ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་རྒྱལ་ཁབ་གཞི་གྲངས་ཆེན་པོའི་འཐབ་ཇུས་ལག་བསྟར་བྱེད་པའི་ཐད་ནས་ཐུན་མོང་གི་སློབ་སྦྱོང་ཐེངས་གཉིས་པ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-12-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཉིན་གྱི་ཕྱི་དྲོར་རྒྱལ་ཁབ་གཞི་གྲངས་ཆེན་པོའི་འཐབ་ཇུས་ལག་བསྟར་བྱེད་པའི་ཐད་ནས་ཐུན་མོང་གི་སློབ་སྦྱོང་ཐེངས་གཉིས་པ་སྤེལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་ལ་འགོ་འཛིན་མཛད་སྐབས་ནན་གྱིས་གསུངས་རྒྱུར། གཞི་གྲངས་ཆེན་པོ་ཉིན་རེ་བཞིན་གོང་འཕེལ་དུ་འགྲོ་བཞིན་པས། ང་ཚོས་གནས་བབ་དང་བསྟུན་ནས། ཇུས་འགོད་བཟང་བོ་བྱེད་པ་དང་། སྔོན་ལ་བཀོད་སྒྲིག་བྱེད་པ། ཧུར་ཐག་སྒོས་རང་འགུལ་བྱེད་པ་བཅས་བྱས་ཏེ། གཞི་གྲངས་ཆེན་པོ་འཕེལ་རྒྱས་ཀྱི་གནས་བབ་དང་ཁ་ཕྱོགས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཀྱི་ཤུགས་རྐྱེན་བཅས་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་། རང་རྒྱལ་གྱི་གཞི་གྲངས་ཆེན་པོ་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་དང་གནས་པའི་གནད་དོན་ལ་དབྱེ་ཞིབ་བྱས་ནས། རྒྱལ་ཁབ་གཞི་གྲངས་ཆེན་པོའི་འཐབ་ཇུས་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་དང་། གཞི་གྲངས་རྨང་གཞིའི་སྒྲིག་ཆས་མྱུར་དུ་འཐུས་ཚང་དུ་གཏོང་བ། གཞི་གྲངས་ཐོན་ཁུངས་ལེགས་སྒྲིག་དང་སྒོ་འབྱེད་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ། གཞི་གྲངས་བདེ་འཇགས་ལ་ཁག་ཐེག་བྱེད་པ། གཞི་གྲངས་ཀྲུང་གོ་མྱུར་དུ་འཛུགས་སྐྲུན་བྱས་ནས། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བ་དང་མི་དམངས་ཀྱི་འཚོ་བ་ལེགས་བཅོས་བྱེད་པར་ཞབས་ཕྱི་སྔར་ལས་བཟང་བོ་སྒྲུབ་དགོས་ཟེར།

པེ་ཅིན་རང་བྱུང་བཟོ་སྐྲུན་རིག་པའི་སློབ་གྲྭ་ཆེན་མོའི་སློབ་གཙོ་གཞོན་པ། ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི་མེས་ཧུང་གིས་གནད་དོན་དེའི་ཐད་ནས་འགྲེལ་བཤད་བྱས་པར་མ་ཟད། བསམ་འཆར་དང་གྲོས་གཞི་བཏོན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་རྣམ་པས་འགྲེལ་བཤད་ལ་ཞིབ་ཏུ་ཉན་པར་མ་ཟད་དེར་གྲོས་བསྡུར་བྱས།

ཞི་ཅིན་ཕིང་གིས་སློབ་སྦྱོང་ལ་འགོ་འཛིན་མཛད་སྐབས་གསུང་བཤད་གནང་། ཁོང་གིས་གསུངས་རྒྱུར། གཞི་གྲངས་ཆེན་པོ་ནི་ཆ་འཕྲིན་ཅན་འཕེལ་རྒྱས་ཀྱི་དུས་རིམ་གསར་བ་ཡིན། ཆ་འཕྲིན་ལག་རྩལ་དེ་མིའི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བར་འབྲེལ་མཐུད་མཉམ་བསྲེས་བྱེད་པ་དང་། མཉམ་འབྲེལ་དྲ་རྒྱ་མྱུར་དུ་ཁྱབ་གདལ་དུ་གཏོང་བ་། སའི་གོ་ལའི་གཞི་གྲངས་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་འགྲོ་བ་བཅས་ཀྱི་ཁྱད་ཆོས་དང་བསྟུན་ནས། དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བཅོས་སྐྱོང་། རྒྱལ་ཁབ་དོ་དམ། མི་དམངས་ཀྱི་འཚོ་བ་བཅས་ཐད་ལ་ཤུགས་རྐྱེན་གལ་ཆེན་ཐེབས། འཛམ་གླིང་གི་རྒྱལ་ཁབ་སོ་སོས་དཔལ་འབྱོར་གཞི་གྲངས་ཅན་དུ་སྒྱུར་བར་སྐུལ་འདེད་གཏོང་བ་དེ་གསར་གཏོད་འཕེལ་རྒྱས་མངོན་འགྱུར་བྱེད་པའི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་བརྩིས་ནས། མདུན་གྲས་ལག་རྩལ་ལ་ཞིབ་འཇུག་གསར་སྤེལ་བྱེད་པ་དང་། གཞི་གྲངས་སྒོ་འབྱེད་མཉམ་སྤྱོད་བྱེད་པ། བདེ་འཇགས་སྲུང་སྐྱོབ་བྱེད་པ། ཤེས་ལྡན་མི་སྣ་སྐྱེད་སྲིད་བྱེད་པ་བཅས་ཐད་ནས་སྔོན་མཐོང་རང་བཞིན་གྱི་བཀོད་སྒྲིག་བྱས་ཡོད་ཟེར།

ཞི་ཅིན་ཕིང་གིས་གསུངས་རྒྱུར། གཞི་གྲངས་རྒྱུ་རྐྱེན་གཙོ་ཡིན་པའི་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་དགོས། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པ་དེ་གཞི་གྲངས་ཆེན་པོ་འཕེལ་རྒྱས་དང་བཀོལ་སྤྱོད་བྱེད་པ་དང་ཁ་འབྲལ་ཐབས་མེད་པས། ང་ཚོས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཙོ་བོ་ཡིན་པ་རྒྱུན་འཁྱོངས་བྱས་ནས། གཞི་གྲངས་དཔལ་འབྱོར་མྱུར་དུ་འཕེལ་རྒྱས་སུ་གཏོང་བ་དང་། དངོས་ཕུང་དཔལ་འབྱོར་དང་གཞི་གྲངས་དཔལ་འབྱོར་གཉིས་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་གཏོང་བ། མཉམ་འབྲེལ་དྲ་རྒྱ་དང་གཞི་གྲངས་ཆེན་པོ། མིས་བཟོས་རིག་ནུས་བཅས་དངོས་ཕུང་དཔལ་འབྱོར་དང་མཉམ་བསྲེས་བྱེད་པར་སྐུལ་འདེད་གཏོང་དགོས་ལ། ཆ་འཕྲིན་ཅན་དང་བཟོ་ལས་ཅན་གཉིས་མཉམ་བསྲེས་བྱེད་པར་མུ་མཐུད་དུ་ཡར་སྐུལ་བཏང་སྟེ། བཟོ་སྐྲུན་ལས་རིགས་མྱུར་དུ་གཞི་གྲངས་ཅན་དང་དྲ་རྒྱ་ཅན། རིག་ནུས་ཅན་བཅས་ཀྱི་ཕྱོགས་སུ་སྒྱུར་བར་སྐུལ་འདེད་གཏོང་དགོས་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་གསུངས་རྒྱུར། གཞི་གྲངས་བསྡུ་ལེན་དང་གཞི་གྲངས་དབྱེ་ཞིབ། གཞི་གྲངས་བཀོལ་སྤྱོད་བཅས་བྱེད་མཁས་པ་ནི་འགོ་ཁྲིད་ལས་བྱེད་པས་བྱ་བ་བཟང་བོར་སྒྲུབ་པའི་གཞི་རྩ་ཡིན། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་སློབ་སྦྱོང་ལ་གཙིགས་འཛིན་བྱས་ནས། གཞི་གྲངས་ཆེན་པོ་ཤེས་པར་བྱེད་པ་དང་གཞི་གྲངས་ཆེན་པོ་བཀོལ་སྤྱོད་བཟང་བོ་བྱས་ནས། གཞི་གྲངས་ལ་བརྟེན་ནས་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་པའི་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་། གཞི་གྲངས་ཆེན་པོ་འཕེལ་རྒྱས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པའི་ནུས་པ་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་བ། གཞི་གྲངས་ཆེན་པོས་བྱ་བ་སྣ་ཚོགས་ཁྲོད་ནུས་པ་སྔར་ལས་ཆེན་པོ་འདོན་པར་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།