ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སུ་འཛམ་གླིང་དཔེ་ཀློག་ཉིན་མོ་ཨང་ཉེར་གཉིས་པ་བསུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཞི་བའི་ཚེས་ཉེར་གསུམ་ཉིན་ནི་འཛམ་གླིང་གི་དཔེ་ཀློག་ཉིན་མོ་ཨང་ཉེར་གཉིས་པ་ཡིན་པ་དང་། རྒྱལ་ཡོངས་ཀྱི་ས་ཁུལ་སོ་སོ་ནས་དཔེ་ཀློག་བྱ་འགུལ་སྣ་ཚོགས་བསྒྲུབས་ནས། དམངས་ཡོངས་ཀྱིས་དཔེ་ཀློག་བྱེད་པའི་སྤྱི་ཚོགས་དཔེ་ཆ་བའི་སྣང་ཚུལ་མཉམ་སྐྲུན་བྱས།

ཟླ་བཞི་བའི་ཚེས་ཉེར་གསུམ་ཉིན་གྱི་ཕྱི་དྲོར། ཀྲང་ཅ་ཀང་གྲོང་ཁྱེར་གྱི་བྱིས་སྒྲུང་དུས་ཆེན་སྐབས་དང་པོ་བསྒྲུབས་ནས་ཀྲང་ཅ་ཀང་གྲོང་ཁྱེར་གྱི་དམངས་ཡོངས་ཀྱི་དཔེ་ཀློག་ཟླ་བའི་སྒོ་འཕར་དངོས་སུ་ཕྱེ་ཞིང་དཔེ་ཀློག་བརྗོད་གཞི་ཡིན་པའི་བྱ་འགུལ་ཉིས་བརྒྱ་དང་སུམ་ཅུ་སྤེལ་ནས་དཔེ་ཆ་བའི་གྲོང་ཁྱེར་གསར་སྐྲུན་བྱས། ཀྲང་ཅ་ཀང་གྲོང་ཁྱེར་དུ་དེ་ལྟ་བུའི་དཔེ་མཛོད་ཁང་གི་ས་ཚིགས་སོ་གཉིས་ལྷག་བཙུགས་ཡོད་པ་དང་ལོ་རེར་ཀློག་པ་པོ་འབུམ་དགུ་དང་ཁྲི་གཉིས་སྣེ་ལེན་བྱེད་བཞིན་ཡོད། ཀྲང་ཅ་ཀང་གིས་དཔེ་ཆ་བའི་གྲོང་ཁྱེར་འཛུགས་སྐྲུན་ལ་ཡར་སྐུལ་བཏང་ནས། རྒྱལ་ཡོངས་ཀྱི་ཆེས་ཐོག་མའི་གྲོང་ཁྱེར་དང་གྲོང་གསེབ་གྱི་དཔེ་ཆ་བའི་གྲོང་ཁྱེར་འཛུགས་སྐྲུན་གྱི་དམིགས་ཚད་དཔྱད་འཇོག་མ་ལག་གྲུབ་པར་བྱས་ཏེ། དམངས་ཡོངས་ཀྱི་དཔེ་ཀློག་བྱ་འགུལ་སྒྲིག་སྲོལ་ཅན་དང་ཚན་རིག་རང་བཞིན་གྱི་འཕེལ་རྒྱས་ཕྱོགས་སུ་ཁྲིད་སྟོན་བྱས་པ་རེད།

2012ལོའི་ཚུན་ལ། ཀྲང་ཅ་ཀང་གིས་དཔེ་ཀློག་ཁྱབ་གདལ་གྱི་ཕྱོགས་སུ་སྒོར་བྱེ་བ་བཞི་དང་ས་ཡ་གཅིག་བཏང་བ་དང་། ཉིས་སྟོང་བཅུ་དྲུག་ལོའི་ལོ་མཇུག་ཏུ། གྲོང་ཁྱེར་དང་གྲོང་རྡལ། སྡེ་བ་བཅས་ཀྱི་དཔེ་མཛོད་ཁང་དུ་བསྡོམས་པས་ཀློག་པ་པོ་ས་ཡ་བཞི་དང་འབུམ་བརྒྱད་ཁྲི་གཉིས་སྣེ་ལེན་བྱས་པ་དང་དེ་སྤྱི་ལོ་ཉིས་སྟོང་བཅུ་གཉིས་ལོ་དང་བསྡུར་ན་བརྒྱ་ཆའི་དོན་གཉིས་ལྷག་འཕར་ཡོད།

པེ་ཅིན་གྱི་དཔེ་ཀློག་དུས་ཚིགས་ཟླ་བཞི་བའི་ཚེས་ཉེར་གསུམ་ཉིན་སྤེལ་ཏེ། གྲོང་ཁྱེར་སྡོད་དམངས་ཡོངས་ལ“ པེ་ཅིན་ཀློག་པ་དང་པེ་ཅིན་ལ་གནས་སྐོར་བྱེད་པ། པེ་ཅིན་ཁྲིད་པ། པེ་ཅིན་ལ་དགའ་བ”བཅས་ཀྱི་ཕྱོགས་སུ་ཡར་སྐུལ་བྱས། དཔེ་དེབ་དྲུད་ཡོད་པའི་སྐོར་བསྐྱོད་རླངས་འཁོར་ལྔ་སྔ་རྗེས་སུ་སྡོད་ཁུལ་དང་སྲང་ལམ་དུ་བསྐྱོད་པ་དང་། རླངས་འཁོར་རེ་རེའི་སྟེང་དུ་དཔེ་དེབ་སྟོང་གཉིས་ལྷག་ཡོད་པ་དང་གྲོང་ཁྱེར་སྡོད་དམངས་ཡོངས་ལ་རིན་མེད་དཔེ་ཀློག་བྱེད་དུ་བཅུག་པར་མ་ཟད། ཀྲུང་གོའི་པར་སྐྲུན་མཐུན་ཚོགས་ཀྱིས་གྲོང་ཁྱེར་སྡོད་དམངས་ལ་ཕུལ་དུ་བྱུང་བའི་དཔེ་དེབ་སྣ་ཁ་སུམ་བརྒྱ་མཚམས་སྦྱོར་བྱས་པ་རེད།
ཨང་ཀིའི་དཔེ་ཀློག་རིམ་གྱིས་ན་གཞོན་དག་གི་དཔེ་ཀློག་བྱེད་སྟངས་ཤིག་ཏུ་གྱུར་ཡོད་པ་དང་། “ རིན་མེད་ཨང་ཀིའི་དཔེ་ཀློག་སློབ་གླིང་དུ་བསྐྱོད་པ”ཞེས་པའི་བྱ་འགུལ་རྒྱལ་ཡོངས་ཀྱི་སློབ་ཆེན་ཁག་ཏུ་སྤེལ་བས། སློབ་མ་ཚོས་དཔེ་ཀློག་འཕྲུལ་ཆས་བརྒྱུད་ནས་རིན་པ་སྤྲོད་མི་དགོས་པར་ཨང་ཀིའི་དཔེ་དེབ་གཡར་ཀློག་བྱས་ཆོག་པར་གྱུར་བ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།