ཀྲུང་གོ་བོད་ཀྱི་དྲ་བ།

འཕེལ་རྒྱས་ཁེ་དབང་བསྒྲགས་གཏམ་ལ་གྲོས་འཆམ་བྱུང་ནས་ལོ་འཁོར་སུམ་ཅུ་ལོན་པར་རྗེས་དྲན་ཞུ་བའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་པེ་ཅིན་ནས་ཚོགས་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-12-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བཅུ་གཉིས་པའི་ཚེས་བཞི་ཉིན། འཕེལ་རྒྱས་ཁེ་དབང་བསྒྲགས་གཏམ་ལ་གྲོས་འཆམ་བྱུང་ནས་ལོ་འཁོར་སུམ་ཅུ་ལོན་པར་རྗེས་དྲན་ཞུ་བའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་པེ་ཅིན་ནས་ཚོགས་མགོ་བརྩམས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར་ཏེ། འཕེལ་རྒྱས་ནི་མིའི་རིགས་སྤྱི་ཚོགས་ཀྱི་ཡུན་རིང་བརྗོད་དོན་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་མགོ་ཚུགས་ས་གསར་བ་བྱས་ཏེ། ཧུར་ཐག་སྒོས་འདྲ་མཉམ་དང་སྒོ་འབྱེད། ཁྱོན་ཡོངས། གསར་སྐྲུན་བཅས་ཀྱི་འཕེལ་རྒྱས་བགྲོད་ལམ་དུ་སྐྱོད་ནས་རྒྱལ་ཁབ་སོ་སོ་མཉམ་དུ་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་དགོས་ཞེས་ནན་གྱིས་བསྟན།

ཞི་ཅིན་ཕེན་གྱིས་གསུང་རྒྱུར། ལོ་མང་པོའི་རིང་ལ། ཀྲུང་གོས་མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པར་འགན་སྲུང་བྱེད་པ། མི་ལ་ཡར་སྐུལ་བྱེད་པའི་ཁྱོན་ཡོངས་ཀྱི་འཕེལ་རྒྱས་དེ་འཕེལ་རྒྱས་ཀྱི་གཞི་འཛིན་ས་དང་རྐང་འཛུགས་ས་བྱས་ནས། མི་དམངས་ཀྱི་འཕེལ་རྒྱས་ཁེ་དབང་ལ་འགན་སྲུང་བྱས་པར་མ་ཟད་ཀྲུང་གོའི་ཁྱད་ཆོས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད། ཀྲུང་གོ་ཧུར་ཐག་སྒོས་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་ཁྲོད་དུ་ཞུགས་པ་དང་བཟོད་སྒོམ་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། ཧུར་ཐག་སྒོས་རྒྱལ་ཁབ་སོ་སོ་དང་ལྷག་པར་དུ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་སྤྱོད་འཕེལ་རྒྱས་གྲུབ་འབྲས་ལ་ཆ་རྐྱེན་དང་གོ་སྐབས་བསྐྲུན་ཟེར།

ཞི་ཅིན་ཕེན་གྱིས་བསྟན་དོན། དེང་སྐབས་ཀྲུང་གོ་མི་དམངས་ཀྱིས་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་བཞིན་ཡོད་ལ། ཀྲུང་གོ་མི་དམངས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་ཞིང་ཀྲུང་གོ་མི་དམངས་ཀྱི་ཁེ་ཕན་ལ་སྔར་ལས་འགན་སྲུང་བྱེད་ངེས་ཡིན་པ་དང་། ཀྲུང་གོས་མིའི་རིགས་ཀྱི་འཕེལ་རྒྱས་དང་ཡར་ཐོན་ཐད་ལ་བྱས་རྗེས་ཆེན་པོ་འཇོག་ངེས་ཡིན་ཟེར། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིག་ཆི་པོ་ཡིས་ཚོགས་ཐོག་ཏུ་ཞི་ཅིན་ཕེན་གྱི་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྒྲོག་འདོན་བྱས་པར་མ་ཟད་ཤིས་ཚིག་ཕུལ། ཁོས་བཤད་རྒྱུར། ཀྲུང་གོ་ནི་འཕེལ་རྒྱས་ཁེ་དབང་བསྒྲགས་གཏམ་གྱི་དར་སྤེལ་མཁན་དང་ལག་ལེན་མཁན་ཡིན་ལ། ཀྲུང་གོ་བློ་བརྟན་འགྱུར་མེད་སྒོས་རྒྱལ་ཁབ་རང་གི་གནས་ཚུལ་དང་མཐུན་པའི་ཡང་དག་པའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་ནས་ཀུན་གྱིས་ཡིད་སྨོན་བྱེད་པའི་འཕེལ་རྒྱས་གྲུབ་འབྲས་བླངས་པ་དང་། དེས་ཀྲུང་གོ་མི་དམངས་དུང་ཕྱུར་མང་པོར་བདེ་སྐྱིད་བསྐྲུན་པར་མ་ཟད་འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་ལས་དོན་གོང་འཕེལ་དུ་འགྲོ་བར་བྱས་རྗེས་ཆེན་པོ་བཞག་ཟེར།

ཐེངས་འདིའི་བགྲོ་གླེང་ཚོགས་འདུ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་དང་ཕྱི་འབྲེལ་པུའུ་གཉིས་ཀྱི་མཉམ་དུ་བསྒྲུབས་པ་དང་། རྒྱལ་ཁབ་དང་ས་གནས། རྒྱལ་སྤྱིའི་རྩ་འཛུགས་བཞི་བཅུ་ལྷག་གི་དཔོན་རིགས་དང་ཤེས་ཡོན་ཅན་བརྒྱ་དང་ལྔ་བཅུ་ལྷག་བགྲོ་གླེང་ཚོགས་འདུར་ཞུགས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།