གཟི་ལམ་རིག་གནས་ལས་གཟི་བརྟག་ཐབས་ཀྱི་སྐོར་བཤད་པ།

    ཐོག་མའི་གླེང་གཞི།

 བརྟག་ཐབས་ཀྱི་ལས་ལ་བསྙེག་པ་ནི་ཚན་རིག་གི་འཇུག་སྒོ་ལྟ་བུ་ཡིན་པས་སྔོན་བྱོན་མཁས་པ་ཚོས་ཀྱང་བརྟག་ཐབས་ཀྱི་ལས་རིགས་འདི་ལ་ཧ་ཅང་གིས་དོ་སྣང་དང་གདེང་འཇོག་མཐོན་པོ་བྱས་ཏེ་འདིའི་སྐོར་གྱི་གཞུང་ལུགས་འདྲ་མིན་མང་དུ་མཛད་ཡོད། བསྟན་འགྱུར་ནང་དུའང་བརྟག་ཐབས་ཀྱི་སྐོར་འཁོད་ཡོད་པ་དཔེར་ན། ས་གཞི་བརྟག་པ། ལྗོན་ཤིང་བརྟག་པ། རིན་པོ་ཆེ་བརྟག་པ། གོས་བརྟག་པ། རྟ་བརྟག་པ། གླང་བོ་ཆེ་བརྟག་པ། སྐྱེས་པ་བརྟག་པ། བུད་མེད་བརྟག་པ་སོགས་མང་དུ་མཆིས། མཚན་ཉིད་ཀྱི་དཔེ་ཆ་ཁག་ལས་ཀྱང་། བརྟག་དཔྱད་ནི་མངོན་ཤེས་ལས་ཀྱང་ཕྲའོ། །ཞེས་བརྟག་ཐབས་འདི་གལ་ཆེ་ཚུལ་གཟབ་ནན་གྱིས་གསུངས་ཡོད། རྒྱལ་ཁབ་ཕྱི་ནང་གི་རྩོད་སྒྲུབ་རིག་པའི་གཞུང་ལུགས་དག་ལས་ཀྱང་། བྱ་བ་གང་ཞིག་གི་འགོ་བརྩམས་ནའང་། ཐོག་མར་གཏན་ཚིགས་རིག་པའི་གནས་ལུགས་དང་མཐུན་མི་མཐུན་དེ་ལ་བརྟག་དཔྱད་གཏོང་བ་ནི་རྩོད་སྒྲུབ་རིག་པའི་རྩ་བའི་རྨང་གཞི་ལྟ་བུ་ཡིན་ཞེས་བསྟན་ཡོད། དེའི་ཕྱིར་བརྟག་ཐབས་ཀྱི་རིག་པ་འདི་ནི། གང་ལའང་མེད་དུ་མི་རུང་བ་ཞིག་ཡིན་པ་མངོན་གསལ་རེད། གཟི་བརྟག་པ་ནི་རིན་པོ་ཆེ་བརྟག་པའི་བསྟན་བཅོས་ཀྱི་ནང་ཚན་ཞིག་ཡིན་ལ། སྔོན་བྱོན་བོད་ཀྱི་མཁས་པའི་ཁྲོད་རིན་པོ་ཆེ་བརྟག་པའི་བསྟན་བཅོས་མཛད་པའི་མཁས་པ་མི་ཉུང་བ་ཞིག་བྱོན་མྱོང་ཞིང་། དེ་དག་ལས་མིང་དུ་གྲགས་པ་རྣམས་ནི། བཟོ་ཀོང་ཙེ་འཕྲུལ་རྒྱལ་དང་། དཔྱད་བུ་ཁྲིད་ཤེས། བཟོ་རྒྱལ་གར་མ། བཻ་རོ་ཙ་ན། གཡུ་ཐོག་ཡོན་ཏན་མགོན་པོ། གཡུང་དྲུང་གར་མ(ཀརྨའམ་ཀ་མ)ཟུར་མཁར་བ་མཉམ་ཉིད་རྡོ་རྗེ། འབྲུག་པ་པདྨ་དཀར་པོ། བཀྲ་ཤིས་རྣམ་རྒྱལ། ཀློང་རྡོལ་བླ་མ། འཇིགས་མེད་གླིང་པ། དེའུ་དམར་དགེ་བཤེས། འཇུ་མི་ཕམ་སོགས་ཡིན་པ་ཡོངས་གྲགས་ལྟར་རོ། །གོང་འཁོད་ཀྱི་མཁས་པ་དེ་དག་ལས་གཟི་ལ་ཆེད་དུ་ཞིབ་འཇུག་བྱས་ཏེ་གཞུང་ལུགས་མཛད་ཡོད་པ་ནི་གཡུང་དྲུང་གར་མ་དང་། ཟུར་མཁར་བ་མཉམ་ཉིད་རྡོ་རྗེ་ལས་དེ་མིན་གྱི་མཁས་པ་དག་ནི་ཞར་ཞོར་དང་ཟ་ཟུར་ཙམ་ལས་ཆེད་རྩོམ་མཛད་ཡོད་པ་ད་ཕན་བདག་གིས་མཐོང་མ་བྱུང་། ཉེ་ཆར་རྒྱལ་ནང་ལ་མཚོན་ན། རིན་པོ་ཆེ་གཅིག་པུར་ཡང་པེ་ཅིན་རིན་པོ་ཆེ་སློབ་གླིང་(北京珠宝学院 ) སོགས་ཆེད་སྦྱོང་སློབ་གྲྭ་དུ་མ་ཞིག་བཙུགས་ཡོད། བོད་ཡིག་གི་ཐོག་ནས་རིན་པོ་ཆེའི་སྐོར་སྦྱང་སའི་སློབ་གྲྭ་ཞིག་ཕར་ཞོག་འཛིན་གྲྭ་ཞིག་ཀྱང་མི་འདུག དེ་བས་བོད་ཀྱི་སློབ་མ་ཚོས་རིན་པོ་ཆེའི་རིགས་རྒྱུས་ལོན་གཏིང་ཟབ་ཐེབས་པ་ཤིན་ཏུ་ཉུང་ངོ་། །གཟི་ནི་བོད་ཀྱི་རིན་པོ་ཆེ་ནང་ནས་ཆེས་མཆོག་ཏུ་གྱུར་བའམ་ཕུལ་དུ་བྱུང་བ་ཡིན་ཞིང་། མིང་གཞན་ལ་ནོར་བུ་བསམ་འཕེལ་ཡང་ཟེར། བོད་མི་ཚོས་གཟི་ལས་ལྷག་པའི་རིན་ཆེན་ཞིག་ཡོད་པར་མི་འདོད་ལ། ལན་ཆགས་དང་། བར་ཆད་གདོན་ནད། གཟའ་ནད་སོགས་ཀྱང་འདི་ཡིས་སེལ་བར་བཤད་པ་མ་ཟད། དབང་སྟོབས་དང་། རླུང་རྟ། བསམ་དོན་བཅས་ཀྱང་འདི་ཡིས་བསྒྲུབ་པར་བཤད། ཇོ་ནང་རྗེ་བཙུན་ཆེན་པོས། བཟོ་ཡིག་གནས་དང་སྨན་གྱི་སྦྱོར་བ་དང་། །སྔགས་ཀྱི་ཆོ་ག་ཆོས་ཉིད་ཟབ་མོ་སྟེ། །འདི་དག་རྟོག་གེའི་རིགས་པས་བརྟག་བྱས་མིན། །བདག་ཉིད་སྒྲོགས་དང་ང་རྒྱལ་སྤང་བར་རིགས། །ཞེས་གསུངས་པ་ལྟར་གཟི་བརྟག་ཐབས་ནི་སྤྱིར་བཏང་གི་ལས་སླ་བོ་ཞིག་མིན། འདི་ལ་ལག་ལེན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པ་ཞིག་མེད་ཚེ། རང་གཞན་གཉིས་ལ་གྱོང་གུད་ཚབས་ཆེན་འབྱུང་ངེས་སོ། །འདི་བརྟག་པ་ལ་སྔོན་གྱི་རིན་པོ་ཆེ་བརྟག་ཐབས་ཀྱི་དཔེ་ཆ་ཞིག་བལྟས་པ་ཙམ་གྱིས་ཀྱང་མི་ཆོག་ཅིང་། ལོ་རྒྱུས་དང་ཆོས་གཞུང་ལ་མཁས་པ་ཙམ་གྱིས་ཀྱང་མི་འོངས་ཏེ། ཅིས་ཀྱང་གནའ་རྫས་ཀྱི་ལོ་རྒྱུས་དང་ལག་ལེན་ཉམས་མྱོང་གཉི་ཀ་ལ་མཁས་པ་ཞིག་ངེས་པར་དུ་དགོས། སྔོན་ཆད་ཅ་ལག་རྙིང་བ་གསར་དུ་རྫུས་མ་བཟོ་རྒྱུ་དེ་རང་བཞིན་གྱིས་ཉུང་ངུ་ཡིན་པས། གནའི་བརྟག་ཐབས་སྨྲ་བ་བོ་རྣམས་ཀྱིས་ཅ་ལག་ཅི་ཞིག་ཡིན་རུང་དེ་དག་ལ་སྤྱིའི་ཆ་ནས་མཚན་ཉིད་དང་མཚན་གཞི་ཞིག་བཞག་ཡོད་པ་རེད། ཡིན་ན་ཡང་དེ་ལྟར་དུ་བརྟག་ན་དེང་སང་གི་ཅ་ལག་རྫུས་མའམ་གསར་པ་རྣམས་ལ་ཡང་མཚན་ཉིད་དེ་ཧ་ལམ་ཡོངས་སུ་ཚང་ཡོད། དེའི་ཕྱིར། སྔོན་གྱི་རིན་པོ་ཆེ་བརྟག་ཐབས་ཀྱི་དཔེ་གཞུང་དུ་བཀོད་པ་ཁོ་ནར་བརྟེན་ནས་དེང་སང་གི་ཅ་ལག་རྙིང་པ་རྣམས་ལ་བརྟག་ན་ཅུང་ཟད་མི་འགྲིག་པའི་སྐྱོན་འདུག འོ་ན་ཇི་ལྟར་བརྟག་དགོས་ཟེར་ན། གནའ་རབས་ཀྱི་ལག་ལེན་ཉམས་མྱོང་དང་དེང་སང་གི་ཚན་རིག་འཕྲུལ་ཆས་གཉིས་ཟུང་དུ་འབྲེལ་ནས་དཔྱད་བསྡུར་བྱས་ཚེ། ད་གཟོད་དེང་གི་རྫུས་མའམ་གསར་པ་རྣམས་སྔོན་གྱི་དངོས་ཆས་དང་མི་འདྲ་བའི་ཁྱད་ཆོས་དག་ལྷང་ལ་འབུད་ངེས་རེད།

གཅིག གནའ་བོའི་གཟི་བརྟག་ཐབས་སྐོར།

སྤྱིར་གཟི་བརྟག་ཐབས་ལ་རིགས་མི་འདྲ་བ་དུ་མ་ཞིག་མཆིས་ཏེ། བརྗོད་བྱ་དང་ནང་དོན་མི་འདྲ་བ་རྣམས་ལ་བརྟག་ཐབས་ཀྱང་མི་འདྲ་བ་ཕུན་སུམ་ཚོགས་པ་ཞིག་ཡོད་ཀྱང་། སྐབས་འདིའི་བརྗོད་བྱ་གཙོ་བོ་ནི་དངོས་རྫས་སམ་གསར་རྙིང་དང་ཁྱད་ཆོས་བརྟག་པ་ལ་བྱ་སྟེ། དེས་ན་ཐོག་མར་ང་ཚོས་གཟི་བརྟག་ཐབས་སྐོར་གནའ་རབས་ཀྱི་དཔེ་ཆ་དག་ཏུ་ཇི་ལྟར་འཁོད་པ་རྣམས་ལ་དཔྱད་པར་བྱ་སྟེ། ཉེ་ཆར་ངེད་ཀྱིས་མཐོང་བའི་བོད་ཡིག་གི་དཔེ་ཆ་ཁག་ལས་གཟི་བརྟག་ཐབས་ཀྱི་དཔེ་ཆ་ཅུང་ཆ་ཚང་དུ་བཀོད་ཡོད་པ་ནི་གཉིས་ཏེ། གཅིག་ནི། གཡུང་དྲུང་གར་མ་(ཀརྨ)སོགས་ཀྱིས་བསྒྲིགས་པའི་《ནོར་བུ་གཟིའི་རྣམ་བཤད་འཇིག་རྟེན་དགེ་བ་》བྱ་བ་དང་། ཅིག་ཤོས་ནི་ཟུར་མཁར་བ་མཉམ་ཉིད་རྡོ་རྗེས་མཛད་པའི་མན་ངག་སྐོར་རྣམས་ཕུན་ཚོགས་དགེ་ལེགས་ཀྱིས་བསྒྲིགས་པའི་《རིག་པ་བཟོ་ཐམས་ཅད་ཀྱི་མན་ངག》བྱ་བ་དེ་གཉིས་སོ། །《ནོར་བུ་གཟིའི་རྣམ་བཤད་》ཀྱི་མཇུག་བྱང་མི་ཚང་བས་རྩོམ་པ་པོ་སུ་ཡིན་བཤད་དཀའ་ཡང་། གཞུང་འདིའི་སྟོད་ཆ་ནང་དུ། བོན་གྱི་གཡུང་དྲུང་གར་མ་སོགས་ཀྱི་བཤད་ཕྱོགས་གཞིར་བཞག་གིས་བྲིས་ཞེས་པ་ལ་བརྟགས་ནས་ངས་གཡུང་དྲུང་གར་མ་སོགས་ཀྱིས་ཞེས་སོགས་སྒྲ་བཞག་པའི་རྒྱུ་མཚན་དེ་ཡིན། མཆོད་བརྗོད་ཀྱི་སྐབས་སུ་ཀརྨ་དེ་བཞིན་གཤེགས་པ་དང་། ཚོང་དཔོན་ནོར་བཟང་གཉིས་གླེང་བརྗོད་བྱས་པར་གཞིགས་ན་དེ་འདྲའི་ལོ་སྔ་ཤོས་མིན་ནམ་སྙམ་ཡང་། བོན་གྱི་ལོ་རྒྱུས་དང་ཆོས་གཞུང་ཁག་ཏུ་གཡུང་དྲུང་གར་མ་ནི་སྟོན་པ་གཤེན་རབས་ཀྱི་དངོས་སློབ་ཡིན་པར་བཤད། ཟུར་མཁར་བ་མཉམ་ཉིད་རྡོ་རྗེ་ནི་སྤྱི་ལོ་1439 ལོར་འཁྲུངས་ཤིང་། 1475ལོར་འདས་ཞེས་《 དུང་དཀར་ཚིག་མཛོད་》 དང་། མཁས་དབང་ཚེ་ཏན་ཞབས་དྲུང་ཚང་གི་《བསྟན་རྩིས་ཀུན་བཏུས་》གཉི་ཀར་གསུངས། དེ་ལྟར་ན་ཁོང་དགུང་ལོ་སོ་བདུན་ལས་མ་བཞུགས། གཞན་དེའུ་དམར་བའི་《ཤེལ་གོང་ཤེལ་ཕྲེང་》 དང་། འཇིགས་མེད་གླིང་པའི་《རིན་པོ་ཆེའི་གཏམ་ཚོམས་》 དང་། དགའ་བའི་རྡོ་རྗེས་བརྩམས་པའི་《འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་》བཅས་སུའང་གཟིའི་སྐོར་གྱི་བརྟག་ཐབས་ཅུང་ཟད་མཆིས་ཀྱང་ཞར་ཞོར་ཙམ་ལས་ཆེད་དམིགས་ཀྱི་བསྟན་བཅོས་མིན་པར་འདོད། ཟུར་མཁར་བས། གཟི་ལ་དབྱེ་ན་ཕོ་གཟི་དང་མོ་གཟི་གཉིས་བྱ་བ་ལས་ཕོ་གཟི་དང་མོ་གཟིའི་ཁྱད་པར་དང་། ཕན་ནུས་སོགས་ཞིབ་མོར་གླེང་མེད། འོན་ཀྱང་བོད་རིགས་དམངས་ཁྲོད་དུ་ཕོ་གཟི་དང་མོ་གཟིའི་རྣམ་པ་འདི་ལྟར་བཀར་འདུག གཟིའི་ལྟོ་བ་འབུར་ཞིང་རུས་སྦལ་གྱི་རྒྱབ་དང་བྱ་སྒོང་བཞིན་འཇོང་འཇོང་གི་རྣམ་པ་ཡིན་ན་ཕོ་གཟི་དང་། ལྟོ་བ་དང་སྣེ་གཉིས་མཉམ་ཞིང་ཅུང་ཟད་བཞིན་དྲང་ཡིན་ན་མོ་གཟི་ཡིན་ཟེར། འོན་ཏེ་《ཨ་གྲགས་གཟི་རྫོང་》ལས། “གཟི་ཁྲ་རིང་ཁྲ་མ་སྤུ་གུ་འདྲ། །དམན་བུ་མོའི་ཕྱག་དེར་འཛོམས་པར་ཤོག། །མཛེས་ཁྲོམ་ཐག་ཆོད་པའི་དབང་སྡུད་ཡོད། །དེ་ན་ཆུང་བུ་མོའི་འཕྱོར་རྒྱན་ཡིན། ། ① ཞེས་པ་དང་། 《ནོར་བུ་གཟིའི་རྣམ་བཤད་འཇིག་རྟེན་དགེ་བ་》རུ། གཟི་དམར་འོ་མའི་པད་རིས་ཅན། །མ་སྲུ་རྣམས་ཀྱི་མགུལ་གཟི་ཡིན། །བུ་གཡང་འཕེལ་བའི་ནོར་བུ་ཡིན། །ཞེས་པ་ལ་དཔགས་ན་རྒྱགས་རིད་ཀྱི་ཁྱད་པར་ཙམ་མ་ཡིན་པར་དེ་ལ་ངེས་པར་དུ་འཁོད་པའི་ཁྱད་ཆོས་དེ་འདྲ་ཞིག་དགོས་པར་གསལ། ཡིན་ནའང་། གཟི་ཁྲ་རིང་ཁྲ་མ་སྤུ་གུ་འདྲ། །ན་ཆུང་བུ་མོའི་འཕྱོར་རྒྱན་ཡིན། །ཞེས་པ་ལ་བརྟག་ན་གཙོ་བོ་རྒྱགས་རིད་ཀྱི་ཁྱད་པར་ཐོག་ནས་དབྱེ་བ་བྱེད་པ་མངོན་གསལ་རེད། སྤྱིར་ན་གཟི་དམར་ནི་བླ་མ་དཔོན་པོ་དང་ཕྱུག་པོ་ཚོས་འདོགས་པར་བཤད་ཀྱང་། འདིར་མ་སྲུ་ཚོའི་རྒྱན་ཆ་ཡིན་པ་མཚོན་པ་མ་ཟད་དེ་བུ་རྒྱུད་བཟང་བོ་སྐྱེ་བའི་གཡང་གཟི་ཡིན་པར་གསལ། 《གཟིའི་རྣམ་བཤད་འཇིག་རྟེན་དགེ་བ་》 ལས། གཟི་བརྟག་ཐབས་འདི་ལྟར་བཤད་ཡོད་དེ། མདོར་ན་གཟི་ཡི་རིགས་འབྱེད་ལ། །གཟི་དབྱིབས་མི་གཅིག་སྣ་དགུ་ཡོད། །གཟི་མདོག་མི་གཅིག་སྣ་དགུ་ཡོད། །གཟི་རིས་མི་གཅིག་སྣ་དགུ་ཡོད། །གཟི་ཐོབ་མི་གཅིག་སྣ་དགུ་ཡོད། །རིན་ཐང་མི་གཅིག་སྣ་དགུ་ཡོད། །གཟི་བཟོ་མི་གཅིག་སྣ་དགུ་ཡོད། །གཟི་རྒྱུ་མི་གཅིག་སྣ་དགུ་ཡོད། །ཡོན་ཏན་མི་གཅིག་སྣ་དགུ་ཡོད། །གཟི་སྐྱོན་མི་གཅིག་སྣ་དགུ་ཡོད། །དེ་ལྟར་དགུ་དགུ་གྱ་གཅིག་པོ། །མ་འདྲེས་གསལ་བོར་ཤོད་མི་ལ། །སློབ་དཔོན་པདྨ་འབྱུང་གནས་ཡོད། །ཚོང་དཔོན་ནོར་བུ་བཟང་པོ་ཡོད། །ཀརྨ་ཐམས་ཅད་མཁྱེན་པ་ཡོད། །ད་ལྟ་དུས་ཀྱི་ཡང་ཐ་འདིར། །བོད་ཁམས་བསོད་ནམས་མར་མར་འགྲིབ། །ནོར་བུའི་རིགས་རྣམས་མར་མར་འགྲིབ། །ནོར་བུའི་རིགས་རྣམས་མར་མར་བྲུ། །ནོར་བུའི་ནོར་ངོ་ཆོད་པ་ཡང་། །ཉིན་མོའི་སྐར་མ་བཞིན་དུ་དཀོན། །དེ་ཕྱིར་འདི་རུ་ཉུང་ཙམ་བཀོད། །ནོར་བུའི་ནོར་ངོ་མ་ཟིན་ན། །ནོར་བུ་ཆུ་ཁའི་རྡོ་ལེབ་ཡིན། །ནོར་བུའི་ནོར་ངོ་ཟིན་གྱུར་ན། །ནོར་བུ་དགོས་འདོད་ཀུན་འབྱུང་ཡིན། །འབད་པ་བརྒྱ་ཡིས་དོན་མི་བསྒྲུབ། །ངལ་པ་སྟོང་གིས་ས་མི་ཆོད། །ནོར་བུ་མཐེ་བོང་ཙམ་ཞིག་གིས། །འདོད་པའི་དོན་ཀུན་འགྲུབ་པར་གསུངས། །གངས་ཅན་བོད་ཀྱི་རྒྱལ་ཁམས་འདིར། །གཟི་ལས་མང་བའི་རྒྱན་མེད་ཀྱང་། །གཟི་ལ་བཟང་ངན་འབྲིང་གསུམ་ཡོད། །གཟི་ལ་ཡག་བཙོག་གཉིས་ཀ་ཡོད། །གཟི་ཡག་བཙོག་མཁས་པས་བལྟས་ན་ཤེས། །གཟི་བཟང་ངན་མཁས་པས་རེག་ན་ཤེས། །གཟི་ལེགས་ཉེས་རང་རང་བསོད་ནམས་ཡིན། །བསོད་ནམས་ཅན་ལ་ནོར་བུ་ཡིན། །བསོད་ནམས་མེད་པའི་མི་རྣམས་ལ། །གཟི་རབ་སྲོག་གི་སྟ་རེ་ཡིན། །གཟི་འབྲིང་ནད་ཀྱི་སྣ་འདྲེན་ཡིན། །གཟི་ཐ་ནོར་གྱི་རྐུན་མ་ཡིན། །དེ་ཕྱིར་ལེགས་པར་མ་བརྟགས་པར། །གང་བྱུང་གཟི་འཆང་འཕུང་བར་འགྱུར། །དེས་ན་གཟི་ཡི་བརྟག་ཐབས་གཅེས། །མཐོང་མ་ཐག་ཏུ་ཡིད་དུ་འོང་། །ལག་པར་འཆང་ན་དགའ་བ་སྐྱེ། །མིག་བཙུམས་དཔྲལ་བར་གླན་པ་ན། ལུས་ཀྱི་སྤུ་ཟིངས་དགའ་བདེ་སྐྱེ། །འདི་འདྲ་གང་བྱུང་རང་ལ་དབང་། །ཡང་ན་བལ་དྲིལ་ཀུ་ཤས་བཅིངས། །སྔས་འོག་ལ་བཅུག་རྨི་ལམ་བརྟག །ལེགས་ཉེས་ལ་བསྟུན་སྤང་བླང་བྱ། །ཡང་ན་མགུལ་ལ་བཏགས་བྱས་ཏེ། །བྱིས་པར་གཏམ་འདྲི་ལན་ལ་བརྟགས། །ལྐོག་ཉན་གཏམ་གྱིས་བརྟགས་པའང་བཤད། །ལེགས་ན་སྟོར་ཁུང་ལས་ཀྱང་ལོང་། །ཉེས་ན་མགུལ་དུ་ཐོན་ཡང་སྤོངས། །གལ་ཏེ་གཟི་ཞགས་ཆགས་གྱུར་ན། །བརྟགས་མི་དགོས་པར་རྙེད་ཀུན་ལོང་། །སུ་ལ་གཟི་ལྔ་ཡན་ཡོད་ན། །དེ་ལ་གཟི་ཞགས་ཆགས་ཞེས་ཟེར། །ཡིད་བདེ་རྟེན་འབྲེལ་ལེགས་པའི་གཟི། །ཐོག་མར་དཀོན་མཆོག་རྟེན་གྱི་དྲུང་། །འབྲུ་ཡིས་བཀང་བའི་རིན་ཆེན་སྣོད། །རྒྱལ་མཚན་བཙུགས་པའི་རྩེ་རུ་བཏགས། །ཡུན་རིང་མཆོད་པ་བྱས་པའི་མཐར། །མགུལ་སོགས་གང་དགོས་རྒྱན་དུ་བྱ། །ཞེས་པ་ནས། རི་མོ་བཅད་ཁ་དྲང་ན་བཟང་། །རྩམ་པ་ཅི་ཙམ་ཞིབ་ན་བཟང་། །བཀྲག་འོད་མེད་པ་བཟང་བ་ཡིན། །ཆག་ཁ་འཇམ་ན་བཟང་བ་ཡིན། །ངོ་བོ་སྲ་ན་བཟང་བ་ཡིན། །རི་མོ་ཁ་རུ་གཡེང་ན་བཟང་། །བུག་རིས་ཅན་ལ་བཤད་པ་མིན། །གཟི་རྡོ་མཆོང་རིས་ཡོད་ན་བཟང་། །གཟི་རྡོ་ཅི་ཙམ་འཐིབ་ན་བཟང་། །ཆུ་གཟིའི་རིགས་ལ་བཤད་པ་མིན། །② ཞེས་བཤད་པ་ནི་བོད་སྔ་རབས་ཀྱི་མཁས་པ་ཚོའི་ཉམས་མྱོང་ལས་བྱུང་བའི་གཟི་བརྟག་ཐབས་ཡིན་ཞིང་། ཟུར་མཁར་བ་མཉམ་ཉིད་རྡོ་རྗེའི་གཟི་བརྟག་ཐབས་ལས་འདི་ལྟར་འཁོད་ཡོད་དེ། དེ་ལ་དང་པོ་གཟིའི་བརྟག་པ་བསྟན་པ་ལ་གཉིས་ཏེ། ཕོ་གཟི་མོ་གཟི་བསྟན་པའོ། །
     སྤྱིར་ན་རྡོ་(ལྟར་)སྲ་ཞིང་རྩུབ་ན་རྙིང་པ་ཡིན། ལག་པའི་འགུལ་ཁོ་(ཁོག་)ལ་འཇུས་པ་བཞིན་ཁྲོ་གཉེར་ཤིག་གེ་འོང་། གཟི་ཉག་ལ་རྟའི་རྨིག་པ་འདྲ་ན་རྙིང་པ་ཡིན། ཉའི་རྒྱབ་འདྲ་ན་རྙིང་པ་ཡིན། སྦྲུལ་གྱི་རྒྱབ་འདྲ་ན་རྙིང་པ་ཡིན། ཕོ་གཟི་མོ་གཟི་གང་ལྟར་ཀྱང་ཆག་པའི་སྟེང་ན་རི་མོ་འདུག་ན་རྙིང་པ་ཡིན། ཆག་དུས་ཁ་རྣོ་ཡང་ལག་པའི་འོག་ཏུ་འཇམ་ན་རྙིང་པ་ཡིན། དེ་ཚོ་མ་ཤེས་ན་བྱེ་མའི་འོག་ཏུ་སྒྲིལ་བས་མགྱོགས་ན་རྙིང་པ་ཡིན། རི་མོ་གཏིང་ལ་ཐིམ་པ་འདྲ་ན་རྙིང་པ་ཡིན། མོ་གཟི་ལ་མཆེ་བ་འདྲ་ཞིང་བཏུས་ན་སྣུམ་ལ་གཟི་ཉག་ཉུང་དཀར་ཙམ་པ་འོང་། རྙིང་པ་ཡིན་ཡང་རི་མོ་ལྕམ་དཀྲིས་སུ་འདུག་ན་ནོར་མ་མིན་ཏེ་རཏྣ་རྩམ་(ཙམ་)གཟིའོ། །གཟི་རྡོ་གཡུ་འདྲ་བ་འདུག་ན་བཟང་པོ་ཡིན། དེ་ལ་སྤུས་རིས་གསུམ་ཙམ་འདུག་ན་གཡུ་བས་དགའ། སྤྱིར་གཡུ་རིས་མ་དང་གཅིག སྤུ་རིས་མ་དང་གཉིས། ནག་རིས་དང་གསུམ། སྤུ་རིས་གསུམ་ལ་ཉའི་ལྟོ་བ་འདྲ་ན་མི་བཏུབ་བོ། །གསར་པའི་མིག་ལ་ཐེམ་པའོ། །རྙིང་པའི་མིག་བཟང་ཐལ་དུ་འོང་། མཉམ་པོ་ལ་ལྗིད་འབུན་ཐང་གི་ཆེའོ།།(འདིའི་དོན་ནི། གཟི་གསར་རྙིང་ཆེ་ཆུང་མེད་པ་གཉིས་མཉམ་དུ་འཇལ་ན་ལྗིད་ཚད་རྙིང་པ་ལྡབ་གཅིག་གིས་ཆེ་བྱ་བའི་དོན་ཡིན་ནམ། ཡང་ན་དེ་གཉིས་ཀྱི་ལྗིད་ཚད་འདྲ་ཡང་རིན་གོང་ལྡབ་ཀྱིས་རྙིང་པ་ཆེ་བྱ་བའི་དོན་གང་ཡིན་བརྟག གསར་པའི་མིག་ལ་ཐེམ་པའོ་བྱ་བ་ནི་མིག་ལ་གནོད་པའི་དོན་དང་། རྙིང་པའི་མིག་བཟང་ཐལ་དུ་འོང་ཞེས་པ་ནི། དེའུ་དམར་བས། གཟི་རྙིང་འདིས་ཕྱིས་པས་མིག་ནད་ལ་ཕན་གསུངས་པ་དང་དོན་འདྲའོ།།)སྤྱིར་གཟི་རྙིང་པ་དང་མིག་འདྲིས་པ་གལ་ཆེའོ། །③ཞེས་གསུངས། གོང་གསལ་གྱི་ནང་དོན་ལས་ཤེས་པ་ལྟར་ན། གཡུང་དྲུང་གར་མ་དང་། ཟུར་མཁར་བ་མཉམ་ཉིད་རྡོ་རྗེ་གང་ཡིན་ཡང་གསར་རྙིང་བརྟག་ཐབས་ཀྱི་བཤད་ཕྱོགས་དང་ལྟ་ཚུལ་ཐད་ཚིག་ཟུར་ཙམ་ལས་ཧ་ལམ་མཐུན། མི་འདྲ་ས་ནི་གཡུང་དྲུང་གར་མས་རི་མོ་ཁ་རུ་གཡེང་ན་བཟང་ཞིང་རྙིང་པ་ཡིན་པ་དང་། ཟུར་མཁར་བས་རི་མོ་གཏིང་ལ་ཐིམ་པ་འདྲ་ན་རྙིང་པ་ཡིན། ཞེས་རི་མོའི་རྩི་གཏིང་ཚད་ཐད་དགོངས་བཞེད་ཅུང་མི་འདྲ་བ་དང་། ཁོང་གཉིས་ཀྱི་ལྟ་ཚུལ་གཅིག་པ་གཅིག་རྐྱང་ཡིན་ས་ནི། གཡུང་དྲུང་གར་མས། ཆག་ཁ་འཇམ་ན་བཟང་བ་ཡིན། ངོ་བོ་སྲ་ན་བཟང་བ་ཡིན། །ཞེས་པ་དང་། ཟུར་མཁར་བས། སྤྱིར་ན་རྡོ་(ལྟར་)སྲ་ཞིང་རྩུབ་ན་རྙིང་པ་ཡིན། ཆག་དུས་ཁ་རྡོ་ཡང་ལག་པའི་འོག་ཏུ་འཇམ་ན་རྙིང་པ་ཡིན། ཞེས་གསལ་བས་དེའི་ཐད་ཁོང་རྣམ་པ་གཉིས་ཀྱི་བཞེད་པ་ཆུ་ལ་ཆུ་བཞག་གི་ཚུལ་དུ་མཚུངས་འདུག གཡུང་དྲུང་བས་གཟི་རྡོ་ཅི་ཙམ་འཐིབ་ན་བཟང་། །ཆུ་གཟིའི་རིགས་ལ་བཤད་པ་མིན། །ཞེས་པ་དང་། ཟུར་མཁར་བས། གཟི་རྡོ་གཡུ་འདྲ་བ་འདུག་ན་བཟང་པོ་ཡིན། བྱ་བ་གཉིས་དོན་གཅིག་གོ།འོན་ཏེ་ཆུ་གཟིའི་རིགས་ལ་བཤད་པ་མིན། ཞེས་པ་ནི། ད་སྐབས་ཚོང་པ་ལ་ལས་གཟི་དཀར་ཞད་ཆེ་བའི་རིགས་ནི་མ་སྨིན་པའི་བྱུ་རུ་ལྟར་ངོས་འཛིན་པ་ནི་གཟི་རྒྱུ་མི་གཅིག་སྣ་དགུ་ཡོད་ཅེས་པའི་ནང་དོན་མ་མཁྱེན་ཞིང་ཉམས་མྱོང་ཕུན་སུམ་ཚོགས་པ་མེད་པའི་འབྲས་བུ་ལས་བྱུང་བའི་ནོར་འཁྲུལ་འབའ་ཞིག་གོ།ལར་བཤད་ན། དེ་རིགས་ནི་ཆུ་གཟིའི་རིགས་ཡིན་པས་དང་པོ་ནས་རི་མོ་ལ་སོགས་པ་དེ་འདྲ་གསལ་པོ་མེད། འདིའི་སྐོར་གྱི་ནང་དོན་ཞིབ་གསལ་གཤམ་དུ་བཤད་རྩིས་ཡོད། གཟི་ཞགས་ཟེར་བ་ནི་གཟི་ལྔ་ཡན་གྱི་རྒྱུན་བུའམ་ཕྲེང་བའི་རིགས་དང་མགུལ་རྒྱན་ལྟ་བུ་ལ་གོ་ཞིང་། དེ་འདྲ་ཞིག་སུ་ལ་ལྡན་ན་ལེགས་ཉེས་དང་རྟེན་འབྲེལ་སོགས་བརྟག་མི་དགོས་པར་འདོགས་ཆོག་པར་བཤད། དེ་ལྟར་གོང་དུ་བཤད་པ་དེ་དག་ནི་བོད་སྔ་རབས་ཀྱི་མཁས་པ་ཚོའི་ལག་ལེན་ཉམས་མྱོང་ལས་བྱུང་བའི་གཟི་བརྟག་ཐབས་ཡིན་ལ། སྔ་མོའི་དུས་སུ་མི་རྣམས་ཀྱིས་ཅ་ལག་རྙིང་པ་དག་ད་ལྟའི་ནང་བཞིན་རྫུན་མ་བཟོ་རྒྱུ་ཧ་ཅང་ཉུང་།(བོད་ཡུལ་གྱི་དངོས་རྫས་གཞིར་བཞག་གིས་བཤད་པ་ཡིན)། དེ་ཅི་ཡིན་ཞེ་ན། ལག་རྩལ་མེད་པའི་རྐྱེན་ནམ་སྙམ་ན་མ་ཡིན་ཏེ། སྤུས་ཚད་མཐོ་ཤོས་སམ་རིན་གོང་ཆེ་ཤོས་ཀྱི་ཅ་ལག་གང་ཞིག་ལ་ལད་བཟོའམ་འདྲ་བཟོ་བྱེད་སྐབས་དེ་ལ་དུས་ཚོད་དང་། རྒྱུ་ཆ། ལག་རྩལ་སོགས་ཆ་རྐྱེན་མང་པོ་ཞིག་འཛོམས་དགོས། དེ་དག་ཚང་མ་ཡང་འདྲ་བཟོའི་ཅ་ལག་ལ་ལོ་རྒྱུས་ཀྱི་རིན་ཐང་ཐད་ནམ་ཡང་སྔོན་གྱི་ཅ་ལག་དང་བསྡུར་ན་རིན་ཐང་དམའ་བས་དཔལ་འབྱོར་གྱི་རིན་ཐང་ཡང་དེ་ལྟར་རེད། དེའི་ཕྱིར། ཅ་ལག་རྙིང་པ་འདྲ་བཟོ་བྱེད་རྒྱུ་དེ་རང་བཞིན་གྱིས་ཉུང་བར་གྱུར་པ་རེད།

གཉིས། དེང་རབས་ཀྱི་གཟི་བརྟག་ཐབས་སྐོར།

དེང་རབས་ཀྱི་གཟི་བརྟག་ཐབས་བྱ་བ་ནི། གནའ་སྔ་མོའི་གཟི་བརྟག་ཐབས་ཀྱི་ཉམས་མྱོང་དང་དེང་སང་གི་འཕྲུལ་ཆས་གྱིས་བལྟ་ཞིབ་བྱེད་པའི་ལག་ལེན་གཉིས་ཟུང་འབྲེལ་གྱིས་ཞིབ་བསྡུར་བྱས་པའི་ཐབས་ལམ་ཞིག་ཡིན་ཞིང་། ཐབས་ལམ་འདི་ནི། བརྟག་ཐབས་མང་པོ་ཞིག་གི་བྱེད་ཕྱོགས་སྤྱི་བསྡོམས་བྱས་ནས་བརྗོད་པའི་མངོན་སུམ་ཚད་མའི་རིགས་ལམ་ཞིག་ཀྱང་ཡིན། ལར་གཟི་ལ་བརྟག་ཐབས་ཀྱི་དབྱེ་བ་འདྲ་མིན་དུ་མ་ཞིག་ཡོད་ཀྱང་། འདིར་གཙོ་བོ་རང་གི་ལག་ལེན་ཁྲོད་ནས་ཤེས་པའི་ཉམས་མྱོང་རྣམས་ཕྱོགས་བསྡོམས་་་བྱས་ཏེ་ཚན་པ་བཅུར་དབྱེ་སྟེ་དཔྱད་བསྡུར་བྱེད་རྩིས་ལགས།
     1. གཟིའི་གཞི་རིས་བརྟག་པ། དེ་ཡང་གཟིའི་གཞི་རིས་ཟེར་བ་ནི་གཟིའི་ལྷན་སྐྱེས་རང་མདོག་ལ་གོ་ཞིང་། གཟིའི་རང་མདོག་ལ་དཀར་པོ་དང་། ཤ་མདངས། ནག་པོ། དམར་སྨུག དམར་སེར། ཁམ་ནག་སོགས་ཤས་ཆེ་ཞིང་། སྤྱིར་བཏང་གི་གཟི་མང་ཤས་ནག་ཁྲ་ཡིན་པས་ནག་པོ་དང་དཀར་སེང་ཤས་ཆེ། དཀར་སེང་ལའང་འོ་མདངས་དང་ཤ་མདངས་སོགས་མདོག་མང་། དཀར་སེང་ནང་དུ་སེར་ཤ་འདྲེས་པ་འདི་རྙིང་མ་གསར་མ་གཉི་ཀ་ལ་འོངས་པས་དེ་གཅིག་པུར་བལྟ་རྒྱུ་མེད། ནག་ཁྲ་ལའང་སྣུམ་མདངས་ཡོད་མེད་གང་རུང་འདུག གཟི་མང་ཤོས་ཀྱི་བུ་གའམ་ཨི་ཁུང་དཀར་སེང་ཡིན་པ་ཁྱབ་ཆེ། འོན་ཏེ། ཡོད་ཚད་དེ་ཡིན་པའི་ངེས་པ་མེད། རུས་སྦལ་གྱི་རྒྱབ་ལྟར་བྱ་བ་ནི་དབྱིབས་དང་མདོག་གཉི་ཀ་ལ་ཟེར་ཞིང་། གཙོ་བོ་དབྱིབས་ལ་བཤད་པ་ལས་ཆེ་ཆུང་ལ་ཟེར་བ་མིན། རུས་སྦལ་གྱི་ཤུན་སྐོགས་དེ་སྤྱིའི་ཆ་ནས་བརྗོད་པ་ལས་གཅིག་པ་གཅིག་རྐྱང་ཡིན་ཟེར་བ་མིན་ཏེ། ཁྱད་ཆོས་རེ་གཉིས་ལ་བལྟས་ནས་བཤད་པའི་སྐད་ཆའོ། །གཟི་ལ་ལར་མཆོང་རིས་ཡོད་པ་མང་ཞིང་། དེང་སང་གི་གསར་པ་ལའང་མཆིས། ཆུ་གཟིའི་རིགས་ནི་གོང་དུ་བརྗོད་པ་བཞིན་རྒྱུ་ཆའི་དབང་གིས་ཡིན་ནམ་གང་ཡིན་རྟོགས་དཀའ་བ་སྟེ་དང་ཐོག་ནས་རི་མོ་མི་གསལ། འདིའི་རིགས་དེང་སང་གི་གསར་པ་དང་ཤིན་ཏུ་འདྲ་བས་ལ་ལས་གསར་པ་རེད་ཟེར་བ་མང་། དོན་དངོས་ཆུ་གཟིའི་རིགས་ཚང་མ་དེ་འདྲ་རེད། གཟི་རིས་དམར་ནག་ལྟ་བུ་དེ་འདྲ་ལ་དེང་སང་ལ་དྭགས་ཀྱི་གཟི་ཟེར་ཞིང་། བོད་ཀྱི་གཟི་དངོས་ལྟ་བུའི་གོང་ཚད་མི་འདུག དབྱི་ལང་ངམ་ཏ་ཟིག་ནས་བྱུང་བའི་དེང་གི་རྣམ་སྲས་གཟི་དམར་མང་ཤོས་ལོ་ངོ་སྟོང་ཕྲག་གཉིས་ཡར་སྔོན་གྱི་གཟི་ཡིན་ཞིང་། འདིའི་གཟི་རིས་ལ་ཐད་ཀར་བལྟས་མ་ཐག་ཉེ་ཆར་བཟོས་པ་དང་འདྲ་བའི་ཚོར་སྣང་སྟེར་མོད། འོན་ཏེ། སེམས་རྣལ་ལ་ཕབ་སྟེ་ཞིབ་ལྟ་བྱས་ན་རྙིང་གཤིས་ཀྱི་ཁྱད་ཆོས་ཡོད།
     2. གཟིའི་ཁྲག་རིས་སམ་མཚལ་ཐིག་བརྟག་པ། གཟིའི་ཁྲག་རིས་སམ་མཚལ་ཐིག་ཟེར་བ་ནི། གཟི་རྙིང་མང་ཤོས་ལ་ཡོད་པའི་ཁྲག་ཤ་ལྟ་བུ་ཞིག་གཟི་གསེང་དུ་འཐེན་པ་དེ་དང་མཚལ་གྱི་ཐིག་ལེ་འདྲ་བ་ཆགས་པ་དེ་ལ་ཟེར། འདི་ནི་གཟི་དངོས་མ་ཡིན་པའི་རྟགས་ཁོ་ན་ཞིག་ཡིན་ཡང་། བརྟག་མ་ཤེས་ཚེ་དེང་སང་གི་གཟི་གསར་པ་རྣམས་ལའང་མཆིས། དེང་གི་ཆེར་བསྐྱེད་མེ་ཤེལ་ཚད་40྾120྾ཅན་གྱིས་བལྟས་ན་གཟི་གསེང་དུ་ཁྲག་ལྟར་འཁྱིལ་བའམ་ཡང་ན་ཐིག་ལེ་ལྟར་ཆགས་པ་མཐོང་ཐུབ་ལ། གསར་རྙིང་གཉི་ཀའི་མཚལ་ཐིག་མི་འདྲ་སྟེ། དངོས་མའི་མཚལ་ཐིག་ནི་ལུས་སྟེང་གི་སྨེ་བ་དམར་པོ་བཞིན་རང་རང་སར་ཁ་ཐོར་དུ་གནས་ཤིང་། གསར་པའམ་རྫུན་མའི་མཚལ་ཐིག་ནི། རས་ལ་ཚོས་བསྒྱུར་བ་ལྟ་བུ་དང་། ཤོག་སྟེང་དུ་ཆུ་ཚོན་གཏོང་བ་བཞིན་གང་སར་སིམས་འདུག་པ་མ་ཟད། མཚལ་ཐིག་ཕན་ཚུན་འདྲེས་ཤིང་ཆེད་དུ་ཚོན་རྩི་བསྐུས་སོང་སྙམ་པའི་ཚོར་སྣང་ཁྱད་པར་བ་ཞིག་མངོན་གསལ་གྱིས་སྟེར་འོངས། 《ནོར་བུ་གཟིའི་རྣམ་བཤད་འཇིག་རྟེན་དགེ་བ་》བྱ་བ་ལས། གཟི་གསུམ་པ་བཟོ་བ་བདུད་ཀྱིས་བཟོས། །བདུད་སྲིན་པོ་མགོ་དགུས་སྨག་ལ་བཟོས། །གཟི་ནག་པོ་ཡིན་པ་དེ་ནས་བྱུང་། །གཟི་རྒྱུ་ཁྲག་དང་རྣག་ལ་བྱས། །གཟི་མི་ཡག་པ་དེ་ནས་བྱུང་། །④ ཞེས་གཟི་ལ་ཁྲག་འདྲེས་པ་ཞིག་བཤད་པ་ནི་དངོས་གནས་བློ་ཡུལ་ལས་འདས་པ་ཞིག་རེད། དེ་ཅི་ཡིན་ཞེ་ན། སྤྱིར་བཏང་གཟིའི་མཚལ་ཐིག་རགས་མོ་མཐོང་པ་ལས་ཁྲག་རིས་ཕྲ་བ་འདི་མིག་གིས་མི་མཐོང་བ་མ་ཟད། མེ་ཚད་25྾མན་ཆད་ཀྱི་ཆེར་བསྐྱེད་མེ་ཤེལ་གྱིས་ཀྱང་དམར་ཐིག་ལས་ཁྲག་ཤ་འཐེན་པ་དེ་མཐོང་དཀའ་བས། ཚན་རིག་གི་འཕྲུལ་ཆས་མེད་པའི་ལོ་རབས་བརྒྱ་ཕྲག་དུ་མའི་ཡར་སྔོན་ཞིག་ནས་གཟི་གསེང་དུ་ཁྲག་རིས་ལྟ་བུ་ཞིག་ཡོད་པར་བཤད་པ་ནི་ཧ་ཅང་གི་ཚད་མཐོ་བའི་སྐད་ཆ་ཞིག་རེད། མདོར་ན། མཚལ་ཐིག་དེ་ཚོས་བསྒྱུར་བ་ལྟ་བུ་ཡིན་ན་གསར་བ་ཡིན་ཞིང་། སྨེ་བ་དམར་པོ་ལྷན་སྐྱེས་ནས་ཡོད་པ་ལྟར་ཡིན་ན་རྙིང་པ་ཡིན་པ་ཤེས་པར་གྱིས། ཚོན་མདོག་གསར་རྙིང་གཉི་ཀ་ཧ་ལམ་གཅིག་མཚུངས་ཡིན་ནོ།།
     3. གཟིའི་འོད་མདངས་བརྟག་པ། གཟི་འོད་མདངས་བྱ་བ་ནི། གཟི་ཉི་མ་དང་གློག་སྒྲོན། དཀར་ཆ་བཅས་ལ་ཕྱོགས་ཚེ་རང་ཤུགས་ཀྱིས་འོད་འཁྱུག་པའི་རང་བཞིན་དེ་ལ་ཟེར་ཞིང་། འོད་མདངས་ཤིན་ཏུ་ཆེ་ན་གཟི་གསར་པ་ཡིན་པར་བཤད་ཀྱང་། འོན་ཏེ་ངེད་ཀྱིས་ཉེ་ཆར་ཐེ་ཝན་ནས་རྙིང་པ་འདྲ་བཟོ་བྱས་པའི་རྫུན་མ་དང་གནའི་གཟི་རྙིང་པ་དངོས་གཉིས་ཞིབ་བསྡུར་གྱིས་ལྟ་ཞིབ་གནང་སྐབས་དཀར་ཤས་དེ་གསར་རྙིང་གཉི་ཀའི་འོད་མདངས་ཧ་ལམ་འདྲ་ཡང་ནག་ཤོས་ནི་རྙིང་པ་གསར་པ་ལས་འོད་མདངས་ཆེ་བ་མ་ཟད་སྣུམ་བརྗིད་ཆེ་ཞིང་འོད་མདངས་འབར་བ་ཞིག་ལགས། ལ་ལས་གཟི་རྙིང་པ་ལ་སྣུམ་མདངས་ཆེ་བ་མ་གཏོགས་འོད་མདངས་དེ་འདྲ་མེད་ཟེར་བ་ནི་ཕྱོགས་རེ་བའི་ལྟ་ཚུལ་ཙམ་མོ། །འོད་མདངས་གཏན་ནས་མེད་པ་དང་ཁྲག་ཤ་མེད་པ་དེའི་རིགས་ལ་གཟི་ཤི་བོ་ཟེར་ཞིང་། ཁྲག་རིས་མཆིས་པ་དེ་ལ་གཟི་གསོན་པོ་ཞེས་གཟི་བྱིན་ཆེ་བར་བརྩི། ཐེ་ཝན་དང་ཀང་ཨོ་ས་ཁུལ་གྱི་སྦྱིན་བདག་ཆེན་པོའམ་གཟི་ལ་དགའ་མཁན་ཚོས་མཚལ་ཐིག་ཅན་ནམ་ཁྲག་རིས་ཡོད་པ་འདི་དག་ལ་ཤིན་ཏུ་དགའ་པོ་བྱེད་ཀྱི་འདུག ཡང་གཟི་རྙིང་པ་ཡིན་ན་ཁུང་བུའམ་ཨི་ཁུང་གི་རྒྱུན་བུ་དེ་གློག་འོད་དང་ཉི་མའི་འོག་བལྟས་ན་རྒྱུན་བུའི་གྲིབ་མ་ནག་རིས་དེ་མེད་ཅིང་། གསར་པ་ཡིན་ན་ཡོད། འོན་ཏེ། རྣམ་སྲས་གཟི་དམར་གྱི་རིགས་ལ་གཟི་རྙིང་པ་ཡིན་ཡང་རྒྱུན་བུའི་གྲིབ་མ་ནག་རིས་དེ་ཡོད་པའང་སྣང་ངོ་། །
     4. གཟིའི་རྗེས་ཤུལ་བརྟག་པ། གཟིའི་རྗེས་ཤུལ་བརྟག་པ་བྱ་བ་ནི། གཟིའི་ངོས་སུ་འབུས་ཟོས་པའི་རྗེས་ཤུལ་ལྟ་བུའམ་ཡང་ན་སྐར་མ་སྟོང་ལྡན་དང་ཨོ་ལེ་ཙ་ལྟ་བུའི་ཕྲེང་བའི་ངོས་སུ་ཆགས་པའི་རྗེས་ཤུལ་དེ་དང་ཆ་འདྲ་བ་དེ་ལ་ཟེར། འདི་ནི་རྙིང་པའི་རྟགས་ཡིན་ཡང་། ཐེ་ཝན་གྱིས་བཟོས་པའི་དེང་སང་གི་གཟི་གསར་པ་རྣམས་ལ་ཡང་རྗེས་ཤུལ་རི་མོ་དེ་ཡོད་པས་ཞིབ་ཏུ་མ་བརྟགས་ན། དངོས་མ་དང་རྫུན་མའི་ཁྱད་པར་འབྱེད་དཀའ། གཟི་རྙིང་པའི་རྗེས་ཤུལ་དེའི་གཏིང་ཚད་ལ་ཆེ་ཆུང་འདྲ་མིན་དང་། རང་བཞིན་གྱིས་ཐར་ཐོར་དུ་གནས་པ་དང་སེར་ག་གས་པ་ལྟ་བུའི་རྣམ་པ་ཅན་ཡིན་ལ། གསར་པའི་རྗེས་ཤུལ་དེ་མིས་ཆེད་དུ་བཟོས་པ་ཡིན་ཕྱིར་རང་བྱུང་གི་ལྷུན་ཆགས་བཟོ་ལྟ་དེ་མི་འདུག གཟི་རྙིང་པ་མང་ཤོས་ལ་རྗེས་ཤུལ་འདི་ཡོད་ལ། ཉ་མོའི་ཤུན་རིས་དང་འདྲ། དེ་སྔོན་སྐབས་ཤིག་ལ་གཟི་འཚོང་པ་ཚོས་རྗེས་ཤུལ་འདི་རྙིང་པ་ཁོ་ནར་མ་གཏོགས་མེད་བསམས་ནས་གསར་པ་ཉོས་ནས་མགོ་བསྐོར་ཐེབས་པ་མང་། སྤྱིར་ན་རྗེས་ཤུལ་འདི་གསར་རྙིང་གཉི་ཀར་མཆིས་ཀྱང་། རྙིང་པའི་རྗེས་ཤུལ་དེ་གཏིང་ཟབ་ཅིང་སེར་ག་རིང་བ་དང་། གསར་པའི་རྗེས་ཤུལ་དེ་ཁ་རུ་ཁ་ཐུག་ཙམ་དང་རང་བྱུང་གི་རི་མོ་མིན་པ་བཅས་ཀྱི་ཁྱད་པར་གདའོ། །ངེས་པར་དུ་ཤེས་དགོས་པ་ཞིག་ནི་གཟི་རྙིང་པ་ཡོད་ཚད་ལ་རྗེས་ཤུལ་གྱི་རི་མོ་འདི་ཡོད་པ་མིན་ཏེ། རྙིང་པ་ཡིན་ཡང་རྗེས་ཤུལ་འདི་འདྲ་མེད་པ་ཧ་ཅང་མང་ངོ་། །
     5. གཟིའི་རེག་ཚོར་བརྟག་པ། གཟིའི་རེག་ཚོར་བརྟག་པ་ཟེར་བ་ནི། གཟི་གསར་རྙིང་གང་ཞིག་ལ་ལག་པས་རེག་རྗེས་མྱོང་ཚོར་ཁྱད་པར་བ་རེ་སྐྱེས་པ་དེ་ལ་ཟེར། གནའ་རབས་ཀྱི་གཟི་མང་ཤོས་མིའི་ལག་པས་བཟོས་པ་ཡིན་པས། གྲུ་ག་དང་འབུར་གཤོང་མཆིས་པ་དང་། དེང་སང་གི་གཟི་གསར་པ་རྣམས་འཕྲུལ་ཆས་ཀྱིས་བཟོས་པ་ཡིན་པས་ངོས་མཉམ་ཞིང་འཇམ་སྣང་ཅན་ཤ་སྟག་ཡིན། ཟུར་ཆག་པའི་གཟི་ལ་ལག་པས་རེག་སྟེ་འཇམ་ན་རྙིང་པ་ཡིན་པའི་རྟགས་སོ། །ལག་པས་རེག་ན་གཡང་ཊི་ལྟར་འཇམ་ཞིང་སྣུམ་ཞད་ཆེ་ན་རྙིང་པ་དང་། ལག་པས་རེག་ན་རྩུབ་ཅིང་སྐམ་ཞད་ཆེ་ན་གསར་པའོ། །ལ་ལས་དར་གོས་སོགས་ཀྱིས་བཏུམ་པའམ་གཡོགས་ཏེ་རེག་ན་གྲུ་གའི་མྱོང་ཚོར་ལྷག་པར་ཆེ་བར་བཤད། ངས་བལྟོས་ན་གཟི་གསར་རྙིང་གང་ཡིན་ཡང་ལག་པས་རེག་དུས་ཐོག་མའི་མྱོང་ཚོར་དེ་གལ་ཆེ་བས། དངོས་པོ་གཞན་གྱིས་གཡོགས་ཏེ་བརྟག་པ་འདི་མི་འགྲིག་སྟེ། དེ་ལྟར་ན་འཇམ་གོས་ཀྱིས་གཡོགས་པའི་གཟི་ལ་འཇམ་སྣང་དང་། རྩུབ་གོས་ཀྱིས་གཡོགས་པའི་གཟི་ལ་རྩུབ་སྣང་སོགས་ཕྱི་ཡི་དངོས་པོ་ཅི་ཡིན་དེའི་མྱོང་བ་བཞིན་འགྱུར་ལྡོག་བྱུང་བ་ལས་གཏན་འཁེལ་གྱི་མྱོང་ཚོར་དེ་མེད། དེ་མིན་གཟི་ལ་གྲུ་ག་ཡོད་མེད་བརྟག་པ་དེ་ཡང་གཙོ་ཆེ་བའི་དབང་གིས་བཤད་པ་ལས། གཟི་རྙིང་ཡིན་ཚད་ལ་གྲུ་ག་ཡོད་པའི་ངེས་པ་མེད། གཟི་རྙིང་སྤུས་ཚད་ལེགས་པོ་ལ་གྲུ་ག་མེད་པ་ངེད་ཀྱིས་མང་པོ་མཐོང་མྱོང་བས་སོ། །
     6. གཟིའི་བཟང་ངན་བརྟག་པ། གཟིའི་བཟང་ངན་བརྟག་པ་བྱ་བ་ནི། སྤྱིའི་ཆ་ནས་བཤད་པའི་སྐད་ཆ་ཞིག་ཡིན་ལ། གཟི་གང་ཞིག་གི་བཟོ་དབྱིབས་དང་། ཁ་དོག རི་མོ། འབྱུང་ཁུངས་བཅས་ཀྱི་ལེགས་ཉེས་བརྟག་པ་ལ་ཟེར་ཞིང་། ཁ་སྐད་དུ་གཟིའི་ཡག་བཙོག་ལ་ཟེར། ད་ལྟ་བོད་རིགས་དམངས་ཁྲོད་དུ་ཡོངས་སུ་གྲགས་པའི་གཟི་ལེགས་པ་ནི། ཆུ་མིག་དགུ་པ་དང་། ཆུ་མིག་ལྔ་པ། ཆུ་མིག་བདུན་པ། གཡང་གཟི་བང་སྒོའམ་གནམ་ས་གཞི་གྲུབ། ཆུ་མིག་བཅུ་གཉིས། བཞི་པ་རྡོ་རྗེ།(འདི་ནི་ཆུ་མིག་བཞི་ཡོད་པའི་གཡས་གཡོན་དུ་རྡོ་རྗེ་ཆ་གཅིག་ཡོད་པ་ཡིན)རྡོ་རྗེ་གསུམ་པ། ཚེ་བུམ་ཁ་སྤྲོད། གཡུང་དྲུང་ཅན། དཀའ་ཕྲ་མེན། རྟ་སོ་མ། ལུག་སོ་མ། གནམ་ས་ཀུན་ཐུབ། སྟག་ལོག དབང་ཕྱུག་ཆེན་མོ། ཆོས་འབྱུང་མ། གཟི་ཡིག་ཅན་བཅས་མདོར་ན། ཅི་ལྟར་རི་མོ་ཁྱད་པར་བ་ཡིན་ན་དེ་ལྟར་རྩ་ཆེ་བར་བརྩི། ངེད་ཀྱིས་ཤེས་པ་ལྟར་ན། ལ་དྭགས་ཀྱི་གཟི་དང་ཁ་ཆེའི་གཟི། དབྱི་ལང་ངམ་ཏ་ཟིག་གི་གཟི་ལ་བོད་ཀྱི་གཟི་ལྟ་བུའི་རིན་གོང་མེད། དེའི་རྒྱུ་མཚན་ནི་སྔ་མོའི་དུས་སུ་གོང་གི་ས་ཁུལ་དེ་དག་ཚང་མར་ཞང་ཞུང་རིག་གནས་ཀྱིས་ཁྱབ་ཡོད་པས་གཟིའི་རིག་གནས་ཕུན་སུམ་ཚོགས་པ་ཞིག་དར་མྱོང་ཡང་། ཕྱིས་སུ་ས་ཁུལ་དེ་དག་ཏུ་མུའུ་སི་ལན་ཆོས་ལུགས་དར་བ་ནས་བཟུང་། གཟིའི་རིག་གནས་དང་དེ་དང་འབྲེལ་བའི་རིག་གནས་ཚང་མ་ཉམས་རྒུད་དུ་སོང་བས། གཟིའི་རིག་གནས་ལ་དོ་སྣང་བྱེད་པའི་མི་མེད་པ་དང་མཉམ་དུ་རིན་ཐང་ཡང་མེད་པར་གྱུར། དེ་བས་ན་ས་ཁུལ་དེ་དག་ནས་བུད་པའི་གཟི་ལ་ས་གནས་རང་བཞིན་གྱི་གཟིའི་ཁྱད་ཆོས་ཡོད་པ་ལས་བོད་ཀྱི་གཟིའི་རྣམ་པ་གཅིག་པ་གཅིག་རྐྱང་མིན་པས་ན་བོད་མི་ཚོས་དེ་འདྲ་དགའ་པོ་བྱེད་ཀྱིན་མེད། གཟིའི་ཁྲོམ་ར་འཛམ་གླིང་སྟེང་ཆེས་ཆེ་ས་ནི་བོད་ཡུལ་ཡིན་པས། ས་གནས་དེ་དག་གི་གཟི་ཡི་རིན་ཐང་རང་བཞིན་གྱིས་དམའ་བར་གྱུར་ཏོ། །
     7. གཟིའི་དབྱིབས་བརྟག་པ། གཟིའི་དབྱིབས་བརྟག་པ་བྱ་བ་ནི། གཟི་གང་ཞིག་གི་རྣམ་པ་དེ་ཇི་འདྲ་ཡིན་མིན་བརྟག་པ་ལ་ཟེར། གཟིའི་བཟོ་དབྱིབས་འདི་ཤིན་ཏུ་གལ་ཆེ་སྟེ། དཔེར་ན། གཟི་ཆུ་མིག་དགུ་པ་གཉིས་ལ་མཚོན་ན། རི་མོ་དང་ཁ་དོག་སོགས་ཡོང་ཁུངས་ཚང་མ་གཅིག་འདྲ་ཡིན་ཡང་། དེ་གཉིས་ལས་གཅིག་ནི་ཅིག་ཤོས་ལས་ཆེ་བའམ་ཡང་ན། དབྱིབས་བཟོ་ཕུལ་དུ་བྱུང་བ་ཡིན་ཚེ་ཅིག་ཤོས་ལས་འདིའི་རིན་ཐང་ཆེ་བ་ཡིན། གཟི་རྙིང་པ་ལ་ཆུའི་གཉེར་མ་ཡོད་ལ། སྤྱིར་ན་གཟིའི་དབྱིབས་ལ་ནར་མོ་དང་། རྡོག་རིལ། གྲུ་བཞི། སྒོར་སྒོར་བཅས་བཞི་རུ་འདུས། ནོར་གྱི་རྭ་ཅོ་ཡི་དབྱིབས་དང་མཚུངས་པ་དེའི་རིགས་ལ་བོད་མི་རྣམས་ཀྱིས་མཆོང་གཟི་ཟེར་བ་ལས་གཟི་རྣལ་མའི་གྲས་སུ་མི་འཇོག ཏ་ཟིག་དང་ཨོ་རྒྱན་སོགས་ནས་བུད་པའི་རྣམ་སྲས་གཟི་དམར་གྱི་རིགས་ལ་ཟུར་གསུམ་དང་ལེབ་མོ་མཆིས་པའང་འདུག 《བཀའ་ཐང་སྡེ་ལྔ》ནང་དུ། གཟིའི་ཕོར་བ་ཡོད་ཅེས་པ་དང་། 《གླིང་སྒྲུང་》ཁག་ཏུ། གཟིའི་ལྕག་ཚན་ཡོད་པ་སོགས་བཤད་འདུག་ཀྱང་། དངོས་སུ་མ་མཐོང་ན་དེའི་དབྱིབས་འདི་འདྲ་ཞིག་སྣང་ཞེས་བཤད་དཀའ་འོ། །མདོར་ན། 《ནོར་བུ་གཟིའི་རྣམ་བཤད་འཇིག་རྟེན་དགེ་བ་》ལས། གཟི་དབྱིབས་མི་གཅིག་སྣ་དགུ་ཡོད། །དེ་ལ་ནང་གསེས་དགུ་དགུ་ཡོད། །ཅེས་པ་ལྟར་གཟི་ལ་དབྱིབས་མི་འདྲ་བ་དུ་མ་ཞིག་མཆིས་པ་ཤེས་ཐུབ།
     8. གཟིའི་ཁ་དོག་བརྟག་པ། གཟིའི་ཁ་དོག་བརྟག་པ་བྱ་བ་ནི། གཟི་གང་ཞིག་གི་རང་མདོག་བརྟག་པ་ལ་བྱ་སྟེ། གཟིའི་ཁ་དོག་ལ་དབྱེ་ན་ནག་ཁྲ་དང་། སེར་ནག ལི་ཁྲི། ཁམ་ནག དམར་ནག ཐལ་སྐྱ། འོ་མདོག ལི་སྐྱ། ནག་སྐྱ་བཅས་ནི་ཤོས་ཆེའོ། །གཟི་གསར་རྙིང་བརྟག་པ་ལ་ཁ་དོག་ནི་ཆེས་གལ་ཆེན་ཞིག་ཡིན། གཟི་འཚོང་མཁས་པ་ཞིག་ལ་མཚོན་ན་ཁ་དོག་བརྟག་རྒྱུ་དེ་ཐོག་མའི་གནད་དོན་ཞིག་ཡིན་ཞིང་། མིག་འདྲིས་པ་གལ་ཆེ་ཟེར་བའང་འདི་ལ་ཟེར། གཟིའི་བཟང་ངན་བརྟག་སྐབས་ཀྱང་ཁ་དོག་འདི་གཙོ་བོ་ཞིག་ཏུ་བརྩི། དཔེར་ན། གཟི་རྙིང་པ་གཉིས་ལ་མཚོན་ན། གཟིའི་བཟོ་དབྱིབས་དང་། རི་མོ་འབྱུང་ཁུངས་སོགས་གཅིག་པ་གཅིག་རྐྱང་ཡིན་ན་ཡང་། གཅིག་གི་མདོག་ནི་ནག་ཅིང་སྣུམ་མདངས་ཐིབ་པ་དང་། ཅིག་ཤོས་ནི་དཀར་ཞད་ཆེ་ཞིང་ཁྲ་ཁྲ་ལྷུང་བ་ཅན་ཡིན་ཚེ་སྔ་མ་ནི་ཕྱི་མ་ལས་རིན་ཐང་ཆེ་བ་ལྟ་བུ་རེད། གསར་རྙིང་བརྟག་པ་ལ་ཡང་ཁ་དོག་འདི་གལ་ཆེ་སྟེ། གཟི་རྙིང་པའི་རི་མོ་དང་ཁ་མདོག་གང་ཡིན་ཡང་གཏིང་ལ་ཐིམ་ཡོད་ཅིང་། གསར་པ་རྣམས་ཀྱི་མདོག་ནི་ཁ་རུ་ཁ་ཐུག་ཙམ་ལས་ཟབ་ཚད་མི་སྣང་། གཟི་རྙིང་པའི་ཨི་ཁུང་ནང་དང་ཕྱིའི་མདོག་མང་ཤོས་འདྲ་ཡང་། གསར་པ་རྣམས་དེ་ལས་ལྡོག་སྟེ་ཕྱི་ལོགས་ནག་སྐྱ་ཡིན་པ་ལ་ཨི་ཁུང་ནང་ལོགས་དཀར་སེང་ངེར་འདུག མཚལ་ཐིག་གི་མདོག་དེ་ཡང་ཕྱི་ནང་གཉིས་གཅིག་འདྲ་ཡིན་ནོ། །
     9. གཟིའི་རི་མོ་བརྟག་པ། རི་མོ་བརྟག་པ་བྱ་བ་ནི། གཟི་རང་སྟེང་གི་རི་མོ་འདྲ་མིན་ཅི་རིགས་མཆིས་པ་དེར་བརྟག་པ་ལ་ཟེར་ཞིང་། གཟི་རིས་བརྟག་པ་དང་གཟིའི་རི་མོ་བརྟག་པ་གཉིས་འདྲ་ས་མཆིས་ཀྱང་རྩ་བའི་ཁྱད་ཆོས་དག་མི་འདྲ་སྟེ། གཟི་རིས་བྱ་བའི་(地质)སྐབས་སུ་གཟི་ལྷན་སྐྱེས་ཀྱི་རང་མདོག་དང་གྲུབ་ཆ་ལ་གོ་ཞིང་། གཟིའི་རི་མོ་ནི་(天珠图案)མིས་བཟོས་པའི་རི་མོ་འདྲ་མིན་མཆིས་པ་དེ་ལ་ཟེར། སྤྱིར་ན་གཟི་རིས་ལ་བརྟག་ན་མདོག་གསུམ་སྟེ། འོ་མདོག་དང་། མཆོང་དམར་གྱི་མདོག་དང་། ནག་སྐྱའི་མདོག་གོ།འདི་དག་ནི་གློག་སྒྲོན་འོད་ཤུགས་500ཅན་གྱི་འོག་ཏུ་བལྟས་ན་ཤེས་ཐུབ། གཟིའི་རི་མོ་ནི་མཐའ་མེད་པས་མཐའ་གཅིག་ཏུ་བཤད་དཀའ་ཡང་། ད་སྐབས་དམངས་ཁྲོད་དུ་ཡོངས་སུ་གྲགས་པ་ནི་འདི་ལྟར་ཏེ། གཟིའི་ཁྲོད་དུ་རྡོ་རྗེ་ཆ་ཅན་དང་། གསུམ་པ། ཡང་ན་ཚེ་བུམ་ཁ་སྤྲོད། བོད་ཡིག་ཨ་དང་། ཏཱ་དང་། བ་མཆིས་པ་དག་དང་། གཞན་ཆུ་མིག་བཅུ་གཉིས་དང་། དགུ་པ། བརྒྱད་པ། བདུན་པ། དྲུག་པ། ལྔ་པ་ནས་གཅིག་བར་དང་གནམ་ས་གཞི་གྲུབ། སྟག་ལོག་བཅས་ནི་རྩ་ཆེ་བར་བརྩི། ཉེ་ཆར་ལ་དྭགས་ཕྱོགས་ནས་བུད་ཟེར་བའི་གཟི་ཆུ་མིག་ཉེར་བཞི་ཡོད་པ་ཞིག་ཀྱང་འདུག གོང་གི་གཟི་རིགས་འདི་དག་ལ་ཁ་དཀྲིས་གཉིས་བརྩེགས་ཅན་ཡིན་ན་ལྷག་པར་དུ་རིན་ཐང་ཆེ། དེང་སང་མི་མང་ཤོས་ཀྱིས་གཟིའི་ལེགས་ཉེས་མཐིལ་ཕྱིན་པ་མ་རྟོགས་པའི་རྐྱེན་གྱིས་གཟི་ལ་བརྟག་སྐབས་རྒྱུན་དུ་ནོར་འཁྲུལ་མང་པོ་ཞིག་བྱུང་བཞིན་ཡོད། ཡང་གཟི་ཆུ་མིག་བདུན་པ་ཅན་ཞིག་དང་ཆུ་མིག་དགུ་པ་ཅན་གཉིས་བསྡུར་སྐབས་སྔ་མ་ནི་དབྱིབས་མདོག་དང་རི་མོ་སོགས་ཚང་མ་ལེགས་ཤིང་། ཕྱི་མ་ནི་མདོག་དེ་འདྲ་མི་ལེགས་པ་ཞིག་ཡིན་ཚེ། ཆུ་མིག་དགུ་པ་ཡིན་ཡང་སྔ་མ་ལས་རིན་ཐང་དམའ་བ་ཡིན། དེ་བས་གཟི་འཚོང་མཁས་པ་ཚོས་སྔ་མ་བདམས་པ་ལས་ཕྱི་མ་མི་ཉོ་བར་ངེས་སོ། །ཉེ་ཆར་ངེད་ཀྱིས་མཐོང་བའི་གཟི་ཆུ་མིག་དགུ་པ་(མིག་གཉིས་གསུམ་ཞར་ཡོད་པ་)ཞིག་ལ་སྒོར་ཁྲི་དྲུག་སྟེར་མཁན་མེད་པ་དང་། ཆུ་མིག་ལྔ་པ་ཞིག་ལ་སྒོར་ཁྲི་ཕྲག་བརྒྱ་དང་བརྒྱད་ཅུ་བྱིན་ནའང་མ་བཙོང་བའི་གནས་ཚུལ་དངོས་སུ་བྱུང་། འདི་ཅི་ཡིན་ནམ་ཞེ་ན། གོང་གི་ཆུ་མིག་དགུ་པ་དེ་ཆུ་མིག་ལྔ་པ་ལས་ལྡབ་གཅིག་ཆུང་བ་དང་། མིག་རྣམས་ལས་གསུམ་ལྷག་སྐྱོན་བྱུང་ཡོད་ཅིང་། མདོག་ཀྱང་གསལ་པོ་མིན་པ། མིག་ལ་མི་མཛེས་པས་གོང་ཚད་དེ་འདྲ་ཞིག་ལས་ཁུགས་མི་འདུག འོན་ཏེ། ཆུ་མིག་ལྔ་པ་དེ་དེ་ལས་ལྡོག་སྟེ་ཉེ་ཆར་ཡོད་པའི་ཆུ་མིག་ལྔ་པོ་ཡོད་ཚད་ཀྱི་ནང་ནས་ཆེ་ཆུང་དང་། ཁ་དོག རི་མོ་སོགས་གང་ཐད་ནས་བཟང་བས་ཆུ་མིག་དགུ་པ་དེ་ལས་ལྡབ་བཅུ་ཕྲག་མང་པོས་རིན་གོང་མཐོ་བའི་རྒྱུ་མཚན་དེ་རེད། ང་ཚོས་ཤེས་པ་ལྟར་ན། ཆུ་མིག་བྱ་བ་ནི་ཆུ་བུར་གྱི་མིག་ཅེས་པའི་བསྡུས་མིང་ཡིན་ལ། ཁྲ་ཆུང་བྱ་བ་དང་དོན་གཅིག ཆུ་མིག་དགུ་པ་ནི་གཟི་མིག་དགུ་ཅན་ལ་གོ་ཞིང་། དགུ་འདི་བོད་ཀྱི་རིག་གནས་སྟེང་མཚོན་དོན་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་དེ། དཔེར་ན། གཡུང་དྲུང་དགུ་བརྩེགས་བྱ་བ་དང་། ས་འོག་རིམ་པ་དགུ་བརྩེགས། མི་ལས་དགུ་ལས། མི་བཤད་དགུ་བཤད། ཐེག་པ་རིམ་དགུ། དགུ་མདུད། སྲིན་པོ་མགོ་དགུ། སྲས་མཁར་དགུ་ཐོག དགུ་ཚིགས། བུ་དགུ། དགུ་གཏོར། ཤེས་པ་སྣ་དགུ། ཕོ་རྩལ་སྣ་དགུ། དབུགས་ཐོག་དགུའི་ཁྲག་སོགས་གྲངས་ཀ་དགུ་དང་འབྲེལ་བའི་ནང་དོན་ཕུན་སུམ་ཚོགས་པ་ཞིག་ཡོད་པ་དེ་དག་ཡོད་ཚད་ཀྱི་ཐོག་མའི་འབྱུང་ཁུངས་ནི་བོད་ཀྱི་ནག་རྩིས་ལ་ཐུག་ཡོད། ནག་རྩིས་འདི་ཅི་ལྟར་དར་ཚུལ་ལ་བཤད་སྲོལ་མང་ཡང་། དོན་དངོས་ཞང་ཞུང་ཡུལ་དུ་འཁྲུངས་པའི་ཀོང་ཙེ་འཕྲུལ་རྒྱལ་གྱིས་དར་སྤེལ་བཏང་བ་ཞིག་རེད། ཆུ་མིག་དགུ་བ་འདིས་གཙོ་བོ་གཟའ་ནད་སྲུང་ཞིང་གནོད་པ་སེལ་བར་བཤད། སྤྱིར་ན་གཟའ་ནད་འདི་ཁྲག་རྩའི་ནད་ཅིག་ཡིན་ཡང་། དམངས་སྲོལ་དུ་ནད་འདི་འཇིག་རྟེན་དུ་ཐོག་མར་དར་ཁྱབ་ཏུ་འཇུག་མཁན་ནི་གཟའ་ཁྱབ་འཇུག་ནག་པོ་བྱ་བ་མགོ་དགུ་མཆིས་པ་དེ་ཡིན་པར་བཤད། ཡོངས་གྲགས་སུ་གཟའ་ཕོག་འདུག་བྱ་བའི་ཐ་སྙད་དེ་གོང་དུ་བཤད་པའི་གཟའ་ཁྱབ་འཇུག་གམ་གཟའ་བདུད་ནག་པོ་ལ་ཐུག་ཡོད། ནད་འདི་སེལ་བ་ལ་མིག་ཅན་གྱི་ཅ་ལག་ཅིག་དགོས་པས། མིག་གི་རི་མོ་འདི་གཟི་དང་། འུར་རྡོ། མདུད་པ། རྔ་སོགས་དངོས་ཆས་མང་པོ་ཞིག་ལ་ཕབ་ཡོད། ཆུ་མིག་དགུ་བ་གཟི་རིགས་གཞན་པ་ལས་སྐད་གྲགས་ཆེ་བའི་རྒྱུ་མཚན་ཡང་དེར་ཐུག དེ་བཞིན་གཟི་རེ་རེའི་རི་མོ་ལའང་ནང་དོན་མི་འདྲ་བའི་ལོ་རྒྱུས་བརྗོད་ཀྱིས་མི་ལང་བ་རེ་ཡོད། མདོར་ན། གཟིའི་རི་མོ་བརྟག་པ་ནི་གཟིའི་བརྟག་ཐབས་ལས་ནང་དོན་གཙོ་བོ་ལས་ཀྱང་ཡང་སྙིང་དུ་མཐོང་བས་གཟིའི་རིག་གནས་ཀྱི་གསང་བའང་འདི་ལ་ཐུག་ཡོད་དོ། །
     10. གཟིའི་འབྱུང་ཁུངས་བརྟག་པ། གཟིའི་འབྱུང་ཁུངས་བརྟག་པ་བྱ་བ་ནི། གཟི་གང་ཞིག་གི་ཐོག་མའི་འབྱུང་ཁུངས་གང་ཡིན་པ་དེར་བརྟག་པ་ལ་ཟེར་ཞིང་། འདི་ལ་ཐོག་མའི་གྲུབ་ཆ་དང་རྒྱུ་ཆ། ཇི་ལྟར་དར་ཚུལ་གྱི་ལོ་རྒྱུས་དང་སྦྱར་ཏེ་བརྟག་དགོས་པས་རྙོག་འཛིང་ཧ་ཅང་ཆེ་བའི་བྱ་ལས་ཤིག་ཡིན། གཟིའི་རྒྱུ་ཆ་ཅི་ཡིན་དང་གྲུབ་ཆ་གང་འདྲ་ཡོད་པ་དེ་སྔོན་བོད་ལྗོངས་སྨན་རྩིས་ཁང་གིས་བརྟག་དཔྱད་བྱས་པའི་ཡིག་ཆ་མང་པོ་ཞིག་འཁོད་སྤེལ་གནང་འདུག་པ་དེར་གཟིགས་པས་རྟོགས་ཐུབ། ངེད་ཅག་གིས་ཤེས་པ་ལྟར་ན། གཟི་རེ་རེའི་འབྱུང་ཁུངས་ཏེ། ལོ་ཚིགས་དང་ཁོར་ཡུག རྫས་སྦྱོར་སོགས་མི་འདྲ་བས། གཟི་རེ་གཉིས་ལ་བརྟག་སྟེ་གཟིའི་གྲུབ་ཆ་འདི་འདྲ་རེད་ཅེས་སྡོམ་ཚིག་འགོད་རྒྱུ་ཧ་ཅང་དཀའ་མོ་རེད། གལ་ཏེ་ཅིས་ཀྱང་འཇོག་དགོས་ནའང་། སྤྱིའི་ཆ་ནས་མཚན་ཉིད་མཚན་གཞི་ཞིག་འཇོག་རྒྱུ་ལས་ཞིབ་ཏུ་བརྗོད་ཐབས་བྲལ། དེའི་ཕྱིར། ངེད་ཅག་གིས་ད་དུང་གཟིའི་རྒྱུ་ཆ་འདི་འདྲ་རེད་ཅེས་མཐའ་བསྡོམས་བྱ་རྩིས་མེད། དེ་ཅི་ཡིན་ཞེ་ན། གཟི་བརྒྱ་ཐམ་པའི་རྒྱུ་ཆ་ཅི་ཡིན་བརྟག་ན་ཧ་ལམ་ཞིག་རྟོགས་ནུས་ཀྱང་། འོན་ཏེ། གཟི་རེ་རེ་ནས་རྫས་སྦྱོར་ལེན་དགོས་པས། གལ་ཏེ་ལེན་ན་གཟི་དེ་དག་སྐྱོན་ཅན་དུ་འགྱུར་ཉེན་ཆེ་བས་སུས་ཀྱང་ལས་འདོད་མེད། ང་ཚོས་ཤེས་གསལ་ལྟར་ན། གཟི་འདི་འབྱུང་སའི་གནས་ཡུལ་ལྟེ་བ་ནི་ཞང་ཞུང་ནས་ཡིན་ཞིང་། གླིང་སྒྲུང་ལས་བཤད་པའི་གཟིའི་རྒྱལ་ཕྲན་ཏེ། “ཨ་གྲགས་གཟི་རྫོང་” ཟེར་བ་དེ་ཡང་ཞང་ཞུང་ཡུལ་དུ་ཡོད། ཉེ་ཆར་མཐོང་བའི་གཟི་རྣམས་ལས་ས་སྟེང་དུ་མིང་དུ་གྲགས་པ་འགའ་ནི། ཡུལ་ཤུལ་ནང་ཆེན་ས་ཁུལ་ནས་བུད་ཟེར་བ་དང་། ནང་ཆེན་རྒྱལ་པོའི་ཡིན་ཟེར་བ་དག་ནི་གཟིའི་སྤུས་ཚད་མཐོ་ཤོས་རེད། རྒྱུ་རྐྱེན་ཅི་ཡིན་ད་དུང་གསལ་རྟོགས་བྱུང་མེད། གཞན་གཏེར་ནས་བཏོན་པའི་གཟི་རྣམས་སྤྱིར་བཏང་གི་གཟི་དང་འདྲ་ཡང་རིན་གོང་སྤྱིར་བཏང་ལས་ཆེ། གཏེར་སྟོན་རིན་པོ་ཆེས་གཏེར་ནས་བཞེས་པ་ཡིན་ཟེར་བ་དང་། བླ་མ་གྲུབ་ཆེན་དམ་པའི་གཡང་རྟེན་རེད་ཅེས་པ་ལ་གཟིའི་རྒྱུ་ཆའི་སྤུས་ཚད་དམའ་ན་ཡང་། དམིགས་བསལ་གྱི་རིན་ཐང་ལྡན། འོན་ཏེ། འདི་འདྲ་བཤད་སྲོལ་ཡོད་པའི་གཟི་དག་ནི་ཧ་ལམ་སྤུས་ཚད་མཐོ་ཤས་ཅན་ཤ་སྟག་གོ།གཟི་གང་ཡིན་ཡང་དེ་དག་ལ་རང་རང་གི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་རེ་ཡོད། ལོ་རྒྱུས་ཀྱི་རྒྱབ་ལྗོངས་དེའི་ནང་དོན་ཇི་ལྟར་ཕུན་སུམ་ཚོགས་པ་ཡིན་ན་དེ་ལྟར་དུ་རིན་ཐང་ཆེའོ། །ནང་དོན་དེ་ཡང་དོན་དངོས་ཀྱི་གནས་ལུགས་དང་མཐུན་པའི་རྒྱབ་ལྗོངས་ཤིག་ཡིན་དགོས་པ་ལས། རང་བཟོ་རྟོག་བཟོ་བྱས་པའི་ཡ་མ་བརླ་ཞིག་ལ་བཤད་པ་མིན་ནོ། །

མཐའ་མའི་མཇུག་བསྡོམས།

དེ་ཡང་གོང་དུ་བཀོད་པའི་གཟི་བརྟག་ཐབས་མདོར་བསྡུས་འདི་ནི་“གཟི་ལམ་རིག་གནས་”བྱ་བའི་ཆེད་རྩོམ་དེའི་ནང་གསེས་ཀྱི་སྡེ་ཚན་ཞིག་ཡིན་ལ། བདག་གིས་ཉེ་ཆར་ལོ་ངོ་ལྔ་དྲུག་ལ་གཟིའི་སྐོར་ཞིབ་འཇུག་བྱེད་པའི་སྐབས་སུ་གཟི་ཡི་རྒྱལ་པོ་རེ་ཁེ་ཀརྨ་བསམ་འགྲུབ་དང་། གཞན་གཟི་འཚོང་པ་གྲོགས་པོ་འགའ་ཞིག་གི་ལག་ནས་གཟི་རྙིང་ངོ་མ་བཞི་བརྒྱ་ལྷག་མིག་གིས་མཐོང་ཞིང་ལག་པས་རེག་རྒྱུའི་གོ་སྐབས་བྱུང་བ་དང་། དེ་དང་ཆབས་ཅིག་གཟིའི་སྐོར་གྱི་གནའ་དེང་གི་དཔེ་ཆ་མང་པོ་ཞིག་བལྟ་ཀློག་ཐུབ་པ་བྱུང་བས་ཉམས་མྱོང་མི་དམན་པ་ཞིག་སྐྱེས་པ་རྣམས་ཡིག་ཐོག་ཏུ་བཀོད་པ་ཡིན་ཞིང་། འདི་འདྲ་ཞིག་ཡིག་ཐོག་ཏུ་འགོད་དགོས་པའི་ཐོག་མའི་རྒྱུ་རྐྱེན་ཡང་། ཉེ་ཆར་བོད་ཡུལ་དམངས་ཁྲོད་དུ། གཟི་བརྟག་ཐབས་བཤད་པའི་སྐབས་སུ་ལོག་འགྲེལ་གང་མང་ཞིག་བརྗོད་བཞིན་ཡོད་པ་དཔེར་ན། གཟི་ངོ་མ་ལ་བླ་སྲོག་ཡོད་པས་གཟི་སྟེང་ལ་གྲི་ཡིས་བརྒྱབ་ན་གཟི་ལ་མི་ཁེལ་བར་གཟུར་འགྲོ་བ་དེ་རྙིང་པ་ངོ་མ་ཡིན་ཟེར་བ་ལྟ་བུ་དང་། གཞན་གཟི་ཤེལ་རིགས་ལ་བརྡར་ན་ཤེལ་གཤག་འགྲོ་ཞེས་ཤེལ་ལ་བརྡར་བ་དང་། གཟིའི་རི་མོ་གཏིང་ལ་ཐིམ་ཡོད་པ་རེད་ཅེས་གྲི་ཡིས་ཤུལ་བཏོད་པ་སོགས་བཤད་ཡམས་ངན་པའི་རྗེས་སུ་འབྲངས་ཏེ། ས་སྟེང་ན་དཀོན་པའི་གཟི་དུ་མ་ཞིག་སྐྱོན་ཅན་དུ་བཟོས་ནས་རིན་ཐང་མེད་པར་བཟོ་པ་དང་། ཉེ་ཆར་ཐེ་ཝན་ནས་བཟོས་པའི་གསར་པ་གང་སར་བཙོང་རྒྱུ་ཡོད་པས། ཕྱི་མི་མང་པོ་ཞིག་གིས་གཟི་ངོ་མའི་རིན་ཐང་དང་ཁྱད་ཆོས་མ་རྟོགས་ནས་གཟི་གསར་རྙིང་གང་ལའང་སྙིང་བོ་མི་འདུག་སྙམ་པ་བཅས་ཀྱི་གནས་བབ་ལ་དམིགས་ནས་འདི་ལྟ་བུ་ཞིག་བྲིས་པ་ཡིན་ནོ། །
     གོང་དུ་བཤད་པའི་གཟི་ལམ་རིག་གནས་བྱ་བ་ནི། ཉེ་སྔོན་བོད་ལྗོངས་གཟི་ལམ་རིག་གནས་ཞིབ་འཇུག་ཁང་གིས་ཞིབ་འཇུག་བྱས་ནས་གསར་དུ་རྟོགས་པའི་གནས་ཚུལ་ཞིག་སྟེ། དེ་ཡང་སྤྱི་ལོ་སྔོན་གྱི་ལོ་ཉིས་སྟོང་ཡས་མས་སུ། གནའ་བོའི་ཞང་ཞུང་གི་ཨརྱཎ་མི་རྒྱུད་དག་གནའི་ཆུ་བོ་ཆེན་པོ་བཞི་སྟེ། གང་གཱ། པཀྵ། སི་ཏཱ། སིནྡྷུ་བཅས་ཀྱི་བཞུར་རྒྱུན་བརྒྱུད་དེ་གནའ་བོའི་ཞང་ཞུང་རིག་གནས་ཀྱི་ཆེས་ཁྱད་དུ་འཕགས་པའི་ཐོན་རྫས་ཏེ་གཟི་དང་དེར་འབྲེལ་གྱི་ཆོས་ལུགས་དང་། ལོ་རྒྱུས། གསོ་རིག དམངས་སྲོལ། མཛེས་རྩལ་སོགས་རིག་གནས་སྣ་མང་ཞིག་གནའ་བོའི་རྒྱ་གར་དང་(དེང་གི་རྒྱ་གར། ཕ་ཁེ་སི་ཐན། ཀརྨི) བལ་བོ། ཨོ་རྒྱན། (ཨ་ཧྥུ་གཱན་ན་སི་ཐན་)པར་སིག་(དབྱི་ལང་སོགས་)ཨ་རབ། ཡོ་རོབ། ལི་ཡུལ། དྲུ་གུ། འབར་མ། ཁཱན་པོ་དྲེ་ཡཱ། འཇར་བྷན། ཀོ་ལུ་(ལྷོ་ཁའོ་རེ་ཡ། བྱང་ཁའོ་རེ་ཡ) དང་། རང་རྒྱལ་ནང་ས་བཅས་སུ་ཁྱབ་བསྒྲགས་དང་དར་སྤེལ་བྱས། ང་ཚོས་གཟི་ཡི་རིག་གནས་དང་འབྲེལ་བ་དམ་ཟབ་ལྡན་པའི་གནའ་བོའི་ཞང་ཞུང་དཔལ་ཡོན་གྱི་ཁྱབ་སྤེལ་བརྒྱུད་ལམ་དང་ལོ་རྒྱུས་བརྒྱུད་རིམ་འདིར་གཟི་ལམ་ཞེས་འབོད་པ་ཡིན་ནོ། །
     ཟུར་མཆན།
     ①《ཨ་གྲགས་གཟི་རྫོང་》 གི་ཤོག་ངོས་690 སྟེང་གསལ། 1999 ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་བསྐྲུན།
     ② གཡུང་དྲུང་གར་མ་སོགས་ཀྱིས་བསྒྲིགས་པའི་《 ནོར་བུ་གཟིའི་རྣམ་བཤད་འཇིག་རྟེན་དགེ་བ་》ཡི་ལྡེབ་མ་6སྟེང་གསལ།
     ③《བཟོ་རིག་ཉེར་མཁོ་བདམས་བསྒྲིགས》བྱ་བ་དེའི་ཤོག་གྲངས་195—196སྟེང་གསལ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་བསྐྲུན།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།