ཞི་ཅིན་ཕིང་དང་ལིས་ཁི་ཆང་རྣམ་གཉིས་ཀྱིས་ཞིང་གསུམ་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ལ་མཛུབ་སྟོན་གལ་ཆེན་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་ཞིང་སྡེ་བྱ་བའི་གྲོས་ཚོགས་ཚེས་ཉེར་བརྒྱད་དང་ཚེས་ཉེར་དགུ་ཉིན་གཉིས་ལ་པེ་ཅིན་ནས་ཚོགས། ཚོགས་ཐོག་ཏུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་བ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། དེ་མིན་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱས་ཏེ། ས་གནས་སོ་སོས་ཞང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་བྱས་པའི་ཉམས་མྱོང་སྤྱི་སྡོམ་དང་བརྗེ་རེས་བྱས་ཤིང་། ཕྱིན་ཆད་ཀྱི་ལོ་གཉིས་ལ་ཞིང་གསུམ་བྱ་བ་ངེས་པར་དུ་ཡོངས་འགྲུབ་བྱེད་པའི་ལས་འགན་གཙོ་བོར་ཞིབ་འཇུག་དང་གཏན་འཁེལ་བྱས་པ་དང་ཉིས་སྟོང་བཅུ་དགུ་ལོའི་ཞིང་ལས་དང་ཞིང་སྡེ་བྱ་བར་བཀོད་སྒྲིག་བྱས།

ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐེངས་འདིའི་གྲོས་ཚོགས་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། གྲོས་ཚོགས་ཀྱི་སྔོན་ལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ནས་ཐེངས་འདིའི་གྲོས་ཚོགས་བཟང་བོར་བསྒྲུབ་པ་དང་ཞིང་གསུམ་བྱ་བ་བཟང་བོར་བསྒྲུབ་པར་རེ་བ་གསལ་བོ་བཏོན།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞིང་གསུམ་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ལ་མཛུབ་སྟོན་གལ་ཆེན་གནང་། ཞི་ཅིན་ཕིང་གིས་བསྟན་དོན། ཉིས་སྟོང་བཅོ་བརྒྱད་ལོར་ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་ཐད་ནས་གྲུབ་འབྲས་གསར་བ་བླངས་ཤིང་འབྲུ་རིགས་ཐད་ནས་ཡང་བསྐྱར་ལོ་ལེགས་བྱུང་བ་དང་ཞང་སྡེ་དར་སྤེལ་ཐད་ནས་མགོ་བཟང་བོ་ཞིག་ཚུགས། ཉིས་སྟོང་བཅུ་དགུ་ལོ་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་གནད་འགག་གི་ལོ་ཡིན་པ་དང་། ཞིང་གསུམ་བྱ་བ་བཟང་བོར་བསྒྲུབ་རྒྱུ་དེ་ཕན་ནུས་ལྡན་པའི་སྒོ་ནས་ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་འཇལ་བ་དང་དཔལ་འབྱོར་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བ་དང་སྤྱི་ཚོགས་ཁྱོན་ཡོངས་བརྟན་འཇགས་ཡོང་བ་འགན་སྲུང་བྱེད་པར་དོན་སྙིང་གལ་ཆེན་ལྡན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ཏང་གིས་ཞིང་གསུམ་བྱ་བར་འགོ་ཁྲིད་པར་ཤུགས་སྣོན་པ་དང་ཞིང་གསུམ་གནད་དོན་ཐག་གཅོད་པ་དེ་ཏང་ཡོངས་ཀྱི་བྱ་བའི་གཙོ་གནད་དུ་འཇོག་པ་རྒྱུན་འཁྱོངས་བྱེད་དགོས་ལ། ཞིང་ལས་དང་ཞིང་སྡེ་ཐོག་མར་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱེད་པ་དང་བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་སྤྱིའི་དགོངས་གཞི་གསལ་བོར་ཤེས་པར་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རེ་བ་དངོས་འབེབས་བཟང་བོ་བྱེད་པ་དང་ཞང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་བཟང་བོ་བྱེད་དགོས་པར་མ་ཟད། ཞིང་ལས་ཤེས་པ་དང་ཞང་སྡེ་ལ་དགའ་བ། ཞིང་བར་གཅེས་པའི་ཞིང་སྡེ་བྱ་བའི་དཔུང་སྡེ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ་དང་། ཞིང་བའི་གཙོ་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་རྒྱ་ཆེའི་ཞིང་བ་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སྣང་། བདེ་འཇགས་ཚོར་སྣང་ཇེ་དྲག་ཏུ་གཏོང་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཛུབ་སྟོན་གལ་ཆེན་གནང་། ལིས་ཁི་ཆང་གིས་གསུངས་རྒྱུར། སང་ལོར་ཞིང་གསུམ་བྱ་བ་བཟང་བོར་བསྒྲུབ་པ་དེ་བརྟན་འཇགས་སྒོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བའི་ཁྱོན་ཡོངས་ལ་འབྲེལ་བ་ཆེན་པོ་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པ་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དངོས་འབེབས་བཟང་བོ་བྱེད་དགོས་ལ། ཞང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་བཟང་བོ་བྱེད་པ་དང་ཞིང་སྡེ་བཅོས་སྒྱུར་ཁྱོན་ཡོངས་ཟབ་སྤེལ་བྱེད་དགོས་པར་མ་ཟད། ཞིང་གསུམ་བྱ་བར་ཕན་པའི་སྲིད་ཇུས་སྣ་ཚོགས་དངོས་འབེབས་བྱེད་པར་ཤུགས་སྣོན་ཞིང་ཞིང་སྡེའི་རྨང་གཞིའི་སྒྲིག་ཆས་དང་སྤྱི་ཐུན་ཞབས་ཕྱི་ལེགས་བཅོས་བྱེད་པ་དང་ཞིང་བ་དུང་ཕྱུར་མང་པོའི་བརྩོན་སེམས་རང་བཞིན་དང་གསར་སྐྲུན་རང་བཞིན་སྲུང་སྐྱོབ་བྱས་ནས་ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།