ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྒྲིག་ཡིག་དག་བཅོས་འཆར་ཟིན་སྐོར་གྱི་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་གྲོས་ཆོད།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2018-03-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

(2018ལོའི་ཟླ3པའི་ཚེས15ཉིན་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཐོག་གྲོས་འཆམ་བྱུང་བ)    

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཐོག་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བཏོན་པའི《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྒྲིག་ཡིག(དག་བཅོས་འཆར་ཟིན)》ལ་གྲོས་ཞིབ་བྱས་པ་མ་ཟད་གྲོས་འཆམ་ཡང་བྱུང་བས། དག་བཅོས་འཆར་ཟིན་འདི་ཡོངས་བསྒྲགས་བྱས་ཉིན་ནས་བཟུང་ཕན་གོ་ཆོད་པའི་ཐག་བཅད་པ་ཡིན།

གྲོས་ཚོགས་ཐོག་ངོས་འཛིན་བྱུང་དོན། ཀྲུང་གུང་ཀྲུང་དབྱང་གིས་སྲིད་གྲོས་ཀྱི་སྒྲིག་ཡིག་བཟོ་བཅོས་འོས་འཚམ་བྱེད་རྒྱུའི་ཐག་བཅད་པ་ནི། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་འཐབ་ཇུས་ཀྱི་མཐོ་ཚད་ནས་བཏོན་པའི་བཀོད་སྒྲིག་གལ་ཆེན་ཞིག་རེད། སྲིད་གྲོས་ཀྱི་སྒྲིག་ཡིག་བཟོ་བཅོས་བྱེད་སྐབས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་པ་དང་། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་ཐོག་བཏོན་པའི་དགོངས་པ་གལ་ཆེན་དང་། ལྟ་བ་གལ་ཆེན། རྡར་གཅོད་གལ་ཆེན། ཐབས་ཇུས་གལ་ཆེན་བཅས་གང་ལེགས་མཚོན་ཞིང་། 2004ལོར་སྲིད་གྲོས་ཀྱི་སྒྲིག་ཡིག་བཟོ་བཅོས་བྱས་པ་དང་ལྷག་པར་དུ་ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་གསར་གཏོད་འཕེལ་རྒྱས་བྱུང་བའི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་དང་། ལག་ལེན་གྱི་གྲུབ་འབྲས། ལམ་ལུགས་ཀྱི་གྲུབ་འབྲས་བཅས་གཅིག་སྡུད་དུ་མཚོན་པས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཁྱོན་ཡོངས་ནས་རྒྱུན་འཁྱོངས་དང་། ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཡོང་བར་བྱེད་པ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད།

གྲོས་ཚོགས་ཐོག་ངོས་འཛིན་བྱུང་དོན། མི་དམངས་སྲིད་གྲོས་ནི་ཆབ་སྲིད་ཀྱི་རྩ་འཛུགས་ཡིན་པས། ངེས་པར་དུ་ལྟ་བ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱེད་དགོས་པ་དང་། ཐོག་མར་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ། ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་ཁོང་དུ་བརྟན་པོ་ཆུད་པར་བྱེད་དགོས། གྲོས་ཚོགས་ཐོག་མོས་མཐུན་བྱུང་དོན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལྟ་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་འདི་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་བཅས་དང་ལྷན་དུ་མི་དམངས་སྲིད་གྲོས་ཀྱི་བསམ་བློའི་མཛུབ་སྟོན་དུ་གཏན་འཁེལ་བྱ་རྒྱུ། ནང་དོན་འདི་དག་ཕུན་སུམ་ཚོགས་སུ་བཏང་ན། མི་དམངས་སྲིད་གྲོས་སུ་ཞུགས་པའི་ཏང་ཤོག་ཁག་དང་ཚོགས་པ་ཁག མི་རིགས་ཁག་གི་མི་སྣ་བཅས་པའི་ཐུན་མོང་གི་འདོད་བློ་གཅིག་སྡུད་དུ་མཚོན་པས། མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་དངོས་ཡོད་ཀྱི་དོན་སྙིང་དང་གཏིང་ཟབ་ཅིང་ཡུན་རིང་བའི་ལོ་རྒྱུས་དོན་སྙིང་གལ་ཆེན་ལྡན་ཡོད། གྲོས་ཚོགས་ཐོག་ནན་གསུང་གནང་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་གྱུར་བའི་གྲུབ་འབྲས་གསར་ཤོས་དང་། ཏང་དང་མི་དམངས་ཀྱི་ལག་ལེན་དངོས་ཀྱི་ཉམས་མྱོང་དང་བློ་རིག་གཅིག་ཏུ་བསྡུས་པའི་ཉིང་ཁུ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་གི་གྲུབ་ཆ་གལ་ཆེན། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་འབད་འཐབ་བྱེད་པའི་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་བྱ་སྤྱོད་ཀྱི་ཕྱོགས་སྟོན་བཅས་རེད། མི་དམངས་སྲིད་གྲོས་ཀྱི་རྩ་འཛུགས་རིམ་པ་ཁག་དང་མི་དམངས་སྲིད་གྲོས་སུ་ཞུགས་པའི་ཏང་ཤོག་ཁག་དང་ཚོགས་པ་ཁག མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣ་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་བསྟར་རྒྱུ་གལ་ཆེན་ནང་གི་འགངས་ཆེན་དུ་འཛིན་པ་དང་། སྦྱངས་ནས་ཧ་གོ་དོན་རྟོགས་ཤིང་དོན་ཐོག་ཏུ་འཁྱོལ་བར་འབད་གང་ཐུབ་བྱེད་ཅིང་། རང་རྟོགས་ངང་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་སློབ་སྟོན་བྱེད་པ་དང་ལས་ཀར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ཐོག་ངོས་འཛིན་བྱུང་དོན། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་ཐོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པའི་ཆབ་སྲིད་ཀྱི་ཆོད་གཏམ་གལ་ཆེན་བཞག་པ་དང་། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་ནི་མི་དམངས་ཀྱི་ཉིན་བཞིན་འཕེལ་བཞིན་པའི་དགའ་སྐྱིད་ལྡན་པའི་འཚོ་བའི་དགོས་མཁོ་དང་འཕེལ་རྒྱས་དོ་མི་མཉམ་ཞིང་གང་ལེགས་མ་བྱུང་བའི་བར་གྱི་འགལ་བར་འགྱུར་བ་གཏོང་ཞིང་། རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་དམངས་གཙོ་དཔལ་ཡོན་འཆམ་མཐུན་མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་དུ་འཛུགས་སྐྲུན་བྱེད་པའི་བརྗིད་ཉམས་ལྡན་པའི་དམིགས་ཡུལ་གཏན་འཁེལ་གནང་ཡོད། གྲོས་ཚོགས་ཐོག་མོས་མཐུན་བྱུང་དོན། སྲིད་གྲོས་ཀྱི་སྒྲིག་ཡིག་དེར་བསྟུན་གྱི་བཟོ་བཅོས་བྱས་པ་མ་ཟད། མི་དམངས་སྲིད་གྲོས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པ་དང“ཕྱོགས་ཡོངས་བཞི”ཡི་འཐབ་ཇུས་ཀྱི་བཀོད་པར་གཞིགས་ཏེ། བརྟན་ལྷིང་མཐུན་སྒྲིལ་གྱི་ཆབ་སྲིད་རྣམ་པ་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དངོས་པོའི་དཔལ་ཡོན་དང་། ཆབ་སྲིད་ཀྱི་དཔལ་ཡོན། བསམ་པའི་དཔལ་ཡོན། སྤྱི་ཚོགས་ཀྱི་དཔལ་ཡོན། སྐྱེ་ཁམས་ཀྱི་དཔལ་ཡོན་བཅས་རྒྱུན་མ་ཆད་པར་མཐུན་སྦྱོར་ངང་ནས་འཕེལ་རྒྱས་གཏོང་བ། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཡུལ་མངོན་འགྱུར་བྱེད་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་འགྲུབ་ཕྱིར་འབད་འཐབ་བྱ་རྒྱུ་བཅས་པའི་ནང་དོན་ཕུན་ཚོགས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། འཕེལ་རྒྱས་ཀྱི་ལྟ་བ་གསར་པ་ལག་ལེན་མཐར་ཕྱིན་བསྟར་བ་དང་། དེང་རབས་ཅན་དུ་འགྱུར་བའི་དཔལ་འབྱོར་མ་ལག་འཛུགས་པ། ཐོན་ཁུངས་བགོ་སྒྲིག་ཁྲོད་ཀྱི་ཚོང་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་པ། སྲིད་གཞུང་གི་ནུས་པ་འདོན་སྤེལ་སྔར་ལས་ལྷག་པར་བྱེད་པ་བཅས་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་བ། མིའི་རིགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་སོགས་པའི་ནང་དོན་ཁ་སྣོན་རྒྱག་རྒྱུ། འདི་ལྟར་བཟོ་བཅོས་བརྒྱབ་ན། མི་དམངས་སྲིད་གྲོས་ཀྱིས་རང་རྒྱལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཕྱོགས་མཚམས་གསར་པ་དང་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་འགྱུར་བ་ཁོང་དུ་ཆུད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་སྒྲུབ་འགན་འཁུར་བར་དམིགས་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་ཆོད་པར་ལེན་པ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་སྐྲུན་པའི་རྒྱང་སྐྱོད་ཀྱི་ལམ་བུ་འབྱེད་ཕྱིར་ལེགས་སྐྱེས་སྔར་མེད་འབུལ་བ་བཅས་ལ་ཕན་ཐོགས་ཡོད།

གྲོས་ཚོགས་ཐོག་ངོས་འཛིན་བྱུང་དོན། མི་དམངས་སྲིད་གྲོས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་མི་དམངས་སྲིད་གྲོས་ཀྱི་ངོ་བོ་དང་ངེས་གནས་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས། ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་སྲིད་གྲོས་ཀྱི་ངོ་བོ་དང་། གོ་གནས། འགན་ནུས། ནུས་པ་སོགས་པའི་ལྟ་བ་གསར་པ་དང་། དགོངས་པ་གསར་པ། ཆོད་གཏམ་གསར་པ་བཅས་རབ་དང་རིམ་པ་བཏོན་པ་དང་། ཀྲུང་གུང་ཀྲུང་དབྱང་གིས་མི་དམངས་སྲིད་གྲོས་ཀྱི་ལས་དོན་སྐོར་ལ་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བཏོན་ཏེ། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བར་རྩ་བའི་འཛིན་གཞི་མཁོ་འདོན་གནང་ཡོད། གྲོས་ཚོགས་ཐོག་མོས་མཐུན་བྱུང་དོན། སྲིད་གྲོས་ཀྱི་སྒྲིག་ཡིག་ནང་མི་དམངས་སྲིད་གྲོས་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་གྲུབ་ཆ་གལ་ཆེན་ཡིན་ཞིང་། ཀྲུང་གོའི་ཁྱད་ཆོས་ཀྱི་ལམ་ལུགས་ཀྱི་བཀོད་སྒྲིག་ཡིན། མི་དམངས་སྲིད་གྲོས་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་གནང་བའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་ཀྱི་ཆབ་སྲིད་ཀྱི་རྣམ་པ་དང་རྩ་འཛུགས་ཀྱི་རྣམ་པ་གལ་ཆེན་ཡིན། མི་དམངས་སྲིད་གྲོས་ནི་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་ཐབས་ལམ་གལ་ཆེན་དང་ཆེད་དོན་གྲོས་མོལ་ལས་ཁུངས་ཡིན། མི་དམངས་སྲིད་གྲོས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་། མི་དམངས་སྲིད་གྲོས་ཀྱི་ངོ་བོ་དང་ངེས་གནས། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་དར་སྤེལ་སོགས་ཀྱི་ནང་དོན་ངེས་པར་དུ་རྒྱུན་འཁྱོངས་བྱ་རྒྱུ། ནང་དོན་འདི་དག་ཕུན་སུམ་ཚོགས་སུ་བཏང་ན། མི་དམངས་སྲིད་གྲོས་ཀྱིས་ངོ་བོ་དང་ངེས་གནས། ལས་ཀའི་རྩ་དོན། དམིགས་འབེན་དང་འོས་འགན་བཅས་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པ་དང་། རང་རྒྱལ་གྱི་སྲིད་ཏང་ལམ་ལུགས་གསར་ཤོས་སྔར་ལས་ལྷག་པར་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་ཁྱད་ཆོས་དང་བཟང་ཆ་འདོན་སྤེལ་གང་ལེགས་བྱེད་པ། མིའི་རིགས་ཀྱི་ཆབ་སྲིད་དཔལ་ཡོན་ཡར་ཐོན་ཡོང་བར་བྱས་རྗེས་འཇོག་པ་བཅས་ལ་ཕན་ཐོགས་ཡོད།

གྲོས་ཚོགས་ཐོག་ངོས་འཛིན་བྱུང་དོན། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་ནི་རང་རྒྱལ་གྱི་མི་དམངས་དམངས་གཙོའི་རྣམ་པ་གལ་ཆེན་ཡིན་ཞིང་། རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ཀྱི་དམིགས་བསལ་གྱི་རྣམ་པ་དང་ཐུན་མོང་མིན་པའི་ལེགས་ཆ་ཡིན་པ་དང་། ཏང་གི་འགོ་ཁྲིད་མངོན་འགྱུར་བྱེད་ཐབས་གལ་ཆེན་ཡིན། གྲོས་ཚོགས་ཐོག་མོས་མཐུན་བྱུང་དོན། སྲིད་གྲོས་ཀྱི་སྒྲིག་ཡིག་ནང་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་དང་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོ། ལོ་འཁོར་གྱི་གྲོས་མོལ་འཆར་གཞི་དང་། གྲོས་མོལ་སྲིད་མོལ་སྤེལ་ཐབས། སྲིད་གྲོས་ཀྱི་དམངས་གཙོ་ལྟ་སྐུལ་བཅས་ཀྱི་གྲོས་མོལ་ཅན་གྱི་ལྟ་སྐུལ་སོགས་པའི་ནང་དོན་ཁ་སྣོན་རྒྱག་རྒྱུ། འདི་ནི་མི་དམངས་སྲིད་གྲོས་ཀྱིས་གྲོས་མོལ་དམངས་གཙོ་དེ་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་མོལ་བཅས་ཀྱི་གོ་རིམ་ཡོངས་ལ་ཁྱབ་པར་བྱེད་པ་དང་། ལམ་ལུགས་ཀྱི་གོ་རིམ་དང་ཐེ་ཞུགས་ཀྱི་ལག་ལེན་ཆ་ལག་ཚང་བ་ཞིག་ཆགས་པར་བྱེད་པ། གྲོས་མོལ་དམངས་གཙོ་རྒྱ་ཆེར་དང་བང་རིམ་མང་པོའི་ལམ་ལུགས་ཅན་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་སྤེལ་གཏོང་བའི་ཁྲོད་ཚབ་བྱེད་ཐབས་མེད་པའི་ནུས་པ་འདོན་པ་བཅས་ལ་ཕན་ཐོགས་ཡོད།

གྲོས་ཚོགས་ཐོག་ངོས་འཛིན་བྱུང་དོན། འཐབ་ཕྱོགས་གཅིག་གྱུར་ནི་ཀྲུང་གོ་གུང་ཁྲན་ཏང་གིས་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་ལས་དོན་ལ་རྒྱལ་ཁ་ཐོབ་པའི་ཐབས་མཆོག་འགངས་ཆེན་ཞིག་ཡིན་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བའི་ཐབས་མཆོག་འགངས་ཆེན་ཞིག་ཡིན། གྲོས་ཚོགས་ཐོག་མོས་མཐུན་བྱུང་དོན། སྲིད་གྲོས་ཀྱི་སྒྲིག་ཡིག་ནང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་འབད་བརྩོན་བྱེད་པའི་རྒྱལ་གཅེས་པ་དང་དམངས་གཙོའི་ཏང་ཤོག་ཁག་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཞུགས་ཏང་ཡིན་པ་དང་། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་དྲག་དང་སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་མི་དྲག་སོགས་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཛུགས་སྐྲུན་བྱེད་མཁན་ཡིན་པ། གཅིག་མཐུན་རང་བཞིན་དང་སྣ་མང་རང་བཞིན་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱེད་པ། ཀྲུང་ཧྭ་མི་རིགས་ནི་ཐུན་མོང་གི་ཚོགས་པ་ཡིན་པའི་འདུ་ཤེས་བརྟན་པོར་འཆང་ཞིང་མི་རིགས་ཁག་དབར་ཕན་ཚུན་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་བྱེད་ཤུགས་ཆེ་རུ་གཏོང་བ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། ཕྱོགས་ཡོངས་དང་ཡང་དག་པའི་སྒོ་ནས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཤང་ཀང་པས་ཤང་ཀང་སྐྱོང་བ” “ཨའོ་མོན་པས་ཨའོ་མོན་སྐྱོང་བ”རང་སྐྱོང་ཚད་མཐོའི་བྱེད་ཕྱོགས་བཅས་དོན་འཁྱོལ་བྱེད་ཅིང་། གཟབ་ནན་གྱིས་རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་གཞིར་བཟུང་ནས་ལས་དོན་སྒྲུབ་པ། རྒྱལ་ཁབ་ཁ་ཕྲལ་གཏོང་བའི་བྱེད་སྤྱོད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་སོགས་ཀྱི་ནང་དོན་ཁ་སྣོན་རྒྱག་རྒྱུ། ནང་དོན་འདི་དག་ཕུན་སུམ་ཚོགས་སུ་བཏང་ན། མི་དམངས་སྲིད་གྲོས་ནི་འཐབ་ཕྱོགས་གཅིག་གྱུར་གྱི་རྩ་འཛུགས་ཡིན་པའི་ནུས་པ་སྔར་ལས་འདོན་སྤེལ་བྱེད་ཅིང་། སྲིད་ཏང་བར་གྱི་འབྲེལ་བ་དང་། མི་རིགས་བར་གྱི་འབྲེལ་བ། ཆོས་ལུགས་བར་གྱི་འབྲེལ་བ། རིམ་གྲས་བར་གྱི་འབྲེལ་བ། རྒྱལ་ཁབ་ཕྱི་ནང་གི་སྤུན་ཟླའི་བར་གྱི་འབྲེལ་བ་བཅས་འཆམ་མཐུན་ཡོང་བར་སྐུལ་མ་ཧུར་ཐག་གཏོང་བ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བྱེད་པ་བཅས་ལ་ཕན་ཐོགས་ཡོད།

གྲོས་ཚོགས་ཐོག་ངོས་འཛིན་བྱུང་དོན། སྲིད་གྲོས་ཀྱི་ཨུ་ཡོན་ནི་མི་དམངས་སྲིད་གྲོས་ལས་དོན་གྱི་བྱེད་པོ་ཡིན་པས། ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་བཀོད་སྒྲིག་ལྟར་ཨུ་ཡོན་གྱི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་དགོས། གྲོས་ཚོགས་ཐོག་མོས་མཐུན་བྱུང་དོན། སྲིད་གྲོས་ཀྱི་སྒྲིག་ཡིག་ནང་ཨུ་ཡོན་གྱི་ལེའུ་གཅིག་ཁ་སྣོན་བརྒྱབ་སྟེ། སྔར་ཡོད་ཀྱི་འབྲེལ་ཡོད་ནང་དོན་དང་ལས་ཀའི་ལག་ལེན་གྱི་གྲུབ་འབྲས་གསར་པ་ཕྱོགས་གཅིག་ཏུ་བསྡུས་ཤིང་། ཨུ་ཡོན་གྱི་ཆ་རྐྱེན་དང་། འགན་འཁྲི། དབང་ཆ། འོས་འགན། འདེམས་ཐོན། དོ་དམ། ཕྱིར་འབུད་སོགས་ཀྱི་གནད་དོན་ཁ་གསལ་གཏན་འབེབས་བྱ་རྒྱུ། འདི་ལྟར་བཟོ་བཅོས་དང་འཐུས་སྒོ་ཚང་དུ་བཏང་ན། སྲིད་གྲོས་ལ་རྒྱུས་ཡོད་དང་། གྲོས་མོལ་བྱེད་ཤེས་པ། སྲིད་མོལ་བྱེད་མཁས་པ། སྒྲིག་ཁྲིམས་སྲུང་བ་དང་། སྒྲིག་ལམ་གཙིགས་ཆེན་འཛིན་པ། སྤྱོད་ལམ་ལ་མཐོང་ཆེན་བྱེད་པ་སོགས་པའི་ཨུ་ཡོན་དཔུང་ཁག་འཛུགས་སྐྱོང་བྱེད་པར་ཕན་ཐོགས་ཡོད།

གྲོས་ཚོགས་ཐོག་མོས་མཐུན་བྱུང་དོན། སྲིད་གྲོས་ཀྱི་སྒྲིག་ཡིག་ནང་ཚོགས་རྟགས་ཀྱི་ལེའུ་གཅིག་བསྣན་ན། ཚོགས་རྟགས་ཀྱི་གཟི་རྔམ་སྲུང་སྐྱོང་དང་། ཚོགས་རྟགས་སྤྱོད་པའི་ཚད་ལྡན་རང་བཞིན་དང་གཟབ་ནན་རང་བཞིན་ཇེ་དྲག་ཏུ་གཏོང་བར་ཕན་ཐོགས་ཡོད།

གྲོས་ཚོགས་ཐོག་བླང་བྱ་བཏོན་དོན། མི་དམངས་སྲིད་གྲོས་སུ་ཞུགས་པའི་སྡེ་ཚན་ཁག་དང་། རྩ་འཛུགས་རིམ་པ་ཁག རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སྣེ་ཁྲིད་འོག རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་རང་འགུལ་གྱིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ནང་ཁོངས་སུ་ལས་སྒོ་སྤེལ་བ་དང་། རང་འགུལ་གྱིས་སྲིད་གྲོས་ཀྱི་སྒྲིག་ཡིག་དེ་ཐུན་མོང་གི་བྱ་སྤྱོད་ཚད་གཞི་དང་ལས་དོན་སྤེལ་བའི་རྩ་བའི་གཞི་འཛིན་སར་འཛིན་ཞིང་། སྒྲིག་ཡིག་སློབ་སྦྱོང་དང་། སྒྲིག་ཡིག་བརྩི་སྲུང་། སྒྲིག་ཡིག་དོན་འཁྱོལ། སྒྲིག་ཡིག་སྲུང་སྐྱོང་བཅས་ཀྱིས་དབང་ཆ་ལག་བསྟར་ཏན་ཏིག་དང་། འགན་འཁྲི་ཧུར་ཐག་བསྒྲུབས་ནས་དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འབད་བརྩོན་ལྷོད་མེད་བྱེད་དགོས།

(ཚོགས་འདུ་གཉིས་ཀྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།