ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་གྱིས«གནས་བབ་གསར་བའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞི་འགའ»དང«ཀྲུང་གོ་གུང་ཁྲན་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག»གཉིས་ཀྱི་ཐད་ནས་གསལ་བཤད་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཞི་ཅིན་ཕེན་གྱིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་མངགས་བཅོལ་ལྟར། «གནས་བབ་གསར་བའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞི་འགའ»དང«ཀྲུང་གོ་གུང་ཁྲན་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག»གཉིས་ཀྱི་མ་ཡིག་བྲིས་པའི་འབྲེལ་ཡོད་གནས་ཚུལ་ཐད་ནས་ཚང་འཛོམས་གྲོས་ཚོགས་ལ་མཛད་པའི་གསལ་བཤད།

གཅིག ཡིག་ཆའི་མ་ཡིག་བྲིས་པའི་བསམ་གཞིགས་འགའ།

ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་དང་གཟབ་ནན་གསུམ་དང་དོན་དམ་གསུམ་གྱི་ཆེད་དོན་སློབ་གསོ་སྤེལ་བའི་ཁྲོད་དུ། བློ་མཐུན་མི་ཉུང་བས་གནས་བབ་གསར་བར་ཟུང་སྦྲེལ་བྱས་ཏེ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་བའི་ཡིག་ཆ་ཞིག་གཏན་འབེབས་བཟོ་རྒྱུའི་གྲོས་གཞི་བཏོན།

དུས་ཡུན་ངེས་ཅན་ཞིག་གི་རིང་ལ་ཚད་གཞི་གཏན་འབེབས་བཟོ་བ་དང་སྲོལ་ཡིག་ལ་བཟོ་བཅོས་བྱེད་པའི་ཐད་ནས་འབྲེལ་ཡོད་ཕྱོགས་ཀྱིས་བྱ་བ་འབོར་ཆེན་བསྒྲུབས། ཉིས་སྟོང་བཅུ་བཞི་ལོར་འབྲེལ་ཡོད་ཕྱོགས་ཀྱི་བློ་མཐུན་ཞུགས་པའི་བྱ་བའི་ཚན་ཆུང་གིས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་པའི་གནད་དོན་ཐད་ནས་བརྟག་དཔྱད་ཞིབ་འཇུག་བྱས་ཏེ། ཐོག་མའི་གྲུབ་འབྲས་ཐོབ། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་དྲུག་པའི་ཏང་ནང་ཁུལ་གྱི་ལྟ་སྐུལ་ལམ་ལུགས་འཐུས་ཚང་དུ་འཛུགས་པའི་རེ་བ་ལྟར་དུ། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱིས་སྔ་གཞུག་ཏུ་ཐེངས་བདུན་ལ་ཆེད་དོན་གྲོས་ཚོགས་བསྡུས་ཏེ། ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག་བཟོ་བཅོས་བྱེད་པའི་བྱ་བར་ཞིབ་འཇུག་བྱས།

དུས་རིམ་སྔོན་མའི་ཞིབ་འཇུག་དེ་དག་ལ་གྲུབ་འབྲས་གལ་ཆེན་ཁ་ཤས་ཐོབ་པ་དང་། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཕྱོགས་བསྡུས་དབྱེ་ཞིབ་བྱས་རྗེས། ཀྲུང་དབྱང་གི་ཚང་འཛོམས་གྲོས་ཚོགས་ཞིག་གི་སྟེང་དུ་གནད་དོན་དེར་ཆེད་དུ་ཞིབ་འཇུག་བྱ་རྒྱུའི་ཐག་བཅད། དེ་ནི་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་འཐུས་ཚང་དུ་གཏོང་བའི་དགོས་མཁོ་ཡིན་པ་དང་། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་ཟབ་སྤེལ་བྱེད་པའི་དགོས་མཁོ་ཡིན་ལ། ཏང་ནང་ཁུལ་དུ་གནས་པའི་འབུར་ཐོན་འགལ་བ་དང་གནད་དོན་ཐག་གཅོད་པའི་དགོས་མཁོ་ཡིན།

གནས་བབ་དང་ལས་འགན་གསར་བའི་མདུན་དུ། གནས་བབ་གསར་བའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞི་འགའ་གཏན་འབེབས་བྱེད་པ་དང་། ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག་ལ་བཟོ་བཅོས་བྱེད་པར་དུས་སྐབས་བྱུང་བ་དང་ཆ་རྐྱེན་འཛོམས་ལ། རེ་བ་དགོས་གཏུགས་ཆེ་ཞིང་དོན་སྙིང་གལ་ཆེ།

གཉིས། ཡིག་ཆའི་མ་ཡིག་བྲིས་པའི་བརྒྱུད་རིམ།

ད་ལོའི་ཟླ་གསུམ་པའི་ཚེས་གཅིག་ཉིན། ཏང་ཀྲུང་དབྱང་གིས«ཀྲུང་གུང་ཀྲུང་དབྱང་གི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་བའི་གནད་དོན་ལ་ཞིབ་འཇུག་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་ཏང་ནང་ཁུལ་གྱི་ལྟ་སྐུལ་སྲོལ་ཡིག་ཚོད་ལྟའི་ལག་བསྟར་ལ་བཟོ་བཅོས་བྱེད་པར་བསམ་འཆར་བསྡུ་ལེན་བྱེད་པའི་སྐོར་གྱི་བརྡ་སྦྱོར»བཏང་། ཡིག་ཆའི་མ་ཡིག་འབྲི་བའི་ཚན་ཁག་གིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས་པ་དང་། ཡིག་ཆའི་མ་ཡིག་འབྲི་བའི་བྱ་བ་དངོས་སུ་སྒྲུབ་མགོ་བརྩམས།

ཟླ་བརྒྱད་ཀྱི་རིང་ལ། ཡིག་ཆའི་མ་ཡིག་འབྲི་བའི་ཚན་ཁག་གིས་ཆེད་དོན་བརྟག་དཔྱད་བྱས་པ་དང་། བསམ་འཆར་དང་གྲོས་གཞི་བསྡུ་ལེན་རྒྱ་ཆེར་བྱས་ལ། གྲོས་བསྡུར་དང་བཟོ་བཅོས་ཡང་དང་བསྐྱར་དུ་བྱས། དེའི་རིང་ལ་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་གསུམ་ལ་བསྡུས་པ་དང་། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་ཐེངས་གཉིས་ལ་བསྡུས་ནས་ཡིག་ཆའི་མ་ཡིག་ལ་གྲོས་ཞིབ་བྱས། ཟླ་བརྒྱད་པའི་ཟླ་མགོར། ཡིག་ཆའི་བསམ་འཆར་བསྡུ་ལེན་མ་ཡིག་ཏང་ནང་ཁུལ་གྱི་ཁྱབ་ཁོངས་ངེས་ཅན་ཞིག་ལ་བཀྲམ་ནས་བསམ་འཆར་བསྡུ་ལེན་བྱས་པ་དང་། ཏང་ནང་ཁུལ་གྱི་བློ་མཐུན་རྒན་པ་ཁ་ཤས་ཀྱི་བསམ་འཆར་ཡང་བསྡུ་ལེན་བྱས་པ་མ་ཟད། ད་དུང་ཆེད་དུ་དམངས་གཙོ་ཏང་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་པ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱི་བསམ་འཆར་ལ་ཉན།

ཚུར་སྣང་བྱུང་བའི་གནས་ཚུལ་ལ་བལྟས་ན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། ཕྱོགས་སོ་སོས་ཚད་གཞིའི་མ་ཡིག་དང་སྲོལ་ཡིག་གི་མ་ཡིག་ལ་ཁས་ལེན་གང་ལེགས་བྱས་ལ། ཡིག་ཆའི་མ་ཡིག་དེ་གཉིས་ཀྱིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་བ། ལྔ་བ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐའ་འཁྱོལ་བྱས་པ་དང་། ཏང་གི་སྒྲིག་ཡིག་གཞི་རྩའི་བསྲུང་བྱར་བརྩིས་ཏེ། ཏང་གི་འཛུགས་སྐྲུན་གྱི་ལོ་རྒྱུས་ཉམས་མྱོང་སྤྱི་བསྡོམས་ཟབ་མོ་བྱས་ཡོད་པ་དང་། དེང་སྐབས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཐད་གནས་པའི་འབུར་ཐོན་འགལ་བ་དང་གནད་དོན་ལ་ཐད་ཀར་དུ་གདོང་གཏད་ཡོད་ལ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་གཟབ་ནན་དུ་གཏོང་བར་དམིགས་ཏེ་རེ་བ་གསལ་བོ་བཏོན་པ་དང་། ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་པར་དམིགས་ནས་གཏན་ཁེལ་ཞིབ་ཕྲ་བྱས་ཏེ། གནས་བབ་གསར་བའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་དུ་གཏོང་བ་དང་། ཏང་ནང་ཁུལ་གྱི་ལྟ་སྐུལ་ལ་ཤུགས་སྣོན་པར་གཞི་རྩའི་བསྲུང་བྱ་འདོན་སྤྲོད་བྱས་ཡོད་པར་འདོད།

ཐེངས་འདིར་བསམ་འཆར་བསྡུ་ལེན་བྱེད་པའི་བརྒྱུད་རིམ་ཁྲོད་དུ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོ། ཕྱོགས་སོ་སོས་ཡིག་ཆའི་མ་ཡིག་གཉིས་ལ་བསམ་འཆར་དང་གྲོས་གཞི་བཟང་པོ་མང་པོ་བཏོན་ཡོད་དེ། བསྡོམས་རྩིས་བྱས་པ་ལྟར་ན་བཟོ་བཅོས་ཀྱི་བསམ་འཆར་སྟོང་གཅིག་དང་དགུ་བརྒྱ་ང་ལྔ་བཏོན་པ་དང་། བསྐྱར་ཟློས་བྱས་པའི་བསམ་འཆར་མ་བརྩིས་ན་བསམ་འཆར་སྟོང་གཅིག་དང་ལྔ་བརྒྱ་གྱ་གཉིས་བཏོན་ཡོད་ལ། དེའི་ནང་དུ་རྩ་དོན་རང་བཞིན་གྱི་བསམ་འཆར་སུམ་བརྒྱ་དང་ང་བཞི་དང་། བྱེ་བྲག་གི་བསམ་འཆར་སྟོང་གཅིག་དང་ཉིས་བརྒྱ་ཉེར་བརྒྱད་ཡོད། ཏང་ཀྲུང་དབྱང་གིས་ཡིག་ཆའི་མ་ཡིག་འབྲི་བའི་ཚན་ཁག་གིས་བསམ་འཆར་དང་གྲོས་གཞི་དེ་དག་ལ་ལེགས་སྒྲིག་དང་ཞིབ་འཇུག་ནན་མོ་བྱེད་དུ་བཅུག་པ་དང་། ཡིག་ཆའི་མ་ཡིག་འབྲི་བའི་ཚན་ཁག་གིས་ཡིག་ཆའི་མ་ཡིག་གཉིས་ལ་བཟོ་བཅོས་གལ་ཆེན་བྱས།

གསུམ། ཡིག་ཆའི་མ་ཡིག་བྲིས་པའི་རྩ་དོན་དང་གཞི་རྩའི་སྒྲོམ་གཞི།

ཡིག་ཆའི་མ་ཡིག་འབྲི་བའི་བརྒྱུད་རིམ་ཁྲོད་དུ། ཡིག་ཆའི་མ་ཡིག་འབྲི་བའི་ཚན་ཁག་གིས་གཤམ་གྱི་རྩ་དོན་དག་ཧུར་ཐག་གིས་བརྩི་སྲུང་བྱས་པ་སྟེ། གཅིག ཏང་གི་གོམས་སྲོལ་བཟང་པོ་དང་ཉམས་མྱོང་རྩ་ཆེན་རྒྱུན་འཛིན་དང་དར་སྤེལ་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ་ཏང་ཀྲུང་དབྱང་གིས་བཏོན་པའི་འདུ་ཤེས་གསར་བ་དང་རིགས་ལམ་གསར་བ། འཐབ་ཇུས་གསར་བ་བཅས་ཧུར་ཐག་གིས་ལག་ལེན་མཐའ་འཁྱོལ་བྱས་ནས། ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཉམས་མྱོང་གསར་བ་དང་བྱེད་ཐབས་གསར་བ་མཚོན་པར་བྱས་པ་མ་ཟད། ལག་ལེན་གསར་བ་དང་སྦྲེལ་ཏེ་ལྟ་བ་གསར་བ་དང་བྱེད་ཐབས་གསར་བ་བཏོན་ནས། དུས་རབས་རང་བཞིན་དང་གསར་གཏོད་རང་བཞིན་མཚོན་པར་བྱས། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་བརྗོད་གཞི་འདི་འབུར་དུ་ཐོན་པར་བྱས།

གཉིས། ཏང་གི་སྒྲིག་ཡིག་གཞི་རྩའི་བསྲུང་བྱར་རྒྱུན་འཁྱོངས་བྱས་ཏེ། ཏང་གི་སྒྲིག་ཡིག་ལ་བརྩི་བཀུར་བྱེད་པ་དང་། ཏང་གི་སྒྲིག་ཡིག་ལག་བསྟར་བྱེད་པ། ཏང་གི་སྒྲིག་ཡིག་ལ་སྲུང་སྐྱོབ་བྱེད་པ་བཅས་འབུར་དུ་ཐོན་པར་བྱས་ནས། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་དང་ཏང་ནང་ཁུལ་གྱི་ལྟ་སྐུལ་ལམ་ལུགས་ཅན་དང་ཚད་ལྡན་ཅན། གོ་རིམ་ཅན་བཅས་སུ་བསྒྱུར་བར་སྐུལ་འདེད་བྱས། གསུམ། གནད་དོན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་དང་ཏང་ནང་ཁུལ་གྱི་ལྟ་སྐུལ་ཐད་གནས་པའི་ཉམས་ཞན་གྱི་གོ་རིམ་ལ་དམིགས་པ་དང་། གཞུང་ལུགས་དང་བསམ་བློ། ལམ་ལུགས་བཅས་འཛུགས་པའི་མ་ལག་ལ་དམིགས་པ། དབང་ཆ་དང་འགན་འཁྲི། ཁག་ཁུར་བཅས་ཀྱི་ཇུས་འགོད་ལམ་ལུགས་ལ་དམིགས་པ་བཅས་བྱས་ནས། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ཐ་མལ་ཅན་དང་རང་འདོད་ཅན། སྤྱིར་བཏང་ཅན་བཅས་སུ་འགྱུར་བ་དང་། ཏང་ནང་ཁུལ་གྱི་ལྟ་སྐུལ་ལམ་ལུགས་འཐུས་ཚང་མིན་པ་དང་ཡོངས་སུ་མ་ཁེབས་པ། འགན་འཁྲི་གསལ་བོ་མིན་པ། ལག་བསྟར་ལ་ཤུགས་མེད་པ་སོགས་ཀྱི་གནད་དོན་ཐག་གཅོད་པར་སྐུལ་འདེད་བཏང་། བཞི། གཅིག་གྱུར་མཐུན་སྦྱོར་རྒྱུན་འཁྱོངས་བྱས་ཏེ། མཐོ་རིམ་ཇུས་འགོད་དང་མ་ལག་འཆར་འགོད་ལ་ཤུགས་སྣོན་བྱས་ནས། ཚད་གཞི་གསར་བ་དང་སྲོལ་ཡིག་གསར་བ་གཉིས་དང་ཚད་གཞི་རྙིང་པ་དང་སྲོལ་ཡིག་རྙིང་པ་གཉིས་བར་གྱི་འབྲེལ་བ་དང་། ཏང་ནང་ཁུལ་གྱི་ཁྲིམས་སྲོལ་གཞན་པའི་བར་གྱི་འབྲེལ་བ་ཧུར་ཐག་གིས་ཐག་གཅོད་བཟང་པོ་བྱས་ཏེ། གཅིག་རྒྱུན་གཅིག་འཛིན་བྱས་ཡོད་ལ་བབ་བསྟུན་མདུན་སྐྱོད་ཀྱང་བྱས་ཡོད།

ཚད་གཞིའི་མ་ཡིག་ལ་དུམ་མཚམས་ཆེན་པོ་གསུམ་དང་ཁག་བཅུ་གཉིས་ཡོད།

སྲོལ་ཡིག་གི་མ་ཡིག་ལ་ལེའུ་བརྒྱད་དང་དོན་ཚན་ཞེ་བདུན་ཡོད་ལ། དུས་མཚམས་ཆེན་པོ་གསུམ་དུ་བགོས་ཡོད།

ཞི་ཅིན་ཕེན་གྱིས་ད་དུང་ཚད་གཞི་གསར་བའི་མ་ཡིག་དང་གཅིག་སྟོང་དགུ་བརྒྱ་བརྒྱད་ཅུ་ལོའི་ཚད་གཞིའི་བར་གྱི་འབྲེལ་བ་དང་། མཐོ་རིམ་ལས་བྱེད་པ་གཙོ་གནད་དུ་བཟུང་བ་སོགས་ཀྱི་གནད་དོན་ཐད་ནས་གསལ་བཤད་མཛད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།