ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གིས་ཏང་ནང་ཁུལ་དང་རྒྱལ་ཁབ། དམག་དཔུང་བཅས་ཀྱི་བྱས་རྗེས་མཚན་སྙན་ལ་གཟེངས་བསྟོད་བྱེད་པའི་སྲོལ་ཡིག་ལག་བསྟར་བྱེད་པར་ཆོག་མཆོན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-07-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་གིས«དམག་དཔུང་གི་བྱས་རྗེས་མཚན་སྙན་གཟེངས་བསྟོད་སྲོལ་ཡིག»དང«སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་སྟེར་བའི་བྱེད་ཐབས»། «བདུན་གཅིག་བྱས་རྗེས་གཟེངས་རྟགས་གནང་བའི་བྱེད་ཐབས»། «བརྒྱད་གཅིག་བྱས་རྗེས་གཟེངས་རྟགས་གནང་བའི་བྱེད་ཐབས»། «མཛའ་བརྩེའི་བྱས་རྗེས་གཟེངས་རྟགས་གནང་བའི་བྱེད་ཐབས»བཅས་ལག་བསྟར་བྱེད་ཆོག་པའི་ཆོག་མཆན་བཀོད། རང་རྒྱལ་གྱིས་ཏང་ནང་ཁུལ་དང་རྒྱལ་ཁབ། དམག་དཔུང་གི་བྱས་རྗེས་གཟེངས་རྟགས་རྩིས་ཐོ་དང་། གཟེངས་རྟགས་ལྔ་དང་རྩིས་ཐོ་གཅིག་གཙོར་བྱས་པའི་གཅིག་གྱུར་དང་ཚད་ལྡན། དབང་ཟིལ་བཅས་ཀྱི་བྱས་རྗེས་མཚན་སྙན་གཟེངས་བསྟོད་ལམ་ལུགས་མ་ལག་བཙུགས།

བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བྱས་རྗེས་མཚན་སྙན་ལ་གཟེངས་བསྟོད་བྱེད་པའི་བྱ་བར་ཧ་ཅང་མཐོང་ཆེན་བྱས་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་མང་པོར་ཏང་དང་རྒྱལ་ཁབ་ཀྱི་བྱས་རྗེས་མཚན་སྙན་ལ་གཟེངས་བསྟོད་བྱེད་པའི་བྱ་བའི་ཐད་ནས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས། ཏང་དང་རྒྱལ་ཁབ་ཀྱི་བྱས་རྗེས་མཚན་སྙན་ལ་གཟེངས་བསྟོད་བྱེད་པའི་དགོངས་དོན་ཀྱི་སྣེ་ཁྲིད་དང་དཔེ་མཚོན་དཔེ་སྟོན་ནུས་པ་འདོན་སྤེལ་་གང་ལེགས་བྱས་ཏེ། སྤྱི་ཚོགས་ཡོངས་སུ་འཇོན་ཐང་ཅན་ལ་སློབ་སྦྱོང་བྱེད་པ་དང་། དཔའ་བོར་ཡི་རངས་བྱེད་པ། སྔོན་བསྐྱོད་པ་བྱེད་པར་བརྩོན་ལེན་བྱེད་པའི་སྣང་ཚུལ་བཟང་བོ་གྲུབ་པར་བྱེད་དགོས་པའི་རེ་བ་བཏོན།

དེར་བརྟེན། ཏང་ཀྲུང་དབྱང་གིས་མཛུབ་སྟོན་རང་བཞིན་གྱི་ཡིག་ཆ་གཅིག་གཏན་འབེབས་བྱེད་པ་དང་། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་གཅིག་གཏན་འབེབས་བྱེད་པ། འབྲེལ་ཡོད་ཕྱོགས་ཀྱིས་ཏང་ནང་ཁུལ་དང་རྒྱལ་ཁབ། དམག་དཔུང་གསུམ་གྱི་བྱས་རྗེས་མཚན་སྙན་ལ་གཟེངས་བསྟོད་བྱེད་པའི་སྲོལ་ཡིག་གཏན་འབེབས་བྱེད་པའི་ཏང་དང་རྒྱལ་ཁབ་ཀྱི་བྱས་རྗེས་མཚན་སྙན་ལ་གཟེངས་བསྟོད་བྱེད་པའི་ལམ་ལུགས་མ་ལག་འཛུགས་རྒྱུའི་ཐག་བཅད། 2015ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་ལྔ་ཉིན། ཀྲུང་གུང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁང་ཀྱི་བྱས་རྗེས་མཚན་སྙན་ལ་གཟེངས་བསྟོད་བྱེད་པའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བའི་སྐོར་གྱི་གྲོས་གཞི་པར་སྐྲུན་འགྲེམ་སྤེལ་བྱས་པ་དང་། 2015ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་བདུན་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅོ་བརྒྱད་པའི་སྟེང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་བྱས་རྗེས་མཚན་སྙན་གནང་བའི་བཅའ་ཁྲིམས་ལ་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་། 2016ལོའི་ཟླ་བཞི་བར། ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱས་རྗེས་མཚན་སྙན་ལ་གཟེངས་བསྟོད་བྱེད་པའི་བྱ་བའི་ཨུ་ཡོན་ལྷན་ཁང་བཙུགས་ནས། ཏང་དང་རྒྱལ་ཁབ་ཀྱི་བྱས་རྗེས་མཚན་སྙན་གཟེངས་བསྟོད་བྱ་བར་གཅིག་གྱུར་མཐུན་སྦྱོར་བྱེད་པའི་འགན་ཁུར་རྒྱུའི་ཐག་བཅད། ཨུ་ཡོན་ལྷན་ཁང་བཙུགས་རྗེས། སྤྱི་ཁོག་གི་འཆར་འགོད་ལ་ཤུགས་བསྣན་པ་དང་། གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་བྱ་བ་སྤེལ་ལ། ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་དང་ས་གནས་དང་སྡེ་ཁག ཆེད་མཁས་པའི་བཞུགས་མོལ་ཚོགས་འདུ་ཐེངས་མང་པོ་བསྡུས་པ་དང་། ཞིབ་འཇུག་དང་རྩོད་སྒྲུབ་གཏིང་ཟབ་བྱས་ལ། བསམ་འཆར་རྒྱ་ཆེར་བསྡུ་ལེན་བྱས་ནས། ཏང་ནང་ཁུལ་དང་རྒྱལ་ཁབ། དམག་དཔུང་གསུམ་གྱི་བྱས་རྗེས་མཚན་སྙན་ལ་གཟེངས་བསྟོད་བྱེད་པའི་སྲོལ་ཡིག་གི་འཆར་ཟིན་གཏན་འབེབས་བྱས།

གསར་དུ་གཏན་ཁེལ་བྱས་པའི་ཏང་དང་རྒྱལ་ཁབ་ཀྱི་བྱས་རྗེས་མཚན་སྙན་ལ་གཟེངས་བསྟོད་བྱེད་པའི་ལམ་ལུགས་མ་ལག་ཁྲོད། སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དེ་ཏང་དང་རྒྱལ་ཁབ། མི་དམངས་ཀྱི་ལས་དོན་ཐད་བྱས་རྗེས་བླ་མེད་དང་བྱས་རྗེས་གཟེངས་སུ་ཐོན་པ་བཞག་པའི་ཕུལ་བྱུང་མི་སྣར་གནང་བ་དང་། དེ་ནི་རྩ་ཁྲིམས་བཅའ་ཁྲིམས་གཞིར་བཟུང་ནས་གཏན་ཁེལ་བྱས་པ་ཡིན་ལ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཏན་ཁེལ་བྱས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞིས་དཔང་ཡིག་ལ་ཆོག་མཆན་བཀོད་དེ་གནང་བའི་རྒྱལ་ཁབ་ཀྱི་གཟེངས་རྟགས་ཡིན་ལ། དེ་ནི་རྒྱལ་ཁབ་ཀྱི་ཆེས་མཐོའི་མཚན་སྙན་རེད། བདུན་གཅིག་གཟེངས་རྟགས་དེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལས་དོན་དང་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་བའི་ཁྲོད་ཕུལ་བྱུང་བྱས་རྗེས་བཞག་པའི་ཏང་ཡོན་སྟེར་བ་དང་། དེ་ནི་ཀྲུང་གུང་ཀྲུང་དབྱང་གིས་ཐག་བཅད་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཡིས་ཆོག་དཔང་ཡིག་ལ་མཆན་བཀོད་དེ་གནང་བའི་ཏང་ནང་ཁུལ་གྱི་ཆེས་མཐོའི་མཚན་སྙན་ཡིན། བརྒྱད་གཅིག་གཟེངས་རྟགས་དེ་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ་དང་། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྲུན་ཁྲོད་བྱས་རྗེས་གཟེངས་སུ་ཐོན་པ་བཞག་པའི་དམག་དཔུང་གི་མི་སྣར་སྟེར་བ་དང་། དེ་ནི་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་གཏན་ཁེལ་བྱས་ཤིང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིས་དཔང་ཡིག་ལ་ཆོག་མཆན་བཀོད་དེ་གནང་བའི་དམག་དཔུང་གི་ཆེས་མཐོའི་མཚན་སྙན་ཡིན། མཛའ་བརྩེའི་གཟེངས་རྟགས་དེ་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་དང་ཀྲུང་ཕྱི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་བྱེད་པ། འཛམ་གླིང་ཞི་བདེ་ལ་སྲུང་སྐྱོབ་བྱེད་པའི་ཁྲོད་བྱས་རྗེས་བླ་མེད་བཞག་པའི་ཕྱི་རྒྱལ་གྱི་མི་ལ་སྟེར་བ་དང་། དེ་ཡང་རྩ་ཁྲིམས་བཅའ་ཁྲིམས་གཞིར་བཟུང་ནས་གཏན་ཁེལ་བྱས་པ་ཡིན་ལ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཐག་བཅད་ཅིང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཡིས་དཔང་ཡིག་ལ་ཆོག་མཆན་བཀོད་དེ་གནང་བའི་རྒྱལ་ཁབ་ཀྱི་གཟེངས་རྟགས་ཡིན། རྒྱལ་ཁབ་ཀྱི་མཚན་སྙན་དེ་དཔལ་འབྱོར་དང་སྤྱི་ཚོགས། རྒྱལ་སྲུང་། ཕྱི་འབྲེལ། སློབ་གསོ། ཚན་རྩལ། རིག་གནས། འཕྲོད་བསྟེན། ལུས་རྩལ་སོགས་ཁྱབ་ཁོངས་སོ་སོ་དང་ལས་རིགས་སོ་སོའི་ཁྲོད་བྱས་རྗེས་གལ་ཆེན་བཞག་པ་དང་མིང་གྲགས་ཆེ་བའི་ཕུལ་བྱུང་མི་སྣར་གནང་བ་ཡིན། གོང་གི་བྱས་རྗེས་མཚན་སྙན་ཐོབ་མཁན་དང་ཁོ་ཚོའི་བྱས་རྗེས་ཐོ་འགོད་བྱེད་ཆེད། ད་དུང་ཆེད་དུ་ཏང་དང་རྒྱལ་ཁབ། དམག་དཔུང་གི་བྱས་རྗེས་ཟིན་ཐོ་ལས།

གཟེངས་རྟགས་དང་རྒྱལ་ཁབ་ཀྱི་མཚན་སྙན་ཐད་ནས་སྤྱིར་བཏང་དུ་འདེམ་བསྐོ་བརྒྱུད་དེ་གནང་བའི་རྣམ་པ་སྤྱོད་པ་དང་། དམིགས་བསལ་གྱི་གནས་ཚུལ་འོག་ཏུ། དམིགས་བསལ་གྱི་ལོ་རྒྱུས་དུས་སྐབས་ཀྱི་ལས་འགན་དང་ཁྱད་ཆོས་ལྟར་གཞི་རྩའི་ཆ་རྐྱེན་གཏན་ཁེལ་བྱས་ནས། གཞི་རྩའི་ཆ་རྐྱེན་དང་མཐུན་པའི་མི་ཡོངས་ལ་གཟེངས་རྟགས་དང་མཚན་སྙན་གནང་ཡང་ཆོག གཟེངས་རྟགས་དང་རྒྱལ་ཁབ་ཀྱི་མཚན་སྙན་དེ་སྤྱིར་བཏང་དུ་དུས་བཀག་ལྟར་གནང་བ་ཡིན་མོད། དམིགས་བསལ་གྱི་གནས་ཚུལ་ལ་འཕྲད་དུས་དུས་བསྟུན་དུ་བྱིན་ཆོག རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཡིས་རྒྱལ་དོན་བྱ་འགུལ་སྤེལ་ནས། ཐད་ཀར་ཕྱི་རྒྱལ་གྱི་ཆབ་སྲིད་མི་སྣ་གཙོ་བོ་དང་རྒྱལ་སྤྱིའི་གྲོགས་པོ་སོགས་མི་སྣར་མཛའ་བརྩེའི་གཟེངས་རྟགས་གནང་ཆོག

རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་བཙུགས་ནས་ལོ་དགུ་བཅུ་ལོན་པའི་སྔ་ནུབ་ཏུ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་མཛད་སྒོ་བསྡུས་ནས་འབྲེལ་ཡོད་མི་སྣར་གསར་དུ་བཙུགས་པའི་བརྒྱད་གཅིག་གཟེངས་རྟགས་གནང་རྒྱུ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།