ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཞི་བའི་ཚེས་བཅུ་དགུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། དཔྱ་ཁྲལ་ཇེ་ཉུང་དུ་གཏོང་བའི་བྱེད་ཐབས་གཏན་ལ་ཕབ་སྟེ་རྒྱུན་མཐུད་སྒོས་དངོས་གཟུགས་དཔལ་འབྱོར་གྱི་མ་རྩ་ཇེ་དམའ་རུ་བཏང་ནས་རྗེས་ཤུགས་ཇེ་ཆེར་གཏོང་རྒྱུ་ཐག་བཅད་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྤྱི་ཐུན་དཔེ་མཛོད་ཁང་གི་བཅའ་ཁྲིམས་འཆར་ཟིན་ལ་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་བསྟན་དོན། སྲིད་གཞུང་བྱ་བའི་སྙན་ཞུའི་བཀོད་སྒྲིག་ལྟར། དཔྱ་ཁྲལ་ལམ་ལུགས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་དཔྱ་ཁྲལ་ཇེ་ཉུང་དུ་གཏོང་བའི་ཤུགས་ཚད་ཇེ་ཆེར་བཏང་སྟེ་ཚོང་རའི་གཙོ་གཞིའི་ཁུར་བོ་ཇེ་ཡང་དུ་གཏོང་བ་ནི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། དེ་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པ་དང་ཁེ་ལས་ཀྱི་གསོན་ཤུགས་དང་གསར་སྐྲུན་སྒུལ་ཤུགས་ཇེ་ཆེར་གཏོང་བ། དཔལ་འབྱོར་འཕེལ་ཕྱོགས་ཀྱི་རྣམ་པ་བཟང་བོ་སྲ་བརྟན་དུ་གཏོང་བ་དང་སྒྲིག་གཞིའི་རིམ་འཕར་ལ་སྐུལ་འདེད་གཏོང་བར་ཕན་པ་ཡོད་ཟེར།

ཚོགས་ཐོག་ནས་བསྟན་དོན། སྤྱི་ཐུན་དཔེ་མཛོད་ཁང་གི་ལས་དོན་འཕེལ་རྒྱས་སུ་གཏོང་བ་ནི་སྤྱི་ཐུན་རིག་གནས་ཞབས་ཕྱིའི་མ་ལག་འཐུས་ཚང་དུ་གཏོང་བའི་ནང་དོན་གཙོ་བོ་ཡིན་པས། དམངས་ཡོངས་ཀྱི་དཔེ་ཀློག་ནུས་པ་ཇེ་ཆེར་གཏོང་ཐུབ་པ་དང་། སྤྱི་ཚོགས་ཡོངས་ཀྱི་ཚན་རིག་རིག་གནས་བྱང་ཚད་ཇེ་མཐོར་གཏོང་ཐུབ་ལ། ཀྲུང་ཧྭའི་སྲོལ་རྒྱུན་ཕུལ་བྱུང་རིག་གནས་སོགས་མིའི་རིགས་ཀྱི་དཔལ་ཡོན་གྲུབ་འབྲས་རྒྱུན་འཛིན་བྱེད་ཐུབ་ཟེར། ཚོགས་ཐོག་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྤྱི་ཐུན་དཔེ་མཛོད་ཁང་གི་བཅའ་ཁྲིམས་འཆར་ཟིན་ལ་གྲོས་འཆམ་བྱུང་བ་དང་དེ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱེད་པར་སྤྲོད་རྒྱུ་ཐག་བཅད།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།