ཀྲུང་གོ་བོད་ཀྱི་དྲ་བ།

བློ་མཐུན་ཝང་རོས་ལིན་གྱི་བེམ་པོ་པེ་ཅིན་པ་པོ་རི་བོའི་གསར་བརྗེ་སྤྱིའི་བང་སོ་ནས་སྦྱིན་སྲེག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན། ཡུན་རིང་ཉམས་སད་ཐེག་ཅིང་བློ་དཀར་བའི་གུང་ཁྲན་རིང་ལུགས་ཀྱི་འཐབ་མོ་བ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ཕུལ་དུ་བྱུང་བའི་ཆབ་སྲིད་བྱ་བའི་འགོ་ཁྲིད་པ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཨུ་ཡོན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་སྔོན་ཆད་ཀྱི་སྤྱིའི་ཆབ་སྲིད་པུའུ་ཡི་ཀྲུའུ་རིན་གཞོན་པ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྔོན་ཆད་ཀྱི་ཧྲུའུ་ཅི་ཝང་རོས་ལིན་ལ་སྙུང་གཞི་ཕོག་ནས་སྨན་བཅོས་བྱས་ཀྱང་ཕན་མ་ཐོགས་པར་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཉིན་གྱི་དུས་ཚོད་བརྒྱད་དང་སྐར་མ་བཅུའི་སྟེང་པེ་ཅིན་ནས་སྐུ་གཤེགས་པ་དང་དགུང་ལོ་གྱ་དགུ་རེད། ཚེས་བཅུ་གཉིས་ཉིན་བློ་མཐུན་ཝང་རོས་ལིན་གྱི་བེམ་པོ་པེ་ཅིན་པ་པོ་རི་བོའི་གསར་བརྗེ་སྤྱིའི་བང་སོ་ནས་སྦྱིན་སྲེག་བྱས།

ཉིན་དེའི་སྔ་དྲོའི་དུས་ཚོད་དགུ་དང་སྐར་མ་སུམ་ཅུའི་སྟེང་ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ་སོགས་བློ་མཐུན་ཝང་རོས་ལིན་གྱི་སྐུ་གདུང་གི་མདུན་དུ་ཕེབས་ཏེ་གུས་བ་ལན་གསུམ་བྱས་པར་མ་ཟད་བློ་མཐུན་ཝང་རོས་ལིན་གྱི་གཉེན་ཉེ་ལ་ཕྱག་འཇུ་གནང་ཞོར་དུ་འཚམས་འདྲི་ཞུས།

བློ་མཐུན་ཝང་རོས་ལིན་ལ་སྙུང་གཞི་ཕོག་སྐབས་དང་སྐུ་གཤེགས་རྗེས། ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན། ཅང་ཙེ་མེན། ཧུའུ་ཅིན་ཐོ་སོགས་བློ་མཐུན་སྨན་ཁང་དུ་ཕེབས་ཏེ་འཚམས་འདྲི་ཞུས་པ་དང་ཡང་ན་རྣམ་པ་སྣ་ཚོགས་བརྒྱུད་དེ་བློ་མཐུན་ཝང་རོས་ལིན་སྐུ་གཤེགས་པར་མྱ་ངན་ཞུས་པར་མ་ཟད་ཁོའི་གཉེན་ཉེ་ལ་འཚམས་འདྲི་ཞུས།

ཏང་དང་རྒྱལ་ཁབ། དམག་དཔུང་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་གྱིས་རྣམ་པ་སྣ་ཚོགས་བརྒྱུད་དེ་མྱ་ངན་ཞུས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་བློ་མཐུན་ཝང་རོས་ལིན་འཚོ་གནས་སྐབས་ཀྱི་གྲོགས་པོ་དང་ཕ་ཡུལ་གྱི་འཐུས་ཚབ་སོགས་ཀྱང་ཝང་རོས་ལིན་ལ་མྱ་ངན་ཞུ་བའི་མཛད་སྒོར་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།