རྒྱལ་ཡོངས་སྲིད་གྲོས་ཀྱི་ཞིང་ལས་དང་གྲོང་གསེབ་ཨུ་ཡོན་ལྷན་ཁང་གིས“ཞིང་གསུམ”ལས་ཀའི་ཁ་གཏད་གྲོས་མོལ་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས22ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཞིང་ལས་དང་གྲོང་གསེབ་ཨུ་ཡོན་ལྷན་ཁང་གིས་པེ་ཅིང་དུ་ཁ་གཏད་གྲོས་མོལ་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དང་པོ་འཚོགས་ཏེ“གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་སྟོབས་ཆེར་གཏོང་བ་དང་། གྲོང་གསེབ་དར་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བར”གཞིགས་ནས་གྲོས་མོལ་སྲིད་གླེང་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་དབང་དབྱང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་ཞིང་ལས་དང་གྲོང་གསེབ་ཨུ་ཡོན་ལྷན་ཁང་ནི་རྒྱལ་ཡོངས་སྲིད་གྲོས་ཀྱིས་གསར་དུ་བཙུགས་པའི་ཆེད་དོན་ཨུ་ཡོན་ལྷན་ཁང་ཞིག་ཡིན་པ་དང་། དེ་ནི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་སྲིད་གྲོས་ཀྱི་ལས་ཁུངས་བཀོད་སྒྲིག་ལེགས་གཏོང་བྱ་ཐབས་གལ་ཆེན་ཞིག་ཡིན་པས“ཞིང་གསུམ”ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་པ་མཚོན་ཡོད། ཁ་གཏད་གྲོས་མོལ་ནི་མི་དམངས་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོའི་རྣམ་པ་གལ་ཆེན་ཞིག་དང་། གྲོས་མོལ་དམངས་གཙོ་རྒྱ་ཁྱབ་དང་། རིམ་པ་མང་བ། ལམ་ལུགས་ཅན་བཅས་སུ་འཕེལ་རྒྱས་ཡོང་བའི་འདྲེན་རྟེན་གལ་ཆེན་ཞིག་རེད། སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོ་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་ཁ་གཏད་གྲོས་མོལ་གྱི་ཆེད་ལས་རང་བཞིན་དང་བབ་བསྟུན་རང་བཞིན་ཆེ་བའི་ཁྱད་ཆོས་དང་ལེགས་ཆ་ཡག་པོ་སྤྱད་དེ་མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་བྱ་ཆེད་ལས་སྟེགས་གསར་པ་གཏོད་པ་དང་གསོན་ཤུགས་གསར་པ་སྣོན་དགོས་ཞེས་ནན་བཤད་གནང་བ་རེད།

རྒྱལ་ཡོངས་དང་ས་གནས་ཀྱི་སྲིད་གྲོས་ཨུ་ཡོན་12ཀྱིས་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་དང་། ཚན་རྩལ་ཞིབ་སྤེལ། དངུལ་རྩའི་ཞབས་ཞུ། ས་ཞིང་སྲིད་ཇུས། དྲ་ཐོག་ཚོང་དོན། ཤེས་ལྡན་མི་སྣའི་འདེགས་སྐྱོར་སོགས་ལ་དམིགས་ནས་ཐབས་འདོན་ཇུས་འདོན་བྱས་པ་རེད། ཨུ་ཡོན་བཅུ་གྲངས་ཀྱིས་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱི་སྒུལ་བདེའི་འགན་སྒྲུབ་ལས་སྟེགས་ཐོག་དགོངས་འཆར་ཧུར་ཐག་སྤེལ་ཞིང་། ཚང་མས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་དགོས་ལུགས་བཏོན་ཚུན་རང་རྒྱལ་གྱི་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ཐད་འཕེལ་ཕྱོགས་བཟང་པོ་རྒྱུན་མཐུད་བྱུང་བ་དང་། སྒྱུར་བཅོས་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏིང་ཟབ་བཏང་བ། ཞིང་ཞོར་ཐོན་རྫས་གལ་ཆེན་མཁོ་སྤྲོད་འདང་ངེས་ཡོད་པ། གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མགྱོགས་མྱུར་མཉམ་འདྲེས་ཐུབ་པ། ལག་རྩལ་གསར་པ་དང་། ཐོན་རྫས་གསར་པ། ལས་རྣམ་གསར་པ། གཉེར་སྐྱོང་བྱེད་པོ་གསར་པ་བཅས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ། ཞིང་པའི་ཡོང་འབབ་མྱུར་ཙམ་འཕར་བ་བཅས་བྱུང་ནས་གྲོང་གསེབ་ཀྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་བྱུང་ཡོད་མོད། འོན་ཀྱང་གྲོང་གསེབ་དར་རྒྱས་དང་ཐོན་ལས་འཕེལ་རྒྱས་ཐད་སྔར་བཞིན་མངོན་གསལ་དོད་པའི་གནད་དོན་དང་ཞན་ཆ་ཁ་ཤས་གནས་ཡོད་པ་སྟེ། གཙོ་བོ་ནི་ཚན་རྩལ་ནུས་པ་ཞན་ཙམ་དང་། མི་ཤུགས་ཐོན་ཁུངས་དཀོན་པ། དངུལ་རྩའི་མཁོ་སྤྲོད་མི་འདང་བ། འཁོར་རྒྱུག་མ་ལག་རྗེས་སུ་ལུས་པ། ས་ཞིང་སྲིད་ཇུས་འཐུས་སྒོ་མི་ཚང་བ་སོགས་ཡིན་པའི་ངོས་འཛིན་གནང་རེད།

ཨུ་ཡོན་ཁག་གཅིག་གིས་གྲོང་གསེབ་དར་རྒྱས་ཡོང་བར་ཐོན་ལས་དར་རྒྱས་གཏོང་རྒྱུ་ནི་གཙོ་གནད་ཡིན། གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཐོག་ཞིང་ཞོར་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱེད་པའི་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་གྲོང་གསེབ་ཀྱི་ཡུལ་སྐོར་དང་ཞིང་ལས་ཞབས་ཞུའི་ལས་རིགས་སོགས་ཀྱི་ལས་རྣམ་གསར་པ་སྟོབས་ཆེར་གཏོང་དགོས་པ་དང་། གྲོང་གསེབ་ཀྱི་འགན་གཙང་ས་ཞིང་དང་། ཁང་ས། མཉམ་སྡེབ་འཛུགས་སྐྲུན་ས་ཆ་བཅས་ཀྱི་དོ་དམ་ལམ་ལུགས་གསར་གཏོད་བྱས་ཏེ་སྲིད་ཇུས་ཀྱི་དབྱེ་མཚམས་གསལ་པོ་ཕྱེ་བ་དང་། ཞིང་ལས་ཐད་སྤྱོད་པའི་ས་ཆའི་ཁྱབ་ཁོངས་བཀོད་སྒྲིག་ཚགས་ཚུད་བྱེད་པ། ཞིང་པའི་ཁང་པ་དང་ཁང་ས་མགྱོགས་མྱུར་གང་འགབ་ཅི་སྤྱོད་བྱེད་པ། གྲོང་གསེབ་ཐོན་ལས་འཕེལ་རྒྱས་ཀྱི་ས་ཆ་སྤྱོད་པའི་དགོས་མཁོ་འགན་ལེན་བཅས་བྱེད་དགོས་པ། གྲོང་གསེབ་ཀྱི་དངུལ་རྩའི་ཁྲིམས་འཛུགས་ལ་སྐུལ་འདེད་བཏང་ནས་ཞིང་འབྲེལ་དངུལ་རྩའི་སྒྲིག་གཞིའི་བཅའ་ཁྲིམས་ཀྱི་འགན་འཁྲི་གསལ་པོ་བཟོས་ཐོག་གྲོང་གསེབ་ཀྱི་སྲིད་ཇུས་རང་བཞིན་དང་། ཚོང་ལས་རང་བཞིན། མཉམ་ལས་རང་བཞིན་བཅས་ཀྱི་དངུལ་རྩའི་འཕེལ་རྒྱས་ཀྱི་ངེས་གནས་གསལ་པོ་བཟོས་ཏེ་དངུལ་རྩའི་ཞབས་ཞུ་དང་གྲོང་གསེབ་དར་རྒྱས་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས་པ། མཁོ་ཚོང་ཁང་དང་སྦྲག་སྲིད་སོགས་གྲོང་གསེབ་ཀྱི་དངོས་ཚན་དྲ་ཚིགས་ཀྱི་ཆ་འཕྲིན་ཅན་སྒྱུར་བཀོད་ལ་སྐུལ་འདེད་བཏང་སྟེ་ཟོག་འགྲེམས་མྱུར་སྐྱེལ་ཐོན་ཁུངས་བསྡུ་སྒྲིལ་བྱས་ནས་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་འཕེལ་རྒྱས་ཀྱི་འཇུར་མིག་ཚོད་འཛིན་བསལ་ཏེ་གྲོང་གསེབ་ཀྱི་འཁོར་རྒྱུག་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས་པ། གྲོང་གསེབ་དར་རྒྱས་ལ་ཚན་རྩལ་གྱི་འདེགས་སྐྱོར་བྱེད་པའི་བྱ་སྤྱོད་ལག་བསྟར་བྱས་ཏེ་ཞིང་ལས་ཚན་རྩལ་ཞིབ་སྤེལ་བཀོལ་སྤྱོད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་རྒྱུར་དེ་བས་མཐོང་ཆེན་བྱས་ཏེ་གཞི་ཁྱོན་བརྟན་པོ་དང་། གྲུབ་ཆ་ལེགས་སྒྲིག བྱང་ཚད་མཐོ་བ་བཅས་ཀྱི་དེང་རབས་ཀྱི་ཞིང་ལས་དང་གྲོང་གསེབ་ཀྱི་སྣ་འདུས་རྣམ་པའི་ཤེས་ལྡན་མི་སྣའི་དཔུང་ཁག་ཅིག་བཏོད་དེ་གྲོང་གསེབ་དར་རྒྱས་དང་ཐོན་ལས་འཕེལ་རྒྱས་ལ་ཤེས་ལྡན་མི་སྣའི་འདེགས་སྐྱོར་ནུས་ལྡན་བྱེད་དགོས་པ་བཅས་ཀྱི་གྲོས་འགོ་བཏོན་གནང་བ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།