ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕེན་དང་ཧྥིན་ལན་གྱི་ཙུང་ཐུང་གཉིས་ཀྱིས་མཉམ་དུ་ཀྲུང་གོ་དང་ཧྥིན་ལན་གྱི་དར་ཤུད་ལུས་རྩལ་པའི་འཐུས་མི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

bingxueyundongjyuan0.jpg

ཟླ་བཞི་བའི་ཚེས་ལྔ་ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་དང་ཧྥིན་ལན་གྱི་ཙུང་ཐུང་ཉི་ཉི་སི་ཐོ་གཉིས་ཀྱིས་ཧི་ཨེར་ཞིན་ཅི་ནས་མཉམ་དུ་སྔོན་ཏག་ཏག་ལ2017ལོའི་དར་ཤུད་འགྲན་སྡུར་ལ་ཞུགས་པའི་ཀྲུང་གོ་དང་ཧྥིན་ལན་རྒྱལ་ཁབ་གཉིས་ཀྱི་དར་ཤུད་ལུས་རྩལ་པའི་འཐུས་མི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཞི་ཅིན་ཕེན་གྱི་ལྕམ་མོ་ཕིན་ལིས་ཡོན་དང་ཉི་ཉི་སི་ཐོ་ཡི་ལྕམ་མོ་ཧའོ་ཅི་ཨོ་གཉིས་མཇལ་འཕྲད་ལ་ཞུགས།

རྒྱལ་ཁབ་གཉིས་ཀྱི་འགོ་གཙོ་ཡིས་ཀྲུང་གོ་དང་ཧྥིན་ལན་རྒྱལ་ཁབ་ཀྱི་དར་ཤུད་ལུས་རྩལ་པའི་འཐུས་མི་དང་མཛའ་བརྩེའི་གླེང་མོལ་བྱས། ཞི་ཅིན་ཕེན་གྱིས་ཧྥིན་ལན་གྱིས2017ལོའི་འཛམ་གླིང་དར་ཤུད་འགྲན་ཚོགས་རྒྱལ་ཁའི་ངང་བསྡུས་པ་དང་། རྒྱལ་ཁབ་གཉིས་ཀྱི་ལུས་རྩལ་པས་གྲུབ་འབྲས་མི་དམན་པ་བླངས་པར་རྟེན་འབྲེལ་ཞུས། ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། ལུས་རྩལ་ཐད་ཀྱི་བརྗེ་རེས་ནི་ཀྲུང་གོ་དང་ཧྥིན་ལན་གཉིས་ཀྱི་གྲོགས་པོའི་འབྲེལ་བར་སྐུལ་འདེད་བྱེད་པའི་ཟམ་པ་ལྟ་བུ་ཡིན་པ་དང་། ཧྥིན་ལན་ནི་དགུན་ཁའི་ལུས་རྩལ་གྱི་མགོ་ཁུངས་ས་ཆའི་གྲས་ཀྱི་གཅིག་ཡིན་ལ། གངས་དར་ལུས་རྩལ་དར་རྒྱས་ཆེ་བའི་རྒྱལ་ཁབ་ཡང་ཡིན་པས། ཕྱོགས་མང་པོའི་ཐད་ནས་ཀྲུང་གོས་སློབ་སྦྱོང་དང་མིག་དཔེར་བྱེད་པའི་རིན་ཐང་ལྡན། ཉེ་བའི་ལོ་འགའི་རིང་ལ། རྒྱལ་ཁབ་གཉིས་ཀྱིས་དགུན་ཁའི་ལུས་རྩལ་གྱི་ཁྱབ་ཁོངས་ནས་མཉམ་ལས་མི་ཉུང་བ་སྤེལ་བ་དང་། ཕྱོགས་གཉིས་ཀྱིས2022ལོར་པེ་ཅིན་ནས་བསྡུ་རྒྱུ་ཡིན་པའི་དགུན་དུས་ཨོ་ལིན་ཕིག་འགྲན་ཚོགས་དེ་གོ་སྐབས་སུ་བརྩིས་ནས། དགུན་དུས་ལུས་རྩལ་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པ་དང་། རང་སོ་སོའི་ལུས་རྩལ་ལས་དོན་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་བདེ་ཐང་ཆུ་ཚད་མཐོར་འདེགས་བྱེད་དགོས་ཟེར།

ཉི་ཉི་སི་ཐོ་ཡིས་བསྟན་དོན། བློ་མཐུན་ཞི་ཅིན་ཕེན་གྱིས་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་དར་ཤུད་ལུས་རྩལ་པའི་འཐུས་མི་ལ་མཇལ་འཕྲད་གནང་བར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། ཧྥིན་ལན་ནི་དགུན་དུས་ལུས་རྩལ་ཁྱབ་གདལ་བྱེད་ཚད་མཐོ་བའི་རྒྱལ་ཁབ་ཡིན་པ་དང། དགུན་དུས་རྣམ་གྲངས་དང་འགྲན་བསྡུར་ལ་གྲ་སྒྲིག་བྱེད་པའི་ཕྱོགས་ནས་ཉམས་མྱོང་བཟང་བོ་མང་པོ་ཡོད། ཧྥིན་ལན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཉམས་མྱོང་མཉམ་སྤྱོད་བྱེད་པ་དང་། དགུན་དུས་ལུས་རྩལ་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ལ། ཀྲུང་གོས2022ལོའི་པེ་ཅིན་གྱི་དགུན་དུས་ཨོ་ལིན་ཕིག་འགྲན་ཚོགས་རྒྱལ་ཁའི་ངང་བསྡུ་བར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།