ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉིས་སྟོང་བཅུ་དྲུག་ལོ་ནས་ཉིས་སྟོང་ཉེར་ལྔ་ལོའི་དུས་ཡུན་རིང་འབྲིང་གི་ན་གཞོན་འཕེལ་རྒྱས་འཆར་འགོད་ཅེས་པ་དཔར་ནས་བཀྲམ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་སྔོན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས«ཉིས་སྟོང་བཅུ་དྲུག་ལོ་ནས་ཉིས་སྟོང་ཉེར་ལྔ་ལོའི་དུས་ཡུན་རིང་འབྲིང་གི་ན་གཞོན་འཕེལ་རྒྱས་འཆར་འགོད»ཅེས་པ་དཔར་ནས་བཀྲམ། «འཆར་འགོད»དེ་ནི་ཀྲུང་གོ་གསར་བའི་ལོ་རྒྱུས་སྟེང་ན་གཞོན་འཕེལ་རྒྱས་ཀྱི་འཆར་འགོད་ཐོག་མ་ཡིན་ལ། དེས་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ན་གཞོན་རྣམས་ལ་ཐུགས་ཁུར་ཟབ་མོ་གནང་བཞིན་པ་དང་ན་གཞོན་གྱི་བྱ་བར་ཧ་ཅང་མཐོང་ཆེན་གནང་བཞིན་པ་མཚོན། དེ་ནི་རང་རྒྱལ་གྱི་ན་གཞོན་འཕེལ་རྒྱས་ལས་དོན་གྱི་མཐོ་རིམ་ཇུས་འགོད་གལ་ཆེན་ཞིག་རེད། 

«འཆར་འགོད»ལས་ནན་གྱིས་བསྟན་དོན། ན་གཞོན་སྔར་ལས་བཟང་པོར་འཚར་ལོངས་དང་སྔར་ལས་མགྱོགས་མོར་འཕེལ་རྒྱས་འབྱུང་དུ་འཇུག་པ་ནི་རྒྱལ་ཁབ་ཀྱི་རྨང་གཞི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་བཟོ་སྐྲུན་ཡིན། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གོང་འཕེལ་དུ་གཏོང་དགོས་ན། ཐོག་མར་ན་གཞོན་འཕེལ་རྒྱས་འབྱུང་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ན་གཞོན་ལས་འགུལ་གྱི་ཁ་ཕྱོགས་སྔར་ལས་གསལ་བར་བྱས་ཏེ། ན་གཞོན་གྱི་བསམ་བློའི་ཆབ་སྲིད་ཀྱི་ཁྲིད་སྟོན་དང་འཚར་ལོངས་ཀྱི་ཞབས་ཞུ་ལ་ཁྱོན་ཡོངས་ནས་ཤུགས་བསྣན་པ་དང་། ན་གཞོན་གྱི་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་གཏན་འབེབས་ལག་བསྟར་བྱས་ནས། རྒྱ་ཆེའི་ན་གཞོན་ལ་འཚར་ལོངས་ཀྱི་བགྲོད་ལམ་ཡང་དག་བསྟན་པ་དང་། འཚར་ལོངས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན།

«འཆར་འགོད»ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ། ཏང་གིས་ན་གཞོན་ལ་དོ་དམ་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། འཐབ་ཇུས་ཀྱི་མཐོ་ཚད་ནས་ན་གཞོན་འཕེལ་རྒྱས་ཀྱི་ལས་དོན་ལ་གོ་བ་ལེན་པ། ཏང་ཨུས་མགོ་ཁྲིད་ལ་ཤུགས་སྣོན་པ། སྲིད་གཞུང་དང་མང་ཚོགས་རྩ་འཛུགས། སྤྱི་ཚོགས་བཅས་ཕྱོགས་སོ་སོས་མཐུན་སྦྱོར་སྒོས་སྲིད་ཇུས་ལག་བསྟར་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་ན་གཞོན་འཕེལ་རྒྱས་ཀྱི་སྲིད་ཇུས་མ་ལག་དང་བྱ་བའི་རྐྱེན་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། རྒྱ་ཆེའི་ན་གཞོན་དག་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་ལྕི་མོ་ཕྲག་ཏུ་ཁུར་ཐུབ་པའི་སྟོབས་ཤུགས་ཆེན་པོར་འགྱུར་བར་བྱེད་དགོས།

«འཆར་འགོད»ལས་བསམ་བློ་ཀུན་སྤྱོད་དང་སློབ་གསོ། བདེ་ཐང་། གཉེན་སྒྲིག ལས་ཞུགས་ལས་སྐྲུན། རིག་གནས། སྤྱི་ཚོགས་སིམ་འདྲེས་དང་སྤྱི་ཚོགས་ཟབ་ཞུགས། ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ། ཁྲིམས་འགལ་ནག་ཉེས་སྔོན་འགོག སྤྱི་ཚོགས་འགན་སྲུང་བཅས་ཁྱབ་ཁོངས་བཅུ་ནས་འཕེལ་རྒྱས་ཀྱི་དམིགས་འབེན་ཞིབ་ཅིང་ཕྲ་བ་བཏོན་ནས། ཁྱབ་ཁོངས་སོ་སོའི་ན་གཞོན་གྱི་འཕེལ་རྒྱས་ཐད་འཕྲད་པའི་འབུར་ཐོན་གནད་དོན་ལ་དམིགས་ནས་འཕེལ་རྒྱས་ཀྱི་བྱེད་ཐབས་བཏོན་ཡོད། དེ་དང་མཉམ་དུ་ན་གཞོན་མར་ཁེ་སི་རིང་ལུགས་པའི་གསོ་སྐྱོང་བཟོ་སྐྲུན་དང་། ན་གཞོན་གྱི་སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་ལྟ་བའི་གསོ་སྐྱོང་བཟོ་སྐྲུན། ན་གཞོན་ཀྱི་ལུས་ཁམས་བདེ་ཐང་མཐོར་འདེགས་བཟོ་སྐྲུན། ན་གཞོན་གྱི་ལས་ཞུགས་ལས་སྦྱོང་འཆར་གཞི། ན་གཞོན་གྱི་རིག་གནས་ཉིང་བཅུད་བཟོ་སྐྲུན། ན་གཞོན་གྱི་དྲ་བའི་ཤེས་རིག་འཕེལ་རྒྱས་བཟོ་སྐྲུན། ཀྲུང་གོ་ན་གཞོན་དང་བླངས་པའི་འགུལ་སྐྱོད། ན་གཞོན་མི་རིགས་མཐུན་སྒྲིལ་ཡར་ཐོན་ཡར་སྐུལ་བཟོ་སྐྲུན། ཞང་ཀང་དང་ཨོ་མིན། ཐེ་ཝན་བཅས་ཀྱི་ན་གཞོན་ལོ་ཆུང་གི་བརྗེ་རེས་བཟོ་སྐྲུན། ན་གཞོན་ལོ་ཆུང་ལས་དོན་གྱི་སྤྱི་ཚོགས་བྱ་བའི་ཆེད་ལས་ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྲུན་བཟོ་སྐྲུན་བཅས་བཟོ་སྐྲུན་གཙོ་བོ་བཅུ་བཏོན་ཡོད།

«འཆར་འགོད»ལས་ནན་གྱིས་བསྟན་དོན། འཆར་འགོད་ལག་བསྟར་བྱ་བའི་རྩ་འཛུགས་དང་མགོ་ཁྲིད་ལ་ཤུགས་བསྣན་ནས། འཆར་འགོད་དངོས་འབེབས་བྱེད་པའི་པུའུ་བར་གྱི་མཉམ་འབྲེལ་གྲོས་ཚོགས་རྐྱེན་སྲོལ་འཛུགས་དགོས་པ་དང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ན་གཞོན་བྱ་བར་ཧ་ཅང་མཐོང་ཆེན་དང་། ན་གཞོན་ལས་དོན་གྱི་གོང་འཕེལ་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་ཏེ་བྱ་བའི་མཉམ་ཤུགས་གྲུབ་པར་བྱེད་དགོས། ན་གཞོན་འཕེལ་རྒྱས་ཀྱི་འཆར་འགོད་མ་ལག་འཐུས་ཚང་དུ་འཛུགས་དགོས་ཏེ། ས་ཁུལ་སོ་སོས་དོན་དངོས་གཞིར་བཟུང་སྟེ་རང་ས་ཁུལ་གྱི་ན་གཞོན་འཕེལ་རྒྱས་འཆར་འགོད་སྒྲིག་དགོས། གུང་གཞོན་ཚོགས་པས་ན་གཞོན་གྱི་འཕེལ་རྒྱས་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ཏེ། ན་གཞོན་གྱི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་སྒར་སའི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ན་གཞོན་འཕེལ་རྒྱས་ཀྱི་གྲོན་དངུལ་གཏོང་བར་འགན་སྲུང་བྱེད་པ། འཆར་འགོད་ལག་བསྟར་གྱི་སྤྱི་ཚོགས་ཁོར་ཡུག་བཟང་པོ་སྐྲུན་པ་བཅས་བྱེད་དགོས་པ་མ་ཟད། འཆར་འགོད་ལག་བསྟར་གནས་ཚུལ་གྱི་ལྟ་ཞིབ་ཚད་མཇལ་དཔྱད་འཇོག་རྐྱེན་སྲོལ་འཛུགས་དགོས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།