སྐྱོ་གར་གྱི་བསམ་བློས་ཕྱུག་པའི“གྲོ་ཞིང་ཁ”

“གྲོ་ཞིང་ཁ”ཡི་མུ་འབྲེལ་སྒྲུང་གཏམ་དེ་དག་ཞིབ་ཀློག་བྱེད་དུས། རྩོམ་པ་པོས་བློའི་མཐིལ་ནས་ཉར་ཉར་བ་དང་སེམས་གཏིང་ནས་དྲན་དྲན་པའི་ཕ་ཡུལ་གྲོ་ཞིང་ཁའི་ཡུལ་ངོས་ཀྱི་སྣང་ཚུལ་དང་མཐོང་ཆོས་སུ་རེག་པ་མང་པོ་ཞིག་བརྩམས་ཆོས་སུ་བཀོད་ཡོད་ནའང་། དེ་དག་ནི་མི་སྣའི་སྣང་བརྙན་ནམ་བསམ་བློའི་འདུ་ཤེས། རིག་གནས་ཀྱི་མངོན་སྟངས་ལ་རྨང་འདིང་བ་ཙམ་དུ་ཟད་ལ། བརྩམས་ཆོས་དག་གི་རྩོམ་མགོ་ནི་སྤྲོ་གར་རམ་བར་བཅུག་ནི་ཡན་གར་བའི་བྱུང་རིམ་ག་འདྲ་ཞིག་ཡིན་ཡང་། མཐའ་མར་ཕུགས་ལ་བཞག་པའི་དོན་རྡོག་རྡོག་ནི་སྐྱོ་གར་གྱི་བསམ་བློ་ལས་བསླངས་པའི་དྲན་སྣང་ལས་གཞན་གང་ཡང་མ་མཆིས། ལྷག་ཏུ《1986ལོའི་ཆར་ལྭ》དང《ཨ་ཡེ་མཁའ་མོ་ཚང་གི་བ་མོ》ནང་གི་ཆར་ལྭའི་བདག་པོ་བུ་ཆུང་བཀྲ་ཤིས་དང་བ་མོའི་བདག་པོ་ཨ་ཡེ་མཁའ་མོ་གཉིས་ལྟ་བུའི་སྐྱོ་གར་གྱི་སྣང་བརྙན་བློས་བསླངས་བྱས་པའི་སྒྱུ་རྩལ་གྱི་ཐབས་རྩལ་དང་བློ་སྦྱོང་ནི་ཡུན་རིང་གི་སློབ་སྦྱོང་དང་བསམ་གཞིག་ལས་མཐར་ཕྱིན་པར་ཐོན་པ་དཔག་ནུས་ལ། དེ་ཡང་སྐྱོ་གར་གྱི་སྣང་བརྙན་བཞེངས་སྐྲུན་བྱེད་པ་ནི“གྲོ་ཞིང་ཁ”དང“གྲོ་ཞིང་ཁའི་གཏམ་རྒྱུད”དག་ཡང་དག་པའི་སྒོ་ནས་མཚོན་པར་བྱེད་ཆེད་ཡིན་པ་རྟོགས་ཐུབ་པས། སྐྱོ་གར་གྱི་བསམ་བློ་ནི་གྲོ་ཞིང་ཁའི་སྒྲུང་གཏམ་དེ་དག་གི་བསམ་དོན་ཤེས་པར་བྱེད་པའི་སྒོ་ལྟ་བུ་དང་རྩོམ་པ་པོས་དམིགས་གཏད་ས་གཙོ་བོ་ཞིག་ཏུ་གྲུབ་ཡོད། གཤམ་ནས་རིག་གནས་ཀྱི་འགལ་འདུ་ལས་བསྐྱེད་པའི་སྐྱོ་གར་དང་འཁོར་བའི་སྐྱིད་སྡུག་ལས་བསླངས་པའི་སྐྱོ་གར་རྣམ་པ་གཉིས་ཀྱི་སྒོ་ནས་གྲོ་ཞིང་ཁའི་མུ་འབྲེལ་སྒྲུང་གཏམ་དེ་དག་ལས་མངོན་པའི་བསམ་བློ་འདུ་ཤེས་ལ་ཕུགས་འདེད་དང་གསེད་འགྲོལ་ཏོག་ཙམ་བྱས་ན།

རིག་གནས་ཀྱི་འགལ་འདུ་ཡིས་སྤྱི་ཚོགས་ཀྱི་ཐོག་མཐའ་བར་གསུམ་དུ་རྡབ་རྡེག་དང་ཤུགས་རྐྱེན་བཟོ་བ་ནི་འགྲོ་བ་མི་རིགས་ཀྱི་ཚོགས་སྤྱི་འདི་གྲུབ་པ་ནས་བཟུང་ཆད་མྱོང་མེད་པའི་སྤྱི་ཚོགས་ཀྱི་གནས་སྟངས་ཤིག་ཡིན་ཏེ། སྔར་ཡོད་ཀྱི་རིག་གནས་སམ་འདུ་ཤེས་འཛིན་སྟངས་གང་ཞིག་ལ་གཡོ་འགུལ་བཏང་བ་དང་ཡང་ན་རིག་གནས་གཞན་གང་ཞིག་གིས་ཤུགས་རྐྱེན་ཐེབས་པ་གཞིར་བཞག་སྟེང་། སྤྱི་ཚོགས་ཀྱི་འགྱུར་ལྡོག་དང་བསམ་བློ་གཏོང་སྟངས་འགྱུར་བའི་འགྲོས་དང་བསྟུན་ནས་མིའི་འཚོ་གནས་དང་རིག་གནས་ལ་ཕོག་ཐུག་དང་ཡོམ་འགུལ་བཟོ་བ་ནི་ཏག་ཏག་རིག་གནས་འགལ་འདུ་དང་དེ་ལས་བསླངས་པའི་སྐྱོ་གར་དུ་སྣང་། རིག་གནས་འགལ་འདུ་ལས་བསྐྱེད་པའི་སྐྱོ་གར་ནི་རིག་གནས་བརྗེ་འགྱུར་གྱི་གོ་རིམ་ལས་འཕེལ་རྒྱས་དང་རྗེས་ལུས། གསར་རྙིང་། ཀུན་སྤྱོད་དང་མི་གཤིས་ཀྱི་འགྱུར་བ་སོགས་ལས་མངོན་པའི་བསམ་བློའི་འགལ་འདུ་ལ་གོ་བ་ཡིན་ཏེ། དཔེར་ན། 《1986ལོའི་ཆར་ལྭ》ལས་བུ་ཆུང་བཀྲ་ཤིས་ཀྱིས་ཟི་ལིང་གི་ཁུ་བོས་འཚམས་རྟགས་སུ་ཉོས་ཡོང་བའི་ཆར་ལྭ་སེར་པོ་དེ་གྱོན་འདོད་དེ་ཆར་བ་ལ་བསྒུགས་པའི་སེམས་འགྱུ་དང་། རྗེས་སུ་ཆར་ལྭ་གྱོན་མ་ཐུབ་པར་མ་ཟད་རང་སྲོག་ཀྱང་ཆར་ལྭ་བནབས་པའི་ཀླུ་གཏོར་དང་མཉམ་དུ་འདས་པའི་བྱུང་རིམ་དེ་ལས། བུ་ཆུང་བཀྲ་ཤིས་ཀྱི་མི་སྣའི་སྐྱོ་གར་བློས་བསླངས་བྱས་མཐར་བདག་ཆུང་བ་དང་བདག་ཆེན་པོའི་བར་གྱི་འགལ་འབྲེལ་ཞིག་ངང་ངམ་ཤུགས་ཀྱིས་རྟོགས་ཡོང་ལ། བདག་ཆེན་པོ་གྲོ་ཞིང་ཁའི་མི་རྣམས་ཀྱི་བསམ་འདུན་འགྲུབ་ཕྱིར་བདག་ཆུང་བ་བུ་ཆུང་བཀྲ་ཤིས་ཀྱི་ཡོད་ཚད་འདོར་དགོས་པའི་རིག་གནས་ཀྱི་གཞི་མ་དང་བསམ་བློའི་འགལ་འདུ་ཞིག་རྟོགས་ནུས། གཞན《མི་ཡི་ཐ་མ་བསོད་ནམས་འབག་བཙོག》ལས་གྲོ་ཞིང་ཁར་འཕྲུལ་རྟ་དར་ནས་བསོད་ནམས་འབག་བཙོག་གི་ཞིང་ནང་དུ་འཕྲུལ་རྟའི་གཞུག་ལ་ཤལ་དྲུད་དེ་ཞིང་ལ་ཤལ་བརྒྱབ་པའི་གཏམ་རྒྱུད་དང་མཐའ་མར་གྲོ་ཞིང་ཁ་རུ“བ་གླང་བོང་བུ་ཟོག་གི་ཐ་མ། བསོད་ནམས་འབག་བཙོག་མི་ཡི་ཐ་མར”གྱུར་པ་ལས། རིག་གནས་དང་ཡུལ་སྲོལ་སོགས་ཕྱི་ཡུལ་གྱི་འགྱུར་ལྡོག་དེ་ཉིད་བརྩམས་ཆོས་ཁྲོད་དུ་གཟུགས་སུ་བསྐྲུན་པའི་སྒོ་ནས་སྐྱོ་གར་དེ་སྣང་བརྙན་གྱིས་མཚོན་པ་དང་། ཡང《ཉི་འོད་འོག་གི་ཁྱེའུ》ལས་གྲོ་ཞིང་ཁར་གློག་འཐེན་པ་ལས་རིག་གནས་གསར་པའམ་གཞན་གང་ཞིག་དང་ལེན་བྱེད་པའི་གོ་རིམ་དང་རི་གཤམ་གྱི་དེའུ་འབུར་གྱི་རྒྱབ་ཏུ་ཁྱེའུ་དམར་འབྱར་ཞིག་དོར་བའི་གཏམ་རྒྱུད་ལས་རིག་གནས་གསར་པ་དང་འབྲེལ་ནས་ལྷ་ཆོས་མི་ཆོས་ལས་རྒྱབ་ཀྱིས་ཕྱོགས་པའི་རིག་གནས་ཀྱི་འགལ་འདུ་མང་པོ་ཞིག་དང་བསམ་བློའི་འདུ་ཤེས་ཀྱིས་དང་ལེན་བྱེད་དཀའ་བའི་གནས་ཤིག་མཚོན་པར་བྱས་ཡོད། 《ཐེངས་གཉིས་ལ་ཤི་བའི་མི》ཡི་ནང་དུ་ནོར་བུའི་ཕུ་བོ་དབང་ལྡན་གྱིས་ནོར་བུ་གར་སོང་ཆ་མེད་དུ་གྱུར་དུས་རང་གི་ནུ་བོ་ངོ་མ་ལས་ལུག་གལ་ཆེ་ཟེར་བ་སོགས་རིག་གནས་སྒྲིག་གཞིའི་མ་ལག་ལ་གས་ཆག་ཤོར་བའི་ཉེན་བརྡ་དང་འགལ་འདུ་ལས་སྐྱོ་གར་གྱི་གཏམ་རྒྱུད་རབ་དང་རིམ་པ་བྱུང་དང་འབྱུང་བཞིན་པ་ལྟ་བུ་ནི་གྲོ་ཞིང་ཁར་མངའ་བའི་རིག་གནས་ཀྱི་འགལ་འདུ་ལས་བསྐྱེད་པའི་སྐྱོ་གར་དུ་སྣང་།

འཁོར་བའི་སྐྱིད་སྡུག་ལས་བསླངས་པའི་སྐྱོ་གར་ནི་འཚོ་གནས་ཀྱི་དཀའ་ངལ་ལས་བྱུང་བའི་ཆགས་འཇིག་གི་འདུ་ཤེས་དང་སྐྱོ་གར་གྱི་ཉམས་སྣང་ཞིག་ཡིན་ལ། 《ཨ་ཡེ་མཁའ་མོ་ཚང་གི་བ་མོ》ཞེས་པའི་སྒྲུང་གཏམ་དེ་རུ་ཨ་ཡེ་མཁའ་མོ་ནི་འཇིག་རྟེན་དཀར་ངོགས་ནས་མནར་གཅོད་ཚད་མེད་མྱངས་པའི་བགྲེས་པོ་རྒས་ཁོགས་ཅན་ཞིག་ཡིན་ནའང་། མོས་ད་དུང་ལས་དབང་གི་མཐུ་བཙན་པོ་ལ་མགོ་བོ་མ་སྒུར་ཞིང་མུ་མཐུད་དུ་འཚོ་གནས་ཀྱི་ཆེད་དུ་འབད་འབུངས་བྱེད་པའི་སྐྱོ་གར་གྱི་གཏམ་རྒྱུད་བརྗོད་ཡོད་ལ། སྤོ་བོ་ཞན་ཀྲང་ལ་མཚོན་ན“འགྲུལ་ཁང་ནང་དུ་རླུང་ལྡང་ཞིང་ཐབ་ཚང་ནང་དུ་ཆར་བབས”ནའང་སེམས་ཁྲལ་ཅི་ཡང་མེད་པའི་མི་ཞིག་ཡིན་ལ། འཚོ་གནས་ལ་ཡིད་ཚིམ་ཞིང་སྟོང་བསམ་གྱི་ཀློང་དུ་ཁ་ཕོ་གཡོ་བཞིན་པ་ལྟ་བུའི་སྒྱིད་ལུག་གི་རྣམ་འགྱུར་དང་གཤིས་ཀ་ཞིག་མངོན་ཡོད་པ་དེའོ། །གཞན《མཐིལ་བརྡོལ་བའི་འགྱིག་ལྷམ་ཆ་གཅིག》དང་། 《མར་མེ། རླུང་གིས་གཟིམས་སོང》 《དགུན་ཁ་མང་པོའི་རྗེས་སུ》སོགས་ལས་ཀྱང་འཇིག་རྟེན་འཁོར་བ་དང་ལས་སྐལ་གྱི་བསམ་བློ། ཡང་ན་ཞིང་གྲོང་རིག་གནས་ཁོར་ཡུག་ཁྲོད་ཀྱི་མིའི་གཤིས་ཀའི་ནང་གི་འབད་ཐག་རང་བཞིན་དང་སྒྱིད་ལུག་གི་རང་བཞིན་གྱི་འགལ་བ་ལྟག་སྤྲོད་ལྟ་བུའི་བསམ་བློའི་འདུ་ཤེས་ཤིག་མངོན་ཡོད་པས་ན། སྐྱོ་གར་གྱི་སྣང་བརྙན་འདི་དག་ནི་གྲོ་ཞིང་ཁའི་བསམ་བློ་དང་འདུ་ཤེས་ཤེས་རྟོགས་བྱེད་པའི་ཁུངས་དང་། སྐྱོ་གར་གྱི་ཐབས་རྩལ་འདི་དག་ལས་ཕྱུངས་པའི་སྣང་བརྙན་ནི་གྲོ་ཞིང་ཁ་དང་གྲོ་ཞིང་ཁ་ལྟ་བུའི་ཞིང་གྲོང་གི་བོད་མིའི་བསམ་བློའི་འདུ་ཤེས་ལ་འཚོལ་ཞིབ་དང་ཕྱིར་རྟོག་བྱེད་པར་དགེ་མཚན་མོད་པོ་བསྐྲུན་ཐུབ་པར་སྙམ་པས། སྒྲུང་གཏམ་དག་ལས་མངོན་པའི་བསམ་བློའི་ཕུགས་འདེད་དང་ཡང་ན་འདུ་ཤེས་ལ་བསྐྱར་ཞིབ་བྱེད་པར་ཐོག་མར་ངེས་པར་དུ་སྐྱོ་གར་གྱི་བློས་བསླངས་དང་མཚོན་དོན་དག་ལ་འཇུག་དགོས་པ་དང་། སྐྱོ་གར་གྱི་ངོ་བོ་དེ་ཡང་མཐར་གཏུགས་ན་བཟང་ངན་དང་ཡག་བཙོག་ལྟ་བུའི་མཐའ་གཉིས་ཀྱི་བསམ་བློ་གཏོང་སྟངས་ལས་ཚད་བཅལ་ན་ཆོག་པ་ཞིག་མིན་ནོ། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།