ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་པེ་ཅིན་ལ་བྱ་བ་ཡར་ཞུ་བྱེད་པར་ཡོང་བའི་ལིན་ཀྲིན་ཡའོ་ཨི་དང་ཚོས་ཧྲི་ཨན་གཉིས་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1123866621_15450594189131n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ12པའི་ཚེས17ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་པེ་ཅིན་ལ་བྱ་བ་ཡར་ཞུ་བྱེད་པར་ཡོང་བའི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལིན་ཀྲིན་ཡའོ་ཨི་དང་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ཚོས་ཧྲི་ཨན་གཉིས་ལ་མཇལ་འཕྲད་གནང་།

ལིན་ཀྲིན་ཡོ་ཨི་ལ་མཇལ་འཕྲད་གནང་སྐབས་ལིས་ཁི་ཆང་གིས་གསུངས་རྒྱུར། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་ཧུར་ཐག་སྒོས་ཀོང་ཏུང་དང་ཞང་ཀང་། ཨོ་མིན་གྱི་ཁུགས་ཁུལ་ཆེན་མོའི་འཛུགས་སྐྲུན་དང་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཁྲོད་དུ་ཞུགས་ཏེ་ཤུགས་ཆེན་པོས་གསར་སྐྲུན་ཚན་རྩལ་འཕེལ་རྒྱས་སུ་བཏང་བ་དང་ཐབས་བརྒྱ་ཇུས་སྟོང་སྒོས་དམངས་ཚིས་གནད་དོན་ཐག་གཅོད་བྱས་པས། ཀྲུང་དབྱང་སྲིད་གཞུང་གིས་སྲིད་འཛིན་དཔོན་པོ་དང་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གི་བྱ་བར་ཁས་ལེན་གང་ལེགས་བྱས། ད་ལོ་ནི་རྒྱལ་ཁབ་ཀྱི་བཅོས་སྒྱུར་སྒོ་འབྱེད་ལ་ལོ་འཁོར་བཞི་བཅུ་ལོན་པའི་ལོ་ཡིན་པས། དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གིས་མུ་མཐུད་དུ་ཞང་ཀང་གི་ལས་རིགས་སོ་སོའི་མི་སྣར་འགོ་ཁྲིད་དེ་སྐོར་ཐེངས་གསར་བའི་བཅོས་སྒྱུར་སྒོ་འབྱེད་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། དཔལ་འབྱོར་བརྟན་བརླིང་སྒོས་འཕར་བ་སྲུང་འཛིན་བྱེད་པ་དང་དངུལ་རྩའི་ཉེན་ཁ་འགོག་སྲུང་བྱེད་དགོས་ལ། རྒྱུན་མཐུད་སྒོས་དམངས་ཚིས་ལེགས་བཅོས་བྱེད་པ་དང་ཧུར་ཐག་སྒོས་དམངས་ཕན་སྲིད་ཇུས་སྣ་ཚོགས་དངོས་འབེབས་བྱེད་དགོས་ཟེར།

1123866637_15450591087941n.jpg

ཚོས་ཧྲི་ཨན་ལ་མཇལ་འཕྲད་གནང་སྐབས་ལིས་ཁི་ཆང་གིས་གསུངས་རྒྱུར། དེང་སྐབས་ཨོ་མིན་གྱི་དཔལ་འབྱོར་ཅུང་མགྱོགས་པའི་སྒོ་ནས་འཕར་བ་སྲུང་འཛིན་བྱས་ཤིང་དམངས་ཚིས་རྒྱུན་མཐུད་སྒོས་ལེགས་བཅོས་བྱུང་བ་དང་ལས་ཤོར་གྱི་ཚད་ཅུང་དམའ་བའི་ཆུ་ཚད་དུ་གནས་ཡོད་ལ། མི་རེའི་ཆ་སྙོམས་ཀྱི་ས་གནས་ཐོན་སྐྱེད་སྤྱིའི་རིན་གོང་འཛམ་གླིང་གི་དཔལ་འབྱོར་དངོས་ཕུང་གི་མདུན་གྲས་སུ་བསླེབས་ཡོད་པས། ཀྲུང་དབྱང་སྲིད་གཞུང་གིས་སྲིད་འཛིན་དཔོན་པོ་དང་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་གི་བྱ་བར་ཁས་ལེན་གང་ལེགས་བྱས། དཔལ་འབྱོར་འཕེལ་རྒྱས་ནི་སྲིད་གཞུང་གི་ལས་འགན་དང་པོ་ཡིན་པ་དང་དམིགས་ཡུལ་ནི་དམངས་ཚིས་ལེགས་བཅོས་བྱེད་རྒྱུ་དེ་ཡིན་པས། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་སྲིད་གཞུང་དང་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་མི་སྣས་སེམས་ཤུགས་གཅིག་སྒྲིལ་བྱས་ཏེ། དཔལ་འབྱོར་སྒྲིག་གཞི་རྒྱུན་མཐུད་སྒོས་ལེགས་སྒྲིག་བྱེད་པར་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་སྣ་མང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པར་མ་ཟད། ཧུར་ཐག་སྒོས་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་པ་དང་ཀོང་ཏུང་དང་ཞང་ཀང་། ཨོ་མིན་གྱི་ཁུགས་ཁུལ་ཆེན་མོའི་འཛུགས་སྐྲུན་དང་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ཁྲོད་དུ་ཞུགས་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།