་པའི་ངོས་ཟིན་ལ་བརྟེན་ནས་བྱུང་རིམ་མདུན་ལ་འདེད་དགོས། །

① བཀྲ་བྷ། 《བཀྲ་བྷ་ཡི་སྒྲུང་ཐུང་ཕྱོགས་བསྒྲིགས》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2016ལོ། ཤོག་ངོས164—177ན་གསལ།

② བཀྲ་བྷ། 《བཀྲ་བྷ་ཡི་སྒྲུང་ཐུང་ཕྱོགས་བསྒྲིགས》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2016ལོ། ཤོག་ངོས175ན་གསལ།

③བཀྲ་བྷ། 《མེ་ལོང་ནང་གི་ཕྱེ་མ་ལེབ》 2016ལོའི《སྦྲང་ཆར》དེབ་གསུམ་པ། ཤོག་ངོས94ན་གསལ།

④བཀྲ་བྷ། 《བཀྲ་བྷ་ཡི་སྒྲུང་ཐུང་ཕྱོགས་བསྒྲིགས》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2016ལོ། ཤོག་ངོས168—170ན་གསལ།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།