མདུན་ཤོག- གསར་འགྱུར།- སྒོས་སུ་དོ་སྣང་།

ཀྲུང་གུང་ཀྲུང་དབྱང་གི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའི་སྐོར་གྱི་ཆོད་དོན།

    2014-11-21 09:06

    ཀྲུང་གུང་ཀྲུང་དབྱང་གི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའི་སྐོར་གྱི་ཆོད་དོན།

    (2014ལོའི་ཟླ10པའི་ཚེས23ཉིན་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་གྲོས་འཆམ་བྱུང་བ།)

    ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྟེང་གཏན་འབེབས་བྱས་པའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་མཐར་ཕྱིན་དང་།སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་མགྱོཊ་མྱུར་ངང་འཛུགས་སྐྲུན་བྱ་ཆེད།སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགར་ཞིབ་འཇུག་བྱས་ཏེ།གཏན་འབེབས་བྱས་པ་གཤམ་གསལ་ལྟར།

    གཅིག ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བགྲོད་ལམ་དུ་སྐྱོད་པ་རྒྱུན་འཁྱོངས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་བྱ་དགོས།

    ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ནི།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་དུ་སྤེལ་བའི་ངོ་བོའི་བླང་བྱ་དང་འགན་སྲུང་གལ་ཆེན་ཡིན་ཞིང་།རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བའི་ལྡོག་མེད་བླང་བྱ་ཡང་ཡིན་ཕྱིར།ང་ཚོའི་ཏང་གི་སྲིད་སྐྱོང་རྒྱལ་དར་དང་འབྲེལ་ལ།མི་དམངས་བདེ་སྐྱིད་དང་སྟོབས་འབྱོར་ལྡན་པ་དང་འབྲེལ་བར་མ་ཟད།ཏང་དང་རྒྱལ་ཁབ་ཡུན་རིང་བདེ་འགོད་ཡོང་བར་འབྲེལ་བ་རེད།

    འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་པ་དང་།ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་འདུན་མ་མངོན་དུ་བསྒྱུར་བ།ཁྱོན་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་སུ་གཏོང་བ།ཏང་གི་སྲིད་སྐྱོང་ནུས་པ་དང་སྲིད་སྐྱོང་ཆུ་ཚད་ཇེ་མཐོར་གཏོང་བ་བཅས་བྱ་དགོས་ན། ངེས་པར་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཁྱོན་ཡོངས་ནས་སྐུལ་འདེད་བྱ་དགོས།

    རང་རྒྱལ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གནས་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་པའི་ཐག་གཅོད་རང་བཞིན་གྱི་དུས་རིམ་དུ་གནས་པ་དང་།བཅོས་བསྒྱུར་དེ་འགག་སྒྲོལ་དུས་སྐབས་དང་གཏིང་ཟབ་སར་སྤེལ་བའི་དུས་སྐབས་སུ་བསྐྱོད་པ་དང་།རྒྱལ་སྤྱིའི་གནས་བབ་རྙོག་འཛིང་དང་འགྱུར་ལྡོག་ཆེ་བས། ང་ཚོའི་ཏང་གི་མདུན་དུ་ལྷགས་པའི་བཅོས་བསྒྱུར་དང་འཕེལ་རྒྱས།བརྟན་བརླིང་བཅས་ཀྱི་ལས་འགན་ལྗིད་པ་ནི་སྔར་མེད་པ་ཞིག་དང་།འགལ་བ་དང་ཉེན་ཁའི་འགྲན་སློང་མང་བ་ནི་སྔར་མེད་པ་ཞིག་ཡིན་ཕྱིར།ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཁྱོན་ཡོངས་ཁྲོད་ཀྱི་གོ་གནས་སྔར་ལས་འབུར་ཐོན་ཡིན་པ་དང་།ནུས་པ་སྔར་ལས་གལ་ཆེ་བ་རེད།གནས་བབ་་་གསར་བ་དང་ལས་འགན་གསར་བར་ཁ་ཕྱོགས་ཏེ། ང་ཚོའི་ཏང་གིས་རྒྱལ་ནང་དང་རྒྱལ་སྤྱི་གཉིས་ཀྱི་ཁྱོན་ཡོངས་ལ་སྔར་ལས་ཀྱང་གཅིག་གྱུར་འཆར་འགོད་དང་།རང་རྒྱལ་གོང་དུ་་་་་འཕེལ་བའི་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་སྔར་ལས་ཀྱང་སྲུང་སྐྱོང་དང་བཀོལ་སྤྱོད་བྱེད་པ་དང་།སྤྱི་ཚོགས་ཀྱི་སྟོབས་་་་་་ཤུགས་དང་།སྤྱི་ཚོགས་ཀྱི་ཁེ་ཕན་དོ་སྙོམས་ཡོང་བ། སྤྱི་ཚོགས་ཀྱི་འབྲེལ་བ་སྙོམས་སྒྲིག་ཡོང་བ།སྤྱི་ཚོགས་ཀྱི་བྱ་སྤྱོད་ཚད་ལྡན་ཡོང་བ་བཅས་སྔར་ལས་གཅིག་གྱུར་བཀོད་སྒྲིག་བྱས་ཏེ།རང་རྒྱལ་གྱི་སྤྱི་ཚོགས་དེ་འཕོ་འགྱུར་གཏིང་ཟབ་འབྱུང་བའི་ཁྲོད་སྐྱེ་སྟོབས་ལྡན་པ་དང་གོ་རིམ་ཡོད་པ་དང་།དཔལ་འབྱོར་གོང་དུ་འཕེལ་བ་དང་ཆབ་སྲིད་ཇེ་གསལ་དུ་འགྲོ་བ།རིག་གནས་ཇེ་དར་ཡིན་པ།སྤྱི་ཚོགས་དྲང་གཞག་ཡོང་བ།སྐྱེ་ཁམས་ཇེ་བཟང་དུ་འགྱུར་བ་མངོན་འགྱུར་དང་།རང་རྒྱལ་ཞི་བའི་ངང་གོང་དུ་འཕེལ་བའི་འཐབ་ཇུས་དམིགས་འབེན་མངོན་དུ་བསྒྱུར་དགོས་ན།ངེས་པར་ཁྲིམས་སྐྱོང་གི་སྣེ་ཁྲིད་དང་ཚད་ལྡན་ནུས་པ་སྔར་ལས་འདོན་སྤེལ་བྱ་དགོས།

    ང་ཚོའི་ཏང་གིས་ཁྲིམས་སྐྱོང་འཛུགས་སྐྲུན་ལ་མཐོང་ཆེན་བྱེད་པ།དུས་ཡུན་རིང་བའི་ཚུན་དང་།སྒོས་སུ་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཚུན་དུ།ང་ཚོའི་ཏང་གིས་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་བྱེད་པའི་ལེགས་འགྲུབ་ཉམས་མྱོང་དང་བསླབ་བྱ་ཟབ་མོར་ཕྱོགས་སྡོམ་གཏིང་ཟབ་བྱས་ཏེ། མི་དམངས་དམངས་གཙོ་འགན་སྲུང་བྱ་དགོས་ན།ངེས་པར་ཁྲིམས་སྐྱོང་ལ་ཤུགས་སྣོན་པ་དང་། ངེས་པར་དམངས་གཙོ་ལམ་ལུགས་ཅན་དང་བཅའ་ཁྲིམས་ཅན་དུ་བསྒྱུར་ཏེ།ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དེ་ཏང་གིས་མི་དམངས་ལ་མགོ་ཁྲིད་བྱས་ནས་རྒྱལ་ཁབ་བཅོས་སྐྱོང་བྱེད་པའི་གཞི་རྩའི་འཐབ་ཇུས་སུ་གཏན་འཁེལ་བྱེད་པ་དང་། ཁྲིམས་ལྟར་སྲིད་སྐྱོང་བ་དེ་ཏང་གིས་རྒྱལ་ཁབ་དང་སྲིད་སྐྱོང་བའི་གཞི་རྩའི་བྱེད་སྟངས་སུ་གཏན་འཁེལ་བྱེད་པའི་ཁར།ཧུར་བརྩོན་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་བྱས་ཏེ།ལོ་རྒྱུས་རང་བཞིན་ལྡན་པའི་གྲུབ་འབྲས་བླངས་བྱུང་།མིག་སྔར།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་ཆགས་ཟིན་པས།ཁྲིམས་སྐྱོང་སྲིད་གཞུང་གི་འཛུགས་སྐྲུན་བརྟན་བརླིང་ངང་སྤེལ་བ་དང་།ཁྲིམས་འཛིན་སྒྲིག་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་སྟེ། སྤྱི་ཚོགས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་མངོན་གསལ་གྱིས་ཇེ་དྲག་ཏུ་ཕྱིན་པ་རེད།

    དེ་དང་ཆབས་ཅིག ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གོང་དུ་འཕེལ་བ་དང་བསྡུར་བ་དང་།མི་དམངས་མང་ཚོགས་ཀྱི་རེ་སྒུག་དང་བསྡུར་བ།རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གྱི་དམིགས་འབེན་དང་བསྡུར་ན། ཁྲིམས་སྐྱོང་འཛུགས་སྐྲུན་ལ་མི་འཚམ་པ་དང་མི་མཐུན་པའི་གནད་དོན་མང་པོ་གནས་པ་དེ།གཙོ་བོ་འདི་དག་གི་ཐད་ནས་མཚོན་པ་སྟེ།བཅའ་ཁྲིམས་དང་ཁྲིམས་སྲོལ་ཁ་ཤས་ཀྱིས་ཕྱོགས་ཡོངས་ནས་ཕྱི་རོལ་ཡུལ་གྱི་ཆོས་ཉིད་དང་མི་དམངས་ཀྱི་འདོད་བློ་མཚོན་མེད་པ་དང་།དམིགས་གཏད་རང་བཞིན་དང་བཀོད་གཏོང་རང་བཞིན་མི་དྲག་པ་དང་།ཁྲིམས་འཛུགས་བྱ་བའི་ཁྲོད་སྡེ་ཁག་ཅན་གྱི་ཕྱོགས་ལྷུང་དང་དབང་ཆ་བརྩད་ནས་འགན་འཁྲི་གཞན་འཇོག་གི་སྣང་ཚུལ་ཅུང་མངོན་གསལ་ཡིན་པ།ཁྲིམས་ཡོད་ཀྱང་ལག་ཏུ་མི་བསྟར་བ་དང་ཁྲིམས་ལག་བསྟར་ནན་མོ་མིན་པ།ཁྲིམས་དང་འགལ་ན་རྩད་མི་གཅོད་པའི་སྣང་ཚུལ་ཅུང་ཚབས་ཆེ་བ།ཁྲིམས་བསྟར་སྒྲིག་སྲོལ་གྱི་འགན་དབང་ཁ་གྱེས་པ། ཕྱོགས་མང་པོ་ནས་ཁྲིམས་བསྟར་བ།འདེམ་སྒྲུག་རང་བཞིན་གྱིས་ཁྲིམས་བསྟར་བའི་སྣང་ཚུལ་སྔར་བཞིན་གནས་པ།ཁྲིམས་བསྟར་དང་ཁྲིམས་འཛིན་ཚད་ལྡན་མིན་པ་དང་ནན་ཏན་མིན་པ། གསལ་བོ་མིན་པ། དཔལ་ཡོན་མིན་པའི་སྣང་ཚུལ་བཅས་ཅུང་འབུར་ཐོན་ཡིན་པས།མང་ཚོགས་ལ་ཁྲིམས་བསྟར་ཁྲིམས་འཛིན་དྲང་གཞག་མིན་པ་དང་རུལ་སུངས་གནད་དོན་བཅས་ཀྱི་ཐད་དུ་བསམ་འཆར་ཆེན་པོ་ཡོད།སྤྱི་ཚོགས་ཀྱི་ཁོངས་མི་ཁག་ཅིག་གིས་ཁྲིམས་བརྩི་བ་དང་ཁྲིམས་ལ་ཡིད་ཆེས་པ།ཁྲིམས་སྲུང་བ། ཁྲིམས་བཀོལ་བ།ཁྲིམས་ལྟར་ཁེ་དབང་སྲུང་སྐྱོང་བྱེད་པའི་འདུ་ཤེས་མི་དྲག་པ།རྒྱལ་ཁབ་ཀྱི་ལས་བྱེད་པ་ཁ་ཤས་དང་ལྷག་པར་མགོ་ཁྲིད་ལས་བྱེད་པས་ཁྲིམས་ལྟར་དོན་དག་སྒྲུབ་པའི་འདུ་ཤེས་མི་དྲག་པ་དང་ནུས་པ་མི་འདང་བར།བཅའ་ཁྲིམས་ཤེས་བཞིན་དུ་ཁྲིམས་དང་འགལ་བ་དང་།སྐད་ཆས་བཅའ་ཁྲིམས་ཀྱི་ཚབ་བྱེད་པ།དབང་ཆས་བཅའ་ཁྲིམས་གནོན་པ་དང་། ཉེར་ཕྱོགས་ཁྲིམས་འགལ་བྱེད་པ་བཅས་ཀྱི་སྣང་ཚུལ་སྔར་བཞིན་གནས་པ་ངེས་པར་གསལ་བོར་མཐོང་དགོས།གནད་དོན་འདི་དག་གིས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྩ་དོན་དང་རྒྱབ་འགལ་བྱས་ཏེ།མི་དམངས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་བཏང་བ་དང་།ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གོང་དུ་འཕེལ་བར་བཀག་རྐྱེན་བཟོས་པས། ངེས་པར་ནུས་ཤུགས་ཡོད་རྒུས་ཐག་གཅོད་ནན་མོ་བྱ་དགོས།

    ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཁྱོན་ཡོངས་ནས་སྐུལ་འདེད་བྱ་དགོས་ན།ངེས་པར་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་དང་།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་བ།མར་ཁེ་སི་ལེ་ཉིན་རིང་ལུགས་དང་།མའོ་ཙེ་ཏུང་གི་དགོངས་པ།ཏིན་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་དང་།ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་ཀྱིས་མཛུབ་སྟོན་བྱེད་པ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབས་དང་རིམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་དང་།ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཚགས་བྱས་ཏེ།བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བགྲོད་ལམ་དུ་བསྐྱོད་པ་དང་།རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་བློ་ཐག་རྦད་ཆོད་ཀྱིས་སྲུང་སྐྱོང་བྱེད་པ་དང་།ཁྲིམས་ལྟར་མི་དམངས་ཀྱི་ཁེ་དབང་སྲུང་སྐྱོང་དང་།སྤྱི་ཚོགས་ཀྱི་དྲང་གཞག་དང་དྲང་བདེན་སྲུང་སྐྱོང་།རྒྱལ་ཁབ་ཀྱི་བདེ་འཇགས་དང་ལྷིང་འཇགས་སྲུང་སྐྱོང་བཅས་བྱས་ཏེ། “ལོ་ངོ་བརྒྱ་ཟུང”གི་འབད་བརྩོན་དམིགས་འབེན་་་་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་འདུན་མ་མངོན་དུ་བསྒྱུར་བར་ནུས་ཤུགས་ལྡན་པའི་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱ་དགོས།

    ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཁྱོན་ཡོངས་ནས་སྐུལ་འདེད་བྱ་དགོས་ན།སྤྱིའི་དམིགས་འབེན་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་བྱེད་པ་དང་།སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱ་དགོས། འདི་ནི་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་འོག ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རིགས་པའི་གཞུང་ལུགས་ལག་ལེན་མཐར་ཕྱིན་བྱས་ཏེ།ཆ་ཚང་བའི་བཅའ་ཁྲིམས་ཀྱི་ཚད་ལྡན་མ་ལག་དང་ཕན་ནུས་མཐོ་བའི་ཁྲིམས་སྐྱོང་ལག་བསྟར་མ་ལག ཚགས་དམ་པའི་ཁྲིམས་སྐྱོང་ལྟ་སྐུལ་མ་ལག ནུས་ཤུགས་ལྡན་པའི་ཁྲིམས་སྐྱོང་འགན་སྲུང་མ་ལག་བཅས་ཆགས་དགོས་པ་དང་།འཐུས་སྒོ་ཚང་བའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་མ་ལག་ཆགས་སུ་བཅུག་སྟེ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་ཁྲིམས་ལྟར་སྲིད་སྐྱོང་བ། ཁྲིམས་ལྟར་སྲིད་བཟུང་ནས་མཉམ་དུ་སྐུལ་སྤེལ་བྱེད་པ་རྒྱུན་འཁྱོངས་དང་།ཁྲིམས་སྐྱོང་རྒྱལ་ཁབ་དང་ཁྲིམས་སྐྱོང་སྲིད་གཞུང་།ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་ཏུ་འཛུགས་སྐྲུན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཚན་རིག་དང་མཐུན་པར་ཁྲིམས་འཛུགས་པ་དང་ཁྲིམས་བསྟར་ནན་མོ་བྱེད་པ།དྲང་གཞག་གིས་ཁྲིམས་འཛིན་པ།དམངས་ཡོངས་ཀྱིས་ཁྲིམས་སྲུང་བ་མངོན་འགྱུར་དང་།རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ལ་སྐུལ་འདེད་བྱ་དགོས།

    དམིགས་འབེན་འདི་མངོན་དུ་བསྒྱུར་དགོས་ན། ངེས་པར་གཤམ་གསལ་གྱི་རྩ་དོན་རྒྱུན་འཁྱོངས་བྱ་དགོས་པ་སྟེ།

    ——ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱ་དགོས།ཏང་གི་མགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོར་གྱུར་པའི་ཁྱད་ཆོས་ཡིན་ལ།སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་གི་ཆེས་རྩ་བར་གྱུར་པའི་ཁག་ཐེག་ཀྱང་ཡིན་པས།ཏང་གི་མགོ་ཁྲིད་དེ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བརྒྱུད་རིམ་ཡོངས་དང་ཕྱོགས་སོ་སོར་ལག་བསྟར་བྱ་རྒྱུ་ནི་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་གཞི་རྩའི་ཉམས་མྱོང་ཞིག་ཡིན།རང་རྒྱལ་གྱི་རྩ་ཁྲིམས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་གོ་གནས་གཏན་འབེབས་བྱས་ཡོད།ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱ་རྒྱུ་ནི་སྤྱི་ཚོགས་་་་་རིང་ལུགས་ཁྲིམས་སྐྱོང་གི་གཞི་རྩའི་བླང་བྱ་ཡིན་ལ།ཏང་དང་རྒྱལ་ཁབ་ཀྱི་རྩ་བའི་གནས་ས་དང་ཚེ་སྲོག་འཚོ་ས་ཡིན་པ་དང་།རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་ཁེ་ཕན་དང་འབྲེལ་ལ།བདེ་སྐྱིད་དང་ཡང་འབྲེལ་བས། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཁྱོན་ཡོངས་ནས་སྐུལ་འདེད་བྱེད་པའི་བརྗོད་བྱའི་ནང་དོན་ཡིན།ཏང་གི་མགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ནི་ཕན་ཚུན་གཅིག་གྱུར་ཡིན་པས། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གིས་ངེས་པར་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་ཏང་གི་མགོ་ཁྲིད་ཀྱིས་ངེས་པར་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལ་བརྟེན་དགོས།ཏང་གི་མགོ་ཁྲིད་འོག་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་།ཁྲིམས་གཟབ་ནན་ཀྱིས་བསྐྱངས་ན།མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ་དེ་ད་གཟོད་མངོན་འགྱུར་གང་ལེགས་བྱེད་ཐུབ་པ་དང་།རྒྱལ་ཁབ་དང་སྤྱི་ཚོགས་འཚོ་བའི་ཁྲིམས་སྐྱོང་ཅན་ད་གཟོད་གོ་རིམ་ལྡན་པའི་ངང་མདུན་དུ་སྐུལ་ཐུབ་པ་རེད། ཁྲིམས་ལྟར་སྲིད་སྐྱོང་ན།ཏང་གིས་རྩ་ཁྲིམས་དང་བཅའ་ཁྲིམས་ལྟར་རྒྱལ་སྐྱོང་སྲིད་འཛིན་བྱ་དགོས་ལ།ཏང་གིས་ཏང་ནང་གི་ཁྲིམས་སྲོལ་ལྟར་ཏང་དོ་དམ་དང་བཅོས་སྐྱོང་བྱ་དགོས་པའི་བླང་བྱ་བཏོན།ཏང་གིས་ཁྲིམས་འཛུགས་བྱ་བར་མགོ་ཁྲིད་དང་ཁྲིམས་ལག་ཏུ་བསྟར་བར་ཁག་ཐེག ཁྲིམས་འཛིན་ལ་རྒྱབ་སྐྱོར། སྣེ་ཁྲིད་དེ་ཁྲིམས་སྲུང་བ་བཅས་རྒྱུན་འཁྱོངས་བྱས་ཏེ།ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གཞི་རྩའི་ཐབས་ཇུས་དེ་ཁྲིམས་ལྟར་སྲིད་སྐྱོང་བའི་རྩ་བའི་བྱེད་སྟངས་དང་གཅིག་གྱུར་བྱེད་པ་དང་།ཏང་གིས་ཁྱོན་ཡོངས་གཅིག་འདོམས་དང་ཕྱོགས་མང་པོ་མཐུན་སྦྱོར་བྱེད་པ་དེ་དམངས་ཆེན་དང་།སྲིད་གཞུང་།སྲིད་གྲོས།འདྲི་གཅོད་ལས་ཁུངས། ཞིབ་དཔྱོད་ལས་ཁུངས་བཅས་ཀྱིས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་འགན་ནུས་ལག་ལེན་དང་བྱ་བ་སྤེལ་བ་གཉིས་གཅིག་གྱུར་བྱེད་པ།ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་རྩ་ཁྲིམས་དང་བཅའ་ཁྲིམས་གཏན་འབེབས་དང་ལག་བསྟར་བྱེད་པ་དེ་ཏང་གིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ཁྱབ་ཁོངས་ནང་བྱ་འགུལ་སྤེལ་བ་གཉིས་གཅིག་གྱུར་བྱས་ཏེ།ཏང་གི་འདོད་བློ་དེ་ཁྲིམས་བཀོད་གོ་རིམ་བརྒྱུད་ནས་རྒྱལ་ཁབ་ཀྱི་འདོད་བློར་བསྒྱུར་དགོས།ཏང་རྩ་འཛུགས་ཀྱིས་འོས་སྦྱོར་བྱས་པའི་མི་དེ་ཁྲིམས་བཀོད་གོ་རིམ་བརྒྱུད་དེ་རྒྱལ་ཁབ་སྲིད་དབང་ལས་ཁུངས་ཀྱི་མགོ་ཁྲིད་པར་འགྱུར་ཤེས་པ།རྒྱལ་ཁབ་སྲིད་དབང་ལས་ཁུངས་བརྒྱུད་དེ་ཏང་གིས་རྒྱལ་ཁབ་དང་སྤྱི་ཚོགས་ལ་མགོ་ཁྲིད་བྱེད་ཤེས་པ།དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་སྤྱད་དེ་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོང་དང་།ཏང་ཡོངས་དང་རྒྱལ་ཡོངས་མཐུན་སྒྲིལ་གཅིག་གྱུར་ཡོང་བར་སྲུང་སྐྱོང་བཅས་བྱ་ཤེས་དགོས།

    ——མི་དམངས་བདག་པོ་ཉིད་ཡིན་པའི་གོ་གནས་རྒྱུན་འཁྱོངས་བྱེད་པ། མི་དམངས་ནི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་སྲོག་ཤིང་དང་སྟོབས་ཤུགས་ཀྱི་འབྱུང་རྩ་ཡིན་པ་དང་།མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ནི་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་ཁག་ཐེག་བྱེད་པའི་རྩ་བའི་ཆབ་སྲིད་ལམ་ལུགས་ཤིག་ཡིན།ཁྲིམས་སྐྱོང་འཛུགས་སྐྲུན་བྱེད་པ་མི་དམངས་ཀྱི་ཆེད་དང་། མི་དམངས་ལ་བརྟེན་པ།མི་དམངས་ལ་བདེ་སྐྱིད་བསྐྲུན་པ། མི་དམངས་སྲུང་སྐྱོང་བྱེད་པ་བཅས་ངེས་པར་རྒྱུན་འཁྱོངས་བྱ་དགོས།མི་དམངས་ཀྱི་རྩ་བའི་ཁེ་ཕན་འགན་སྲུང་བྱེད་པ་དེ་མགོ་རྩོམ་ས་དང་རྐང་འཛུགས་ས་བྱས་ཏེ།མི་དམངས་ལ་ཁྲིམས་ལྟར་དབང་བའི་ཁྱབ་རྒྱ་ཆེ་བའི་ཁེ་དབང་དང་རང་རང་ཁག་ཐེག་བྱེད་པ། དེ་མིན་འཁུར་དགོས་པའི་འོས་འགན་ཕྲག་ཏུ་ལེན་པ།སྤྱི་ཚོགས་དྲང་གཞག་དང་དྲང་བདེན་ཡོང་བར་སྲུང་སྐྱོང་དང་ཐུན་མོང་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་དགོས།མི་དམངས་ཀྱིས་ཏང་གི་མགོ་ཁྲིད་འོག་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་ཐབས་ལམ་དང་བྱེད་སྟངས་གང་མང་བརྒྱུད་དེ་རྒྱལ་ཁབ་ཀྱི་ལས་དོན་དོ་དམ་དང་།དཔལ་འབྱོར་དང་རིག་གནས་ལས་དོན་དོ་དམ།སྤྱི་ཚོགས་ལས་དོན་དོ་དམ་བྱེད་པར་ངེས་པར་ཁག་ཐེག་བྱ་དགོས།མི་དམངས་ལ་བཅའ་ཁྲིམས་ནི་རང་ཉིད་ཀྱི་ཁེ་དབང་འགན་སྲུང་བྱེད་པའི་ནུས་ལྡན་མཚོན་ཆ་ཡིན་ལ།བརྩི་སྲུང་བྱ་དགོས་པའི་ཚད་ལྡན་བྱ་སྤྱོད་ཀྱང་ཡིན་པ་ངེས་པར་ཤེས་སུ་འཇུག་པ་དང་།སྤྱི་ཚོགས་ཡོངས་ཀྱིས་ཁྲིམས་སློབ་པ་དང་ཁྲིམས་བརྩི་བ།ཁྲིམས་སྲུང་བ།ཁྲིམས་བཀོལ་བ་བཅས་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས།མི་དམངས་ཀྱིས་བཅའ་ཁྲིམས་ཁོང་དུ་ཆུད་པ་དང་།བརྩི་སྲུང་།བཀོལ་སྤྱོད་བཅས་བྱ་ཤེས་དགོས།

    ——བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པ་རྒྱུན་འཁྱོངས་བྱེད་པ།འདྲ་མཉམ་ནི་སྤྱི་ཚོགས་རིང་ལུགས་བཅའ་ཁྲིམས་ཀྱི་གཞི་རྩའི་ངོ་བོ་ཡིན།རྩ་འཛུགས་སུ་དང་མི་སྒེར་སུ་ཡིན་རུང་ངེས་པར་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་བརྩི་བཀུར་བྱེད་པ་དང་།ཚང་མས་བཅའ་ཁྲིམས་དང་རྩ་ཁྲིམས་ཀྱི་ཁྱབ་ཁོངས་ནང་བྱ་འགུལ་སྤེལ་བ་དང་།ཚང་མས་ངེས་པར་རྩ་ཁྲིམས་དང་བཅའ་ཁྲིམས་ལྟར་དབང་ཆ་དང་ཡང་ན་ཁེ་དབང་བཀོལ་སྤྱོད་དང་འགན་འཁྲི་དང་ཡང་ན་འོས་འགན་ལག་ལེན་བྱེད་པ་ལས།རྩ་ཁྲིམས་དང་བཅའ་ཁྲིམས་ལས་བརྒལ་བའི་དམིགས་བསལ་དབང་ཆ་ཡོད་མི་རུང་།ངེས་པར་རྒྱལ་ཁབ་ཀྱི་ཁྲིམས་ལུགས་གཅིག་གྱུར་དང་ལ་རྒྱ།དབང་གྲགས་བཅས་སྲུང་སྐྱོང་བྱེད་པ་དང་།དངོས་གནས་རྩ་ཁྲིམས་དང་བཅའ་ཁྲིམས་ལག་བསྟར་བྱེད་པར་ཁག་ཐེག་བྱེད་པ་ལས། མི་སུ་ཞིག་གིས་ཀྱང་ཁ་གཡོར་ས་དང་རྣམ་པ་གང་རུང་སྤྱད་ནས་སྐད་ཆས་བཅའ་ཁྲིམས་ཀྱི་ཚབ་བྱེད་པ་དང་།དབང་ཆས་བཅའ་ཁྲིམས་གནོན་པ།ཉེར་ཕྱོགས་ཁྲིམས་འགལ་བཅས་གཏན་ནས་བྱེད་མི་རུང་།སྤྱི་པའི་དབང་ཆ་ངེས་པར་ཚད་ལྡན་དང་ཚོད་འཛིན་བྱེད་པ་གནད་སར་བཞག་སྟེ།ལྟ་སྐུལ་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་།དབང་ཆ་ཡོད་ན་འགན་འཁྲི་ཡོད་པ་དང་།དབང་ཆ་བཀོལ་ཚེ་ལྟ་སྐུལ་དང་ལེན་བྱེད་པ།ཁྲིམས་དང་འགལ་ན་རྩད་གཅོད་པ་བཅས་བྱ་དགོས།ཁྲིམས་ཡོད་ཀྱང་བརྩི་སྲུང་མི་བྱེད་པ་དང་།ཁྲིམས་འཛིན་དུས་གཟབ་ནན་མི་བྱེད་པ།ཁྲིམས་དང་འགལ་ཚེ་རྩད་གཅོད་མི་བྱེད་པའི་བྱ་སྤྱོད་དག་མཐའ་གཅིག་ཏུ་ཡོ་བསྲང་བྱ་དགོས།

    —— ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་ཀུན་སྤྱོད་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་བ་གཉིས་ཟུང་དུ་འབྲེལ་བ་རྒྱུན་འཁྱོངས་བྱེད་པ།རྒྱལ་ཁབ་དང་སྤྱི་ཚོགས་བདག་སྐྱོང་བྱེད་ན་བཅའ་ཁྲིམས་དང་ཀུན་སྤྱོད་གཉིས་ཀྱི་སྟེང་ནས་ནུས་པ་འདོན་སྤེལ་བྱ་དགོས།ངེས་པར་ཕྱོགས་གཅིག་ནས་ཁྲིམས་ཀྱིས་སྐྱོང་བ་འཛིན་པ་དང་།ཕྱོགས་གཞན་ཞིག་ནས་ཀུན་སྤྱོད་ཀྱིས་སྐྱོང་བ་འཛིན་པ་རྒྱུན་འཁྱོངས་བྱ་དགོས།ཤུགས་ཆེན་པོས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་དང་།ཀྲུང་ཧྭའི་སྲོལ་རྒྱུན་གྱི་ཀུན་སྤྱོད་བཟང་པོ་དར་སྤེལ་བྱས་ཏེ།སྤྱི་ཚོགས་ཀྱི་སྤྱི་པའི་ཀུན་སྤྱོད་དང་།ལས་རིགས་ཀུན་སྤྱོད།ཁྱིམ་ཚང་གི་ཀུན་སྤྱོད།རང་སྒེར་གྱི་གཤིས་རྒྱུད་བཅས་གསོ་སྐྱོང་བྱ་དགོས།བཅའ་ཁྲིམས་ཀྱི་ཚད་ལྡན་ནུས་པ་འདོན་པར་མཐོང་ཆེན་བྱ་དགོས་ལ།དེ་མིན་ཀུན་སྤྱོད་ཀྱི་སློབ་གསོས་བློ་འགུག་གི་ནུས་པ་འདོན་པར་མཐོང་ཆེན་བྱས་ཏེ།ཁྲིམས་ལྟར་སྐྱོང་བ་ལས་ཀུན་སྤྱོད་ཀྱི་འདུ་ཤེས་མཚོན་པ་དང་།བཅའ་ཁྲིམས་ཀྱིས་ཀུན་སྤྱོད་འཛུགས་སྐྲུན་ཐད་ཐེབས་པའི་སྐུལ་འདེད་ནུས་པ་སྔར་ལས་ཇེ་དྲག་ཏུ་གཏོང་དགོས།ཀུན་སྤྱོད་ལ་བརྟེན་ནས་ཁྲིམས་ལྟར་སྐྱོང་བའི་བསམ་བློ་སྐྱོང་བ་དང་།ཀུན་སྤྱོད་ཀྱིས་ཁྲིམས་ལྟར་སྐྱོང་བའི་རིག་གནས་ལ་ཐེབས་པའི་འདེགས་སྐྱོར་ནུས་པ་སྔར་ལས་ཇེ་དྲག་ཏུ་གཏོང་བ་བཅས་ཀྱིས་བཅའ་ཁྲིམས་དང་ཀུན་སྤྱོད་གཉིས་ཕན་ཚུན་རམ་འདེགས་དང་།ཁྲིམས་སྐྱོང་དང་ཀུན་སྤྱོད་ལ་བརྟེན་ནས་སྐྱོང་བ་གཉིས་ཕན་ཚུན་སྤེལ་རེས་བྱ་དགོས།

    ——ཀྲུང་གོའི་དོན་དངོས་ནས་མགོ་རྩོམ་པ་རྒྱུན་འཁྱོངས་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དང་རིགས་པའི་གཞུང་ལུགས་ཀྱི་མ་ལག་དང་ལམ་ལུགས་བཅས་ནི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་རྩ་བའི་སྲུང་བྱ་ཡིན་པས།ངེས་པར་རང་རྒྱལ་གྱི་རྒྱལ་ཚུལ་ནས་མགོ་རྩོམ་པ་དེ། བཅོས་བསྒྱུར་སྒོ་འབྱེད་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་བ་དང་མཐུན་ཐབས་བྱེད་པ།ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་ཁྲིམས་སྐྱོང་ལག་ཏུ་བསྟར་བ་ལེགས་འགྲུབ་བྱུང་བའི་ཉམས་མྱོང་སྤྱི་སྡོམ་དང་བཀོལ་སྤྱོད་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གནད་དོན་ཆེན་པོར་དམིགས་ཏེ།ཁྲིམས་སྐྱོང་རིགས་པའི་གཞུང་ལུགས་གསར་གཏོད་དང་ཀྲུང་གོའི་དོན་དངོས་དང་མཐུན་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པ། སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་མཚོན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རིགས་པའི་གཞུང་ལུགས་འཕེལ་རྒྱས་སུ་བཏང་སྟེ།ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་རིགས་པའི་གཞུང་ལུགས་ཀྱི་མཛུབ་སྟོན་དང་འདེགས་སྐྱོར་མཁོ་སྤྲོད་བྱ་དགོས།ཀྲུང་ཧྭའི་བཅའ་ཁྲིམས་རིག་གནས་ཀྱི་ཉིང་བཅུད་སྡུད་ལེན་དང་རྒྱལ་ཁབ་གཞན་གྱི་ཁྲིམས་སྐྱོང་ཉམས་མྱོང་བཟང་པོ་དཔྱད་གཞིར་འཛིན་དགོས།ཡིན་ཡང་རྒྱལ་ཁབ་གཞན་གྱི་ཁྲིམས་སྐྱོང་འདུ་ཤེས་དང་དཔེ་དབྱིབས་འདྲ་སྤོས་འདྲ་བཤུས་ལྟ་བུ་གཏན་ནས་བྱེད་མི་རུང་།

    ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ནི་བརྒྱུད་རིམ་ལྡན་པའི་བཟོ་འགོད་ཅིག་ཡིན་པ་དང་།རྒྱལ་ཁབ་བདག་སྐྱོང་ཁྱབ་ཁོངས་སུ་མཚོན་ན་རྒྱ་ཆེ་ཞིང་གཏིང་ཟབ་པའི་གསར་བརྗེ་ཞིག་ཡིན་ཕྱིར། ཡུན་རིང་བོར་དཀའ་སྤྱད་འབད་བརྩོན་བྱ་དགོས། ཏང་ཡོངས་ཀྱི་བློ་མཐུན་ཚོས་ངེས་པར་སྔར་ལས་ཀྱང་རང་རྟོགས་ཀྱི་སྒོ་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་རྒྱུན་འཁྱོངས་དང་།སྔར་ལས་ཀྱང་ཏང་ཏན་ཏན་ཏིག་ཏིག་གིས་་་་་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་སྤེལ་བཏང་ནས།རྒྱལ་ཁབ་ཀྱི་བྱ་བ་སྣ་ཚོགས་ཁྲིམས་སྐྱོང་ཅན་མངོན་འགྱུར་བྱེད་པ་དང་།ཁྲིམས་ལྟར་ཀྲུང་གོ་སྐྱོང་བ་འཛུགས་སྐྲུན་བྱེད་པའི་ཕྱོགས་སུ་རྒྱུན་ཆད་མེད་པར་མདུན་སྐྱོད་ཅི་ཐུབ་བྱ་དགོས།

རྩོམ་སྒྲིག་པ། རིག་འཛིན།
རྩོམ་སྒྲིག་འགན་འཁུར་བ། དབྱང་བྷ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག