ཧྭ་ཆའོ་གྲོང་ཚོས་རི་ཆུ་བཟང་པོར་བརྟེན་ནས་དབུལ་སྒྲོལ་ཡོང་བ་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་ལུང་ནན་གྲོང་ཁྱེར་ཁང་རྫོང་ཁྲང་པའེ་གྲོང་རྡལ་ཧྭ་ཆའོ་གྲོང་ཚོ་ནི་ད་ཆ་AAAAརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཞིག་ཡིན་པ་དང་། རི་ཆུ་བཟང་བར་བརྟེན་ཀན་སུའུ་ཞིང་ཆེན་ནང་ཁུལ་དང་། ཉེ་འགྲམ་གྱི་སི་ཁྲོན་དང་ཧྲའན་ཤིས་སོགས་ཀྱི་ཡུལ་སྐོར་བའི་ཡིད་དབང་འཕྲོག་ཡོད། དྭངས་གསལ་དུས་ཚིགས་ཀྱི་ངལ་གསོའི་ཉིན་དང་པོ་དང་གཉིས་པར་ཧྭ་ཆའོ་གྲོང་ཚོར་ཡུལ་སྐོར་བྱེད་པར་ཡོང་མཁན་མི་ཐེངས་3000ལྷག་ཙམ་ཟིན་པ་དེ་གྲོང་ཚོ་དེའི་གྲོང་མིའི་བསྡོམས་འབོར་གྱི་ལྡབ་4ཡིན་པ་རེད།

ལོ་གཉིས་ཀྱི་གོང་དུ་ཧྭ་ཆའོ་གྲོང་ཚོ་དེ་ནུབ་བྱང་ས་ཁུལ་དུ་གོ་རྒྱུ་མེད་པའི་རི་གྲོང་ཆུང་ཆུང་ཞིག་ཡིན། གཞུང་ལམ་འགྲམ་དུ་གནས་པ་དང་གྲོང་ཚོའི་སྣོད་བཅུད་ཡག་པོ་ཡོད་ཀྱང་གྲོང་ཚོ་དེ་རང་དུ་ལས་ཞུགས་བྱེད་དཀའ་བ་མ་ཟད་མི་མང་པོ་ཞིག་ལ་དཔལ་འབྱོར་གྱི་ཡོང་ཁུངས་བརྟན་པོ་མེད་པ་རེད། ན་ནིང་གི་ལོ་མཇུག་ཏུ་ད་དུང་མི་འབོར་དབུལ་པོ་210ཡོད་པ་དང་གྲོང་མི་བཞིའི་ནང་དབུལ་པོ་མི་1ཡོད་པར་བརྟེན་གྲོང་ཚོ་དེར“རི་ཆུ་བཟང་ཡང་དབུལ་སྒྲོལ་དཀའ”བའི་གྲོང་ཚོ་ཞེས་བརྗོད་ཀྱི་ཡོད།

ཧྭ་ཆའོ་གྲོང་ཚོས་ཇི་ལྟར་བྱས་ནས“དབུལ་སྒྲོལ”ཐུབ་པ་བྱས་ཡོད་དམ་ཞེ་ན། ཁོང་ཚོས་སྣོད་བཅུད་འཕེལ་རྒྱས་ལ་བརྟེན་ནས་དབུལ་སྒྲོལ་ཐུབ་བྱས་ཡོད།

གཞེས་ནིང་ལོ་ནས་བཟུང་ཧྭ་ཆའོ་གྲོང་ཚོས་སྣོད་བཅུད་དབུལ་སྒྲོལ་གྱི་ལམ་བུ་འཚོལ་ཞིབ་བྱས་ཤིང་། རི་ཆུ་བཟང་བར་བརྟེན་ནས་ས་གནས་དེ་གའི་སྲིད་གཞུང་གིས་གདོད་མའི་སྣོད་བཅུད་ཅེས་པའི་ཡུལ་སྐོར་སྤྲོ་གསེང་མཛེས་ལྗོངས་ཁུལ་བསྐྲུན་པ་རེད།

ཧྭ་ཆའོ་གྲོང་ཚོས་སྣོད་བཅུད་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་ཐད་གྲོང་ཚོ་དེ་རང་ལ་ལྡན་པའི་མཛེས་ལྗོངས་ལ་བརྟེན་པ་དང་ད་ཆ་ཧྭ་ཆའོ་གྲོང་ཚོར་བསྐྱོད་སྐབས་རྐང་འོག་གི་རྡོ་ལམ་ནི་ཞིང་པའི་རང་འཐག་གིས་བཏིང་པ་ཞིག་ཡིན་པ་དང་། གྲོང་ཚོའི་ནང་གི་ལོ་སྟོང་གི་ལོ་རྒྱུས་ལྡན་པའི་བྱང་ཆུབ་ལྗོན་ཤིང་ལ་བདག་སྐྱོང་ཞིབ་ཚགས་བྱས་ཡོད་པ་དེ་ད་ཆ་ལྟེ་བའི་མཛེས་ལྗོངས་གནས་སུ་གྱུར་ཡོད། གྲོང་ཚོའི་ནང་གི་ཆུ་ཕྲན་ངོགས་གཉིས་ལ་ཉམས་གསོ་བྱས་རྗེས་ད་ཆ་མཛེས་ལྗོངས་ཁུལ་གྱི་ལྟ་ན་སྡུག་པའི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད་པ་རེད།

དེ་གར་ཡོང་མཁན་ཡུལ་སྐོར་བ་ཚོས་མཛེས་ལྗོངས་ལ་ལྟ་ཐུབ་པ་མ་ཟད་ནུབ་བྱང་གི་ཁྱད་ཆོས་ལྡན་པའི་དམངས་སྲོལ་ཡང་མྱོང་རོལ་བྱེད་ཐུབ། ཧྭ་ཆའོ་གྲོང་ཚོས་གྲོང་ཚོའི་ལོ་རྒྱུས་ཁང་བཙུགས་ནས་ལོ་རྒྱུས་ཡུན་རིང་ལྡན་པའི་དངོས་རིགས་རྙིང་པ་ཉར་ཚགས་བྱས་ཤིང་། ཚུའུ་དང་། ཨ་རག སྲན་ཕྱུར་སོགས་གདོད་མའི་སྲོལ་རྒྱུན་གྱི་ལག་རྩལ་ལ་བརྟེན་ནས་ཐོན་སྐྱེད་བྱེད་པར་བརྟེན་མི་མང་པོ་ཞིག་གིས་བྲོ་བ་མྱོང་འདོད་བྱེད་ཀྱི་ཡོད། མཚན་མོ་ཐང་ཆེན་ཐོག་མེ་སྒོང་སྤར་ནས་ཚང་མ་དགའ་དགའ་སྤྲོ་སྤྲོའི་ངང་སྐོར་བྲོ་འཁྲབ་ཀྱི་ཡོད།

ཧྭ་ཆའོ་གྲོང་ཚོའི་རྣམ་པ་མཛེས་པོ་ཡོད་པ་མ་ཟད་དེང་རབས་ཅན་གྱི་འཕྲིན་གཏོང་དཔེར་ན། WIFIསོགས་ཡོད་པའི་ཁར་ད་དུང་རླངས་འཁོར་གྱི་སྒར་ས་་དང་རླངས་འཁོར་ཁང་པའི་སྒར་ས་ཡང་ཡོད་པ་རེད།

ད་ཆ་ཧྭ་ཆའོ་གྲོང་ཚོའི་ཁྱིམ་ཚང་ཚང་མས་འཕེལ་རྒྱས་ལ་གཞོལ་བ་དང་དུད་ཚང་ཚང་མས་ཡུལ་སྐོར་ལས་དོན་གཉེར་གྱི་ཡོད། གྲོང་མི་ལ་ལ་གྲོང་ཚོའི་ཡུལ་སྐོར་ཀུང་སིའི་མ་རྐང་ནང་ཞུགས་ཡོད་པ་དང་ལ་ལ་མགྲོན་ཁང་དང་ཟ་ཁང་བཙུགས་ཡོད། 2016ལོར་ཧྭ་ཆའོ་གྲོང་ཚོའི་དུད་ཚང་48ཡུལ་སྐོར་ལ་བརྟེན་ནས་དབུལ་སྒྲོལ་ཐུབ་པ་བྱུང་ཡོད།

རྩོམ་སྒྲིག་པ། གླིང་སྨྱོན།

དཔྱད་མཆན 0 ཡོད།