ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས«གནོད་འགོག་གནོད་སེལ་རྒུད་སྐྱོབ་སྒྲིག་གཞི་དང་ལམ་ལུགས་བཅོས་སྒྱུར་བྱེད་པར་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར»དཔར་ནས་བཀྲམ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-01-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས«གནོད་འགོག་གནོད་སེལ་རྒུད་སྐྱོབ་སྒྲིག་གཞི་དང་ལམ་ལུགས་བཅོས་སྒྱུར་བྱེད་པར་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར»དཔར་ནས་བཀྲམ། «བསམ་འཆར»་ལས་བཀོད་དོན། གནོད་འགོག་གནོད་སེལ་དང་རྒུད་སྐྱོབ་བྱ་བ་ནི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་འབྲེལ་བ་ཡོད་པ་དང་། སྤྱི་ཚོགས་འཆམ་མཐུན་དང་བརྟན་འཇགས་ཡོང་བར་འབྲེལ་བ་ཡོད་པར་མ་ཟད། སྲིད་འཛིན་ཏང་གི་མགོ་ཁྲིད་ནུས་པར་ཚད་འཇལ་བྱེད་པ་དང་། སྲིད་གཞུང་གི་སྲིད་འཛིན་ནུས་པར་ཞིབ་བཤེར་ཚད་ལེན་བྱེད་པ། རྒྱལ་ཁབ་ཀྱི་སྐུལ་སློང་ནུས་པར་ཤན་འབྱེད་བྱེད་པ། མི་རིགས་གཅིག་སྒྲིལ་སྟོབས་ཤུགས་ངོམ་པར་བྱེད་པ་བཅས་ཕྱོགས་གལ་ཆེན་ཞིག་ཡིན། ཉེ་བའི་ལོ་འགའི་རིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྟོབས་དང་ལྡན་པའི་མགོ་ཁྲིད་འོག རང་རྒྱལ་གྱིས་གནོད་འགོག་གནོད་སེལ་དང་རྒུད་སྐྱོབ་བྱ་བའི་ཐད་ནས་གྲུབ་འབྲས་གལ་ཆེན་བླངས་ཤིང་། རང་བྱུང་གནོད་འཚེ་ཚབས་ཆེན་ལ་ཁ་གཏད་འཇལ་བའི་ཐད་ལ་ཉམས་མྱོང་རྩ་ཆེན་བསགས་ཏེ། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་གནོད་སེལ་ནུས་པ་མངོན་གསལ་སྒོས་ཇེ་ཆེར་བཏང་ཡོད་མོད། འོན་ཀྱང་རང་རྒྱལ་གྱི་མདུན་དུ་གནས་པའི་རང་བྱུང་གནོད་འཚེའི་གནས་བབ་སྔར་བཞིན་ཛ་དྲག་ཆེ་ཞིང་རྙོག་འཛིང་ལྡན། དེང་སྐབས་གནོད་འགོག་གནོད་སེལ་དང་རྒུད་སྐྱོབ་བྱ་བའི་སྒྲིག་གཞི་དང་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་ལ། གནོད་འཚེའི་ཆ་འཕྲིན་མཉམ་སྤྱོད་དང་གནོད་འགོག་གནོད་སེལ། རྒུད་སྐྱོབ་ཐོན་ཁུངས་གཅིག་གྱུར་སྒོས་འཆར་འགོད་བྱེད་པའི་བྱ་བ་ཞན་ལ། གནོད་འཚེར་གཙིགས་འཛིན་བྱེད་པ་དང་གནོད་སེལ་ལ་མཐོང་ཆུང་བྱེད་པའི་བསམ་བློ་ད་རུང་ཡོངས་ཁྱབ་ཏུ་གནས་ཡོད།

«བསམ་འཆར»ལས་ནན་གྱིས་བསྟན་དོན། མི་དམངས་གཙོ་ཡིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱས་ནས། མི་དང་རང་བྱུང་བར་གྱི་འབྲེལ་བ་ཡང་དག་པའི་སྒོ་ནས་ཐག་གཅོད་བྱེད་པ་དང་། གནོད་འགོག་གནོད་སེལ་རྒུད་སྐྱོབ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བར་གྱི་འབྲེལ་བ་ཡང་དག་པའི་སྒོ་ནས་ཐག་གཅོད་བྱེད་པ། སྔོན་འགོག་གཙོ་བོར་འཛིན་པ་དང་། སྔོན་འགོག་དང་རྒུབ་སྐྱོབ་གཉིས་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ལ། རྒྱུན་ལྡན་གྱི་གནོད་སེལ་དང་རྒྱུན་ལྡན་མིན་པའི་གནོད་སེལ་བྱ་བ་གཉིས་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱས་ནས། གནོད་འཚེའི་རྗེས་ཀྱི་རྒུད་སྐྱོབ་ལ་གཙིགས་འཛིན་བྱེད་པ་ནས་གནོད་འཚེ་མ་ཐེབས་པའི་སྔོན་གྱི་སྔོན་འགོག་བྱ་བར་གཙིགས་འཛིན་བྱེད་པའི་ཕྱོགས་སུ་སྒྱུར་བ་དང་། གནོད་འཚེ་སྣ་གཅིག་ནས་ཕྱོགས་བསྡུས་གནོད་སེལ་བྱེད་པའི་ཕྱོགས་སྒྱུར་བ། གནོད་འཚེའི་གྱོང་གུན་ཇེ་ཉུང་དུ་གཏོང་བ་ནས་གནོད་འཚེའི་ཉེན་ཁ་ཇེ་ཡང་དུ་གཏོང་བའི་ཕྱོགས་སུ་སྒྱུར་བར་ཧུར་ཐག་སྒོས་འབད་བརྩོན་བྱེད་དགོས། འགན་འཁྲི་དངོས་འབེབ་བྱེད་པ་དང་མ་ལག་འཐུས་ཚང་དུ་གཏོང་བ། ཐོན་ཁུངས་ལེགས་སྒྲིག་བྱེད་པ། སྟོབས་ཤུགས་གཅིག་གྱུར་སྒོས་འཆར་འགོད་བྱེད་པ་བཅས་བྱས་ནས། གནོད་འགོག་གནོད་སེལ་དང་རྒུད་སྐྱོབ་བྱ་བ་ཁྲིམས་སྐྱོང་ཅན་དང་ཚད་ལྡན་ཅན། དེང་རབས་ཅན་བཅས་སུ་སྒྱུར་བའི་ཆུ་ཚད་དངོས་སུ་མཐོར་འདེགས་སུ་གཏོང་བ་དང་། སྤྱི་ཚོགས་ཀྱི་རང་བྱུང་གནོད་འཚེ་སྔོན་འགོག་བྱེད་པའི་ཕྱོགས་བསྡུས་ནུས་པ་ཁྱོན་ཡོངས་ནས་ཇེ་ཆེར་གཏོང་དགོས་ཟེར།

«བསམ་འཆར»ལས་ད་རུང་གཅིག་གྱུར་འཆར་འགོད་མཐུན་སྦྱོར་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཁོངས་གཏོགས་ས་ཁུལ་གྱི་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་སྟོབས་ཤུགས་དང་ཚོང་རར་ཞུགས་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཕྱོགས་བསྡུས་གནོད་སེལ་གྱི་ནུས་པ་ཁྱོན་ཡོངས་ནས་མཐོར་འདེགས་སུ་གཏོང་བ། རྩ་འཛུགས་དང་མགོ་ཁྲིད་ལ་ཤུགས་སྣོན་པ་བཅས་ཐད་ལ་བཀོད་སྒྲིག་ཞིབ་མོ་བྱས།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།