མདུན་ཤོག- གསར་འགྱུར།- སྒོས་སུ་དོ་སྣང་།

ཀྲུང་གུང་ཀྲུང་དབྱང་གི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའི་སྐོར་གྱི་ཆོད་དོན།

    2014-11-21 09:06

    གསུམ།ཁྲིམས་ལྟར་སྲིད་འཛིན་པར་གཏིང་ཟབ་ཏུ་སྐུལ་འདེད་བྱས་ནས།ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་གཏོང་དགོས།

    བཅའ་ཁྲིམས་ཀྱི་ཚེ་སྲོག་ནི་ལག་བསྟར་བྱ་རྒྱུ་དེ་ཡིན་ལ།བཅའ་ཁྲིམས་ཀྱི་དབང་གྲགས་ཀྱང་ལག་བསྟར་བྱ་རྒྱུ་དེ་ཡིན།རིམ་པ་སོ་སོའི་སྲིད་གཞུང་གིས་ངེས་པར་ཏང་གི་མགོ་ཁྲིད་འོག་དང་ཁྲིམས་སྐྱོང་གི་ལམ་དུ་བྱ་བ་བསྒྲུབ་པ་དང་།ཁྲིམས་བསྟར་སྒྲིག་སྲོལ་གསར་སྐྲུན་དང་།ཁྲིམས་བསྟར་གོ་རིམ་འཐུས་ཚང་།ཕྱོགས་བསྡུས་ཁྲིམས་བསྟར་ལ་སྐུལ་འདེད།ཁྲིམས་བསྟར་འགན་འཁྲི་ནན་མོ།དབང་ཆ་དང་འགན་འཁྲི་གཅིག་གྱུར།དབང་གྲགས་ཆེ་ལ་ཕན་ནུས་མཐོ་བའི་ཁྲིམས་ལྟར་སྲིད་འཛིན་པའི་སྒྲིག་སྲོལ་འཛུགས་པ་དང་།འགན་ནུས་རིག་ཚན་དང་དབང་ཆ་དང་འགན་འཁྲི་ཁྲིམས་སུ་བཀོད་པ།ཁྲིམས་བསྟར་ནན་ཅིང་གསལ་བ།སྤྱིར་གསལ་གཞུང་དྲང་།སྤྱོད་གཙང་ཕན་མཐོ། ཁྲིམས་བརྩི་དང་ཁ་དན་ཚིག་གནས་བཅས་ཀྱི་ཁྲིམས་སྐྱོང་སྲིད་གཞུང་མགྱོགས་མྱུར་ངང་འཛུགས་སྐྲུན་བྱ་དགོས།

    (གཅིག)ཁྲིམས་ལྟར་ཁྱོན་ཡོངས་ནས་སྲིད་གཞུང་གི་འགན་ནུས་ལག་བསྟར་བྱ་དགོས།སྲིད་འཛིན་རྩ་འཛུགས་དང་སྲིད་འཛིན་གོ་རིམ་གྱི་བཅའ་ཁྲིམས་ལམ་ལུགས་འཐུས་ཚང་དུ་བཏང་ནས། ལས་ཁུངས་དང་འགན་ནུས། དབང་མཚམས།གོ་རིམ།འགན་འཁྲི་བཅས་ཁྲིམས་བཀོད་ཅན་ལ་སྐུལ་འདེད་གཏོང་དགོས།སྲིད་འཛིན་ལས་ཁུངས་ཀྱིས་ངེས་པར་ཁྲིམས་བཀོད་འགན་འཁྲི་ལག་ཏུ་བསྟར་བ་དང་ཁྲིམས་ཀྱིས་མ་གནང་བའི་དབང་ཆ་མི་བཀོལ་བ་རྒྱུན་འཁྱོངས་བྱས་ནས།ལས་འགན་འཁུར་ཐུབ་པ་དང་འཁུར་ཕོད་པ།ལས་འགན་མི་སྒྲུབ་པ་དང་གང་འདོད་ལྟར་སྒྲུབ་པ་མཐའ་གཅིག་ཏུ་ཡོ་བསྲང་བྱེད་པ།སྒྱིད་ལུག་གི་སྲིད་གཞུང་དང་སྣང་ཆུང་གི་སྲིད་གཞུང་མཐའ་གཅིག་ཏུ་ཁྱད་གསོད་བྱེད་པ། ལས་འགན་ཤོར་བ་དང་ལས་འཛོལ་ཤོར་བར་མཐའ་གཅིག་ཏུ་ཆད་པ་ནན་མོ་གཅོད་དགོས།སྲིད་འཛིན་ལས་ཁུངས་ཀྱིས་ཁྲིམས་ཕན་ཆད་ནས་དབང་ཆ་བཀོལ་མི་ཆོག་ལ།བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་འཛིན་ས་མེད་ན་སྤྱི་དམངས་དང་ཁྲིམས་མི།རྩ་འཛུགས་གཞན་དག་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་པ་གཏོང་བའམ་ཡང་ན་དེའི་འོས་འགན་ཇེ་ལྗིད་དུ་གཏོང་བའི་ཐག་གཅོད་བྱེད་མི་ཆོག སྲིད་གཞུང་གི་དབང་ཆ་རྩིས་ཐོ་ལམ་ལུགས་ལ་སྐུལ་འདེད་བྱས་ནས།དབང་ཆ་བོགས་གཏོང་གི་བར་གསེང་མཐའ་གཅིག་ཏུ་མེད་པར་གཏོང་དགོས།

    རིམ་པ་སོ་སོའི་སྲིད་གཞུང་གི་དོན་གཅོད་དབང་ཆ་ཚད་ལྡན་ཅན་དང་བཅའ་ཁྲིམས་ཅན་ལ་སྐུལ་འདེད་བྱས་ནས།རིམ་པ་མི་འདྲ་བའི་སྲིད་གཞུང་དང་ཁྱད་པར་དུ་ཀྲུང་དབྱང་དང་ས་གནས་སྲིད་གཞུང་གི་དོན་གཅོད་དབང་ཆའི་བཅའ་ཁྲིམས་ལམ་ལུགས་འཐུས་ཚང་དུ་གཏོང་བ།ཀྲུང་དབྱང་སྲིད་གཞུང་གིས་སྤྱི་ཁོག་དོ་དམ་ལ་ཤུགས་བསྣན་ནས།ལམ་ལུགས་ནང་འགན་འཁྲི་དང་དགོས་ངེས་ཀྱི་ཁྲིམས་བསྟར་དབང་ཆ་འགོད་དགོས།ཞིང་ཆེན་རིམ་པའི་སྲིད་གཞུང་གིས་གཅིག་གྱུར་འཆར་འགོད་བྱས་ཏེ་ས་ཁོངས་ནང་གི་གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་གྱི་འགན་འཁྲི་ཇེ་དྲག་དང་།གྲོང་ཁྱེར་དང་རྫོང་སྲིད་གཞུང་གི་འགན་འཁྲི་ཇེ་དྲག་ཏུ་གཏོང་དགོས།

    (གཉིས)ཁྲིམས་ལྟར་ཇུས་ཐག་གཅོད་པའི་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས།སྤྱི་ཡོངས་ཞུགས་པ་དང་ཆེད་མཁས་པས་རིགས་པས་སྒྲུབ་པ།ཉེན་ཁ་དཔྱད་དཔག ཁྲིམས་མཐུན་རང་བཞིན་ལ་ཞིབ་བཤེར།ཐུན་མོང་གིས་གྲོས་བསྡུར་བྱས་ནས་ཐག་གཅོད་པ་དེ་སྲིད་འཛིན་ཇུས་ཆོད་གལ་ཆེན་གྱི་ཁྲིམས་བཀོད་གོ་རིམ་ནང་བཞག་ནས།ཇུས་ཆོད་ལམ་ལུགས་ཚན་རིག་དང་མཐུན་ཞིང་།འགྲོ་རིམ་འོས་འཚམ།གོ་རིམ་སྤྱིར་གསལ།འགན་འཁྲི་གསལ་བོ་བཅས་ཡིན་པ་ཁག་ཐེག་བྱ་དགོས།སྲིད་འཛིན་ལས་ཁུངས་ནང་ཁུལ་གྱི་ཇུས་ཆོད་གལ་ཆེན་གྱི་ཁྲིམས་མཐུན་རང་བཞིན་ལ་ཞིབ་བཤེར་བྱེད་པའི་ནང་རྐྱེན་བཙུགས་ནས།ཁྲིམས་མཐུན་རང་བཞིན་གྱི་ཞིབ་བཤེར་མ་བརྒྱུད་པའམ་ཞིབ་བཤེར་བྱས་ནས་ཁྲིམས་དང་མི་མཐུན་ན་གྲོས་བསྡུར་བྱེད་པར་སྤྲོད་མི་ཆོག

    སྲིད་གཞུང་གི་བཅའ་ཁྲིམས་བློ་འདྲི་ལམ་ལུགས་འཛུགས་པར་ཧུར་ཐག་གིས་སྐུལ་འདེད་བྱེད་པ་དང་།སྲིད་གཞུང་གི་ཁྲིམས་ལུགས་སྡེ་ཁག་གི་མི་སྣ་གཙོ་གཞི་བྱས་ཏེ།ཆེད་མཁས་པ་དང་ཁྲིམས་རྩོད་པ་ཞུགས་པའི་བཅའ་ཁྲིམས་བློ་འདྲི་དཔུང་སྡེ་འཛུགས་སྐྲུན་བྱས་ནས།བཅའ་ཁྲིམས་བློ་འདྲིས་སྲིད་འཛིན་ཇུས་ཆོད་གལ་ཆེན་གཏན་འཁེལ་བྱེད་པ་དང་། ཁྲིམས་ལྟར་སྲིད་འཛིན་པར་སྐུལ་འདེད་བྱེད་པའི་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་པར་ཁག་ཐེག་བྱ་དགོས།

    ཇུས་ཆོད་གལ་ཆེན་ཚེ་གང་བོར་འགན་འཁྲི་རྩད་གཅོད་པའི་ལམ་ལུགས་དང་འགན་འཁྲི་ལྡོག་བཤེར་ལམ་ལུགས་བཙུགས་ནས།ཇུས་ཆོད་ལ་ནོར་འཁྲུལ་ཚབས་ཆེན་བྱུང་བའམ་ཁྲིམས་ལྟར་དུས་ཐོག་ཏུ་ཇུས་ཐག་གཅོད་དགོས་ཀྱང་འགོར་འགྱངས་བྱས་ནས་གྱོང་གུན་ཚབས་ཆེན་བཟོས་པ་དང་ཤུགས་རྐྱེན་ངན་པ་བཟོས་པར།སྲིད་འཛིན་འགན་འཁྲི་པ་གཙོ་བོ་དང་།འགན་འཁྲི་ཁུར་ཡོད་པའི་མགོ་ཁྲིད་པ་གཞན་དག་དང་འབྲེལ་ཡོད་འགན་འཁྲི་མི་སྣའི་བཅའ་ཁྲིམས་འགན་འཁྲི་རྩད་གཅོད་ནན་མོ་བྱ་དགོས།

    (གསུམ)སྲིད་འཛིན་ཁྲིམས་བསྟར་སྒྲིག་སྲོལ་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་དགོས།རིམ་པ་མི་འདྲ་བའི་སྲིད་གཞུང་གི་དོན་གཅོད་དབང་ཆ་དང་འགན་ནུས་ལྟར། རིམ་པ་ཇེ་ཉུང་དང་དཔུང་སྡེ་བུབ་སྒྲིལ།ནུས་པ་ཇེ་མཐོར་གཏོང་བ་བཅས་ཀྱི་རྩ་དོན་ལྟར།ཁྲིམས་འཛིན་སྟོབས་ཤུགས་ལུགས་མཐུན་ངང་བཀོད་སྒྲིག་བྱ་དགོས།

    ཕྱོགས་བསྡུས་ཁྲིམས་བསྟར་ལ་སྐུལ་འདེད་བྱས་ནས།གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་སྲིད་གཞུང་གི་ཁྲིམས་བསྟར་དཔུང་སྡེའི་རིགས་ཆེས་ཆེར་ཇེ་ཉུང་དུ་གཏོང་བ་དང་།གཙོ་བོ་ཟས་རིགས་དང་སྨན་རྫས་བདེ་འཇགས་དང་བཟོ་ཚོང་སྤུས་བཤེར།སྤྱི་པའི་འཕྲོད་བསྟེན།བདེ་འཇགས་ཐོན་སྐྱེད།རིག་གནས་གནས་སྐོར།ཐོན་ཁུངས་ཁོར་ཡུག ཞིང་ནགས་ཆུ་བེད།འགྲིམ་འགྲུལ་སྐྱེལ་འདྲེན།མཁར་གྲོང་འཛུགས་སྐྲུན། རྒྱ་མཚོའི་ཉ་ལས་སོགས་ཁྱབ་ཁོངས་ནང་དུ་ཕྱོགས་བསྡུས་ཁྲིམས་བསྟར་བྱེད་པ་དང་།ཆ་རྐྱེན་ཡོད་པའི་ཁྱབ་ཁོངས་སུ་སྡེ་ཁག་ལས་བརྒལ་བའི་ཕྱོགས་བསྡུས་ཁྲིམས་བསྟར་སྐུལ་སྤེལ་བྱེད་ཆོག

    གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་སྲིད་འཛིན་ཁྲིམས་བསྟར་དོ་དམ་འཐུས་ཚང་དུ་བཏང་ནས།གཅིག་གྱུར་མགོ་ཁྲིད་དང་མཐུན་སྦྱོར་ལ་ཤུགས་བསྣན་དགོས།སྲིད་འཛིན་ཐད་བཙན་ཤེད་ཀྱིས་ལག་བསྟར་བྱེད་པའི་སྒྲིག་སྲོལ་ཇེ་ལེགས་སུ་གཏོང་བ་དང་།གྲོང་ཁྱེར་དོ་དམ་གྱི་ཁྲིམས་བསྟར་སྒྲིག་སྲོལ་མཐུན་སྦྱོར་བྱེད་པ།གྲོང་ཁྱེར་དོ་དམ་གྱི་ཕྱོགས་བསྡུས་ཁྲིམས་བསྟར་ལས་ཁུངས་འཛུགས་པར་ཤུགས་བསྣན་ནས།ཁྲིམས་བསྟར་དང་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་དགོས།

    སྲིད་འཛིན་ཁྲིམས་བསྟར་མི་སྣས་དཔང་ཡིག་བཟུང་ནས་ལས་རྐང་དུ་འབུད་པ་དང་ཐོབ་ཐང་དོ་དམ་ལམ་ལུགས་ནན་ཏན་གྱིས་ལག་བསྟར་བྱས་ཏེ།ཁྲིམས་བསྟར་ཐོབ་ཐང་གི་རྒྱུགས་བླངས་པ་ཚད་ལྡན་མིན་ན།ཁྲིམས་བསྟར་ཐོབ་ཐང་མི་སྟེར་བ་དང་།ཁྲིམས་བསྟར་བྱ་འགུལ་སྤེལ་མི་ཆོག ཆད་གཅོད་དང་དངུལ་འཇལ་སོ་སོར་དགར་བ་དང་གཏོང་སྤྲོད་སོ་སོ་ཡིན་པའི་དོ་དམ་ལམ་ལུགས་ནན་ཏན་གྱིས་ལག་བསྟར་བྱས་ནས།དངུལ་ཆད་བཅད་པ་དང་གཞུང་བཞེས་བྱས་པའི་ཡོང་སྒོ་ལེན་པ་དེ་སྡེ་ཁག་གི་ཁེ་ཕན་ལ་ཐད་ཀར་འབྲེལ་བའམ་ངོ་བོ་འགྱུར་བའི་འབྲེལ་བ་ཡོད་པ་གཏན་འགོག་བྱ་དགོས།

    སྲིད་འཛིན་ཁྲིམས་བསྟར་དང་ཉེས་དོན་ཁྲིམས་འཛིན་སྦྲེལ་བའི་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་།གྱོད་དོན་བརྒྱུད་སྤྲོད་བྱེད་པའི་ཚད་གཞི་དང་གོ་རིམ་འཐུས་ཚང་དུ་གཏོང་བ།སྲིད་འཛིན་ཁྲིམས་བསྟར་ལས་ཁུངས་དང་སྤྱི་བདེ་ལས་ཁུངས།ཞིབ་དཔྱོད་ལས་ཁུངས།འདྲི་གཅོད་ལས་ཁུངས་བཅས་ཀྱི་ཆ་འཕྲིན་མཉམ་རོལ་དང་གྱོད་དོན་གྱི་གནས་ཚུལ་སྤྱི་བསྒྲགས།གྱོད་དོན་བསྒྱུར་སྤྲོད་བྱེད་པའི་ལམ་ལུགས་འཛུགས་པ།གྱོད་དོན་ཡོད་ཀྱང་བརྒྱུད་སྤྲོད་མི་བྱེད་པ་དང་གྱོད་དོན་ཡོད་ཀྱང་བརྒྱུད་སྤྲོད་བྱེད་མི་ཐུབ་པ། དངུལ་ཆད་ཀྱིས་ཉེས་ཆད་ཀྱི་ཚབ་བྱེད་པ་སོགས་ཀྱི་སྣང་ཚུལ་མཐའ་གཅིག་ཏུ་བཀག་འགོག་བྱས་ཏེ།སྲིད་འཛིན་ཆད་གཅོད་དང་ཉེས་དོན་ཆད་གཅོད་གཉིས་ཕན་ཚུན་སྦྲེལ་བ་ལྷད་མེད་པ་མངོན་འགྱུར་བྱ་དགོས།

    (བཞི་པ།)གཟབ་ནན་དང་ཚད་ལྡན།གཞུང་དྲང་།དཔལ་ཡོན་བཅས་ཀྱི་ཁྲིམས་བསྟར་རྒྱུན་འཁྱོངས་བྱ་དགོས།ཁྲིམས་འགལ་བྱ་སྤྱོད་སྣ་ཚོགས་ལ་ཁྲིམས་ལྟར་ཆད་པ་བཅད་ནས།མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་གྱི་ལྟེ་གནད་ཁྱབ་ཁོངས་ཀྱི་ཁྲིམས་བསྟར་ཤུགས་ཚད་ཇེ་ཆེར་གཏོང་དགོས།ཁྲིམས་བསྟར་གོ་རིམ་འཐུས་ཚང་དུ་གཏོང་བ་དང་།ཁྲིམས་བསྟར་གྱི་གོ་རིམ་ཧྲིལ་བོ་ཟིན་ཐོར་འགོད་པའི་ལམ་ལུགས་འཛུགས་དགོས།བྱེ་བྲག་གི་འགྲོ་རིམ་གསལ་བོ་བྱེད་པ་དང་།སྲིད་འཛིན་ཆོག་འཐུས་དང་སྲིད་འཛིན་ཆད་གཅོད།སྲིད་འཛིན་གྱི་བཙན་ཤུགས།སྲིད་འཛིན་གྱི་སྡུད་ལེན། སྲིད་འཛིན་གྱི་གྲོན་དངུལ་སྡུད་པ།སྲིད་འཛིན་ཞིབ་བཤེར་སོགས་ཀྱི་ཁྲིམས་བསྟར་བྱ་སྤྱོད་ཚད་ལྡན་དུ་གཏོང་དགོས། ཁྲིམས་བསྟར་ཇུས་ཆོད་གལ་ཆེན་དག་ལ་ཁྲིམས་ལུགས་དཔྱད་ཞིབ་ལམ་ལུགས་ལག་བསྟར་ནན་མོ་བྱ་དགོས།

    སྲིད་འཛིན་གྱི་འདུམ་གཅོད་དབང་ཆའི་གཞི་རྩའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་ནས།སྲིད་འཛིན་འདུམ་གཅོད་ཀྱི་ཚད་གཞི་ཞིབ་ཚགས་ཅན་དང་གྲངས་ཚད་ཅན་དུ་བཏང་ནས།འདུམ་གཅོད་ཀྱི་ཁྱབ་ཁོངས་དང་རིགས།ཚད་བཅས་ཚད་ལྡན་དུ་གཏོང་དགོས།སྲིད་འཛིན་ཁྲིམས་བསྟར་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་དང་ཆ་འཕྲིན་མཉམ་རོལ་ལ་ཤུགས་བསྣན་ནས།ཁྲིམས་བསྟར་ཕན་ནུས་དང་ཚད་ལྡན་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་དགོས།

    སྲིད་འཛིན་ཁྲིམས་བསྟར་འགན་འཁྲི་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ།སྡེ་ཁག་མི་འདྲ་བ་དང་ལས་ཁུངས་མི་འདྲ་བ།ལས་རྐང་མི་འདྲ་བའི་ཁྲིམས་བསྟར་མི་སྣའི་ཁྲིམས་བསྟར་འགན་འཁྲི་དང་འགན་འཁྲི་རྩད་གཅོད་ནང་རྐྱེན་འཛུགས་དགོས།ཁྲིམས་བསྟར་ལྟ་སྐུལ་ལ་ཤུགས་བསྣན་ནས།ཁྲིམས་བསྟར་བྱ་འགུལ་ལ་ཐེ་གཏོགས་བྱེད་པ་མཐའ་གཅིག་ཏུ་འགོག་དགོས་པ་དང་།ས་གནས་དང་སྡེ་ཁག་གི་སྲུང་སྐྱོང་རིང་ལུགས་བཀག་འགོག་དང་ཁྱད་གསོད་བྱས་ནས།ཁྲིམས་བསྟར་རུལ་སུངས་སྣང་ཚུལ་འཆུན་འདོམས་བྱ་དགོས།

    (ལྔ)སྲིད་འཛིན་དབང་ཆར་ཚོད་འཛིན་དང་ལྟ་སྐུལ་བྱེད་པར་ཤུགས་བསྣན་དགོས། ཏང་ནང་ཁུལ་གྱི་ལྟ་སྐུལ་དང་དམངས་ཆེན་གྱིས་ལྟ་སྐུལ།དམངས་གཙོས་ལྟ་སྐུལ།སྲིད་འཛིན་ལྟ་སྐུལ།ཁྲིམས་འཛིན་ལྟ་སྐུལ།རྩིས་བཤེར་ལྟ་སྐུལ།སྤྱི་ཚོགས་ཀྱིས་ལྟ་སྐུལ།གླེང་ཕྱོགས་ཀྱིས་ལྟ་སྐུལ་བཅས་བྱེད་པའི་ལམ་ལུགས་འཛུགས་པ།ཚན་རིག་དང་ནུས་ལྡན་གྱི་དབང་ཆ་འཁོར་རྒྱུག་ཚོད་འཛིན་དང་ལྟ་སྐུལ་མ་ལག་འགྲུབ་པར་ཧུར་ཐག་བྱས་ནས།ལྟ་སྐུལ་གྱི་མཉམ་ཤུགས་དང་དངོས་ཕན་ཇེ་དྲག་ཏུ་གཏོང་དགོས།

    སྲིད་གཞུང་ནང་ཁུལ་གྱི་དབང་ཆ་ཚོད་འཛིན་བྱེད་པར་ཤུགས་སྣོན་པ་དེ་ནི་སྲིད་འཛིན་དབང་ཆར་ཚོད་འཛིན་བྱེད་པ་ཇེ་དྲག་ཏུ་གཏོང་བའི་གནད་ས་ཡིན། ནོར་སྲིད་མ་དངུལ་བགོས་ཏེ་བེད་སྤྱོད་པ་དང་། རྒྱལ་དབང་མ་དངུལ་ལ་ལྟ་སྐུལ་དོ་དམ་བྱེད་པ། སྲིད་གཞུང་གིས་མ་དངུལ་གཏོང་བ། སྲིད་གཞུང་གིས་ཉོ་སྡུད་བྱེད་པ། སྤྱི་པའི་ཐོན་ཁུངས་བཤུག་སྤྲོད་གཏོང་བ། སྤྱི་པའི་བཟོ་འགོད་འཛུགས་སྐྲུན་སོགས་དབང་ཆ་གཅིག་བསྡུས་ཀྱི་ལས་ཁུངས་དང་ལས་རྐང་ལ་ལས་ཀ་བགོས་ནས་དབང་ཆ་ལག་བསྟར་བྱེད་པ་དང་། ལས་རྐང་བཀར་ནས་དབང་ཆ་འཛུགས་པ། རིམ་པ་བཀར་ནས་དབང་ཆ་སྟེར་བ། དུས་གཏན་འཁེལ་བྱས་ཏེ་ལས་རྐང་གཉེར་བ་བཅས་ལག་བསྟར་བྱས་ཏེ། ནང་ཁུལ་འཁོར་རྒྱུག་ཚོད་འཛིན་བྱེད་པ་ཇེ་དྲག་ཏུ་གཏོང་བ་དང་དབང་ཆ་ཅི་དགར་སྤྱོད་པ་འགོག་དགོས། སྲིད་གཞུང་ནང་ཁུལ་དུ་རིམ་པ་བཀར་ནས་ལྟ་སྐུལ་བྱེད་པ་དང་ཆེད་དུ་ལྟ་སྐུལ་བྱེད་པ་འཐུས་ཚང་དུ་གཏོང་བ་དང་། གོང་རིམ་ལས་ཁུངས་ཀྱིས་འོག་རིམ་ལས་ཁུངས་ལ་ལྟ་སྐུལ་བྱེད་པ་ལེགས་སྒྱུར་བྱས་ཏེ་རྒྱུན་ལྡན་རང་བཞིན་གྱི་ལྟ་སྐུལ་ལམ་ལུགས་འཛུགས་དགོས། ནོར་འཁྲུལ་ཡོ་བསྲང་དང་འགན་ཁུར་རྩད་གཅོད་པའི་ནང་རྐྱེན་འཐུས་ཚང་དུ་བཏང་ནས། ཡོངས་བསྒྲགས་ཀྱིས་དགོངས་དག་ཞུ་བར་འགན་དཀྲི་བ་དང་། འགན་དབང་སྤྱོད་མཚམས་བཞག་ནས་ཞིབ་བཤེར་བྱེད་པ། སྐྱོན་ཆ་བཟོས་ཏེ་ལས་གནས་ནས་འབུད་པ། ལས་གནས་ནས་འབུད་པར་འགན་དཀྲི་བ། གོ་གནས་ནས་མར་འཕེན་པ་སོགས་འགན་ཁུར་རྩད་གཅོད་བྱེད་ཐབས་དང་གོ་རིམ་འཐུས་ཚང་དུ་གཏོང་དགོས།

    རྩིས་བཤེར་ལམ་ལུགས་འཐུས་ཚང་དུ་བཏང་ནས་ཁྲིམས་ལྟར་སྒེར་ཚུགས་ཀྱིས་རྩིས་བཤེར་ལྟ་སྐུལ་དབང་ཆ་ལག་བསྟར་བྱེད་པར་ཁག་ཐེག་བྱ་དགོས། སྤྱི་པའི་མ་དངུལ་དང་རྒྱལ་དབང་མ་རྩ། རྒྱལ་དབང་ཐོན་ཁུངས་དང་མགོ་ཁྲིད་ལས་བྱེད་པས་དཔལ་འབྱོར་འགན་ཁུར་གནས་ཚུལ་ལག་ཏུ་བསྟར་བར་རྩིས་བཤེར་ཁྱོན་ཡོངས་ལ་ཁེབས་པ་ལག་ཏུ་བསྟར་དགོས། གོང་རིམ་རྩིས་བཤེར་ལས་ཁུངས་ཀྱིས་འོག་རིམ་རྩིས་བཤེར་ལས་ཁུངས་ལ་མགོ་ཁྲིད་པར་ཤུགས་བསྣན་དགོས། ཞིང་ཆེན་མན་གྱི་ས་གནས་རྩིས་བཤེར་ལས་ཁུངས་ཀྱི་མི་སྣའི་རྒྱུ་ནོར་གཅིག་གྱུར་གྱིས་དོ་དམ་བྱས་ཏེ། རྩིས་བཤེར་ཆེད་ལས་ཅན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས།

    (དྲུག)ཁྱོན་ཡོངས་ནས་སྲིད་དོན་ཡོངས་བསྒྲགས་བྱེད་པར་སྐུལ་འདེད་གཏོང་དགོས། ཡོངས་བསྒྲགས་ནི་རྒྱུན་ལྡན་དང་། ཡོངས་བསྒྲགས་མི་བྱེད་པ་ནི་རྒྱུན་ལྡན་མིན་པའི་རྩ་དོན་རྒྱུན་འཁྱོངས་བྱ་དགོས། ཇུས་ཐག་ཡོངས་བསྒྲགས་དང་ལག་བསྟར་ཡོངས་བསྒྲགས། དོ་དམ་ཡོངས་བསྒྲགས། ཞབས་ཞུ་ཡོངས་བསྒྲགས། མཇུག་འབྲས་ཡོངས་བསྒྲགས་བཅས་ལ་སྐུལ་འདེད་བྱ་དགོས། རིམ་པ་སོ་སོའི་སྲིད་གཞུང་དང་དེ་མིན་བྱ་བའི་སྡེ་ཁག་གིས་དབང་ཆའི་རྩིས་ཐོ་ལྟར་སྤྱི་ཚོགས་ལ་སྲིད་གཞུང་འགན་ནུས་དང་། བཅའ་ཁྲིམས་ཀྱི་གཞི་འཛིན་ས། ལག་བསྟར་བྱེད་མཁན། འགན་འཁྲིའི་དབང་ཚད། དོ་དམ་གོ་རིམ། ལྟ་སྐུལ་བྱེད་ཐབས་སོགས་ལས་རིམ་ཡོངས་བསྒྲགས་བྱ་དགོས། ནོར་སྲིད་སྔོན་རྩིས་དང་སྤྱི་པའི་ཐོན་ཁུངས་བཀོད་སྒྲིག འཛུགས་སྐྲུན་ལས་གཞི་གཙོ་བོར་ཆོག་མཆན་འགོད་པ་དང་ལག་བསྟར་བྱེད་པ། སྤྱི་ཚོགས་ཀྱི་སྤྱི་ཕན་ལས་དོན་འཛུགས་སྐྲུན་སོགས་ཀྱི་ཁྱབ་ཁོངས་ཀྱི་སྲིད་གཞུང་ཆ་འཕྲིན་གནད་སར་བཀོད་ནས་ཡོངས་བསྒྲགས་བྱ་དགོས།

    སྤྱི་དམངས་དང་ཁྲིམས་མི།ཡང་ན་རྩ་འཛུགས་གཞན་པའི་ཁེ་དབང་དང་འོས་འགན་དང་འབྲེལ་བའི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་དེ་སྲིད་གཞུང་གི་ཆ་འཕྲིན་ཡོངས་བསྒྲགས་བླང་བྱ་དང་གོ་རིམ་ལྟར་ཡོངས་བསྒྲགས་བྱ་དགོས། སྲིད་འཛིན་ཁྲིམས་སྐྱོང་སྤྱིར་གསལ་ལམ་ལུགས་ལ་སྐུལ་འདེད་གཏོང་དགོས། སྲིད་དོན་ཡོངས་བསྒྲགས་དང་ཆ་འཕྲིན་ཅན་དུ་བསྒྱུར་བར་སྐུལ་འདེད་བཏང་ནས་དྲ་སྦྲེལ་སྲིད་དོན་ཆ་འཕྲིན་གྱི་གཞི་གྲངས་ཞབས་ཞུའི་སྟེགས་བུ་དང་དམངས་ཕན་ཞབས་ཞུའི་སྟེགས་བུ་འཛུགས་སྐྲུན་བྱེད་པར་ཤུགས་བསྣན་དགོས།

    

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག