ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་བྷང་ག་ལའི་ཙུང་ཐུང་དང་ནེ་པ་ལའི་ཙུང་ཐུང་གཉིས་ལ་སོ་སོར་འཚམས་འདྲི་ཞུ་བའི་གློག་འཕྲིན་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅུ་གསུམ་ཉིན་བྷང་ག་ལའི་ཙུང་ཐུང་ཧ་སྨིས་ཏི་དང་ནེ་པ་ལའི་ཙུང་ཐུང་པད་ཏ་ལི་གཉིས་ལ་སོ་སོར་འཚམས་འདྲི་ཞུ་བའི་གློག་འཕྲིན་བཏང་སྟེ། བྷང་ག་ལའི་འགྲུལ་སྐྱེལ་གནམ་གྲུར་ཆག་སྒོ་བྱུང་བའི་ཐད་ནས་འཚམས་འདྲི་ཞུས།

ཞི་ཅིན་ཕིང་གིས་འཚམས་འདྲི་ཞུ་བའི་གློག་འཕྲིན་ནང་གསུངས་རྒྱུར། ཁྱེད་རྒྱལ་ཁབ་ཀྱི་འགྲུལ་སྐྱེལ་གནམ་གྲུར་ཆག་སྒོ་བྱུང་སྟེ་མི་སྣར་ཤི་རྨས་ཚབས་ཆེན་བཟོས་པ་གོ་རྗེས། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་བྱས་པར་མ་ཟད། ང་རང་ཉིད་ཀྱི་མིང་ཐོག་ནས་དོན་རྐྱེན་ཁྲོད་ཚེ་ལས་འདས་མཁན་རྣམས་ལ་སེམས་གཏིང་ནས་མྱ་ངན་ཞུས་པ་དང་། ཚེ་ལས་འདས་མཁན་རྣམས་ཀྱི་ཁྱིམ་མིར་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུ་བ་ཡིན་ཟེར།

ཉིན་དེར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྱང་བྷང་ག་ལའི་ཙུང་ལི་ཧ་ཞི་ན་དང་ནེ་པ་ལའི་ཙུང་ལི་ཨོ་ལིས་གཉིས་ལ་སོ་སོར་འཚམས་འདྲི་ཞུ་བའི་གློག་འཕྲིན་བཏང་།

བྷང་ག་ལའི་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུ་གཉིས་ཉིན་གྱི་དགོང་མོར་བདེན་དཔང་བྱས་པ་ལྟར་ན། ཉིན་དེར་བྷང་ག་ལའི་རྒྱལ་ས་ཁ་ཏ་ནས་ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུ་ལ་འཕུར་བཞིན་པའི་འགྲུལ་སྐྱེལ་གནམ་གྲུ་ཞིག་ཀ་ཏ་མན་རྡུའི་ཐི་ལིས་པུའུ་ཝན་རྒྱལ་སྤྱིའི་གནམ་གྲུ་ཐང་དུ་འབབ་སྐབས་ཆག་སྒོ་དོན་རྐྱེན་བྱུང་། གནམ་གྲུར་བསྡོམས་པས་མི་དོན་གཅིག་བསྡད་ཡོད་ལ། དོན་རྐྱེན་ཁྲོད་མི་ཞེ་དགུ་ཚེ་ལས་འདས་པ་དང་། མི་ཉེར་གཉིས་ལ་རྨས་ཕོག་སྟེ་སྨན་ཁང་དུ་བསྐྱལ། ནེ་པ་ལར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཚེས་བཅུ་གཉིས་ཉིན་བདེན་དཔང་བྱས་པ་ལྟར་ན། ཆག་སྒོའི་ཁྲོད་ཀྲུང་གོའི་སྤྱི་དམངས་ཤིག་ཚེ་ལས་འདས་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།