ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱིས་གྲོང་གསེབ་ཀྱི་ས་ཞིང་འགན་གཙང་བཅའ་ཁྲིམས་བཟོ་བཅོས་བརྒྱབ་ནས་ཞིང་པའི་ཁེ་དབང་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-01-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བདུན་པའི་ཐོག་གྲོང་གསེབ་ཀྱི་ས་ཞིང་འགན་གཙང་བཅའ་ཁྲིམས་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས་བརྡས་ཐག་བཅད་དེ་གྲོས་འཆམ་བྱུང་བ་དང་གསར་དུ་བཟོ་བཅོས་བརྒྱབ་པའི་གྲོང་གསེབ་ཀྱི་ས་ཞིང་འགན་གཙང་བཅའ་ཁྲིམས་ཀྱིས་དབང་ཆ་གསུམ་ལོགས་སུ་བཀོད་སྒྲིག་དང་ཡུན་རིང་མི་འགྱུར་བའི་སྲིད་ཇུས་བླང་བྱ་དོན་འཁྱོལ་བྱས་པ་མ་ཟད་ཞིང་པའི་ཁེ་དབང་སྲུང་སྐྱོང་བྱེད་ཤུགས་ཀྱང་ཆེ་རུ་བཏང་བ་རེད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་དོན་ཐིང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཞིང་ལས་དང་གྲོང་གསེབ་ཨུ་ཡོན་ལྷན་ཁང་གཞུང་དོན་ཁང་གི་ཀྲུའུ་རེན་ཧོ་པའོ་ཡུས་ཀྱིས་རང་རྒྱལ་གྱི་བཟོ་ལས་ཅན་དང་། གྲོང་ཁྱེར་དང་གྲོང་རྡལ་ཅན། ཆ་འཕྲིན་ཅན་བཅས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་གྲོང་གསེབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་བྱ་འཕུར་བ་ལྟར་འཕེལ་རྒྱས་འགྲོ་བ་དང་སྦྲགས་ས་ཞིང་འགན་གཙང་དང་བརྒྱུད་བཤུག་བྱེད་མགྱོགས་སུ་ཕྱིན་པ་དང་།བརྒྱུད་བཤུག་བྱེད་ཁྱོན་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་དུས་མཚུངས་གཉེར་སྐྱོང་བྱེད་པོ་གསར་པ་འབོར་ཆེན་ཞིག་ཐོན་ཐོག ཞིང་པའི་གཞི་ཁྱོན་ཅན་གྱི་གཉེར་སྐྱོང་གི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ཡོད་ཅེས་བཤད་པ་རེད།

ཧོ་པའོ་ཡུས་ཀྱིས“ད་ཐེངས་གྲོང་གསེབ་ཀྱི་ས་ཞིང་འགན་གཙང་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་པའི་དམིགས་ཡུལ་གཙོ་བོ་ནི་གྲོང་གསེབ་ཀྱི་ས་ཞིང་ལ‘དབང་ཆ་གསུམ་ལོགས་སུ་བཀོད་སྒྲིག་བྱེད་པའི’ལམ་ལུགས་ཁྲིམས་ལུགས་ཅན་ལག་བསྟར་བྱས་ཏེ། གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་དང་འགན་གཙང་ཞིང་དུད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ནུས་ལྡན་བྱེད་ཆེད་ཡིན་པ་དང་། དུས་མཚུངས་སུ་དེང་རབས་ཞིང་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཡང་དེ་བས་ཕན་པ་ལྡན་ཡོད”ཅེས་བཤད།

འགན་གཙང་ས་ཞིང་གི“དབང་ཆ་གསུམ་ལོགས་སུ་བཀོད་སྒྲིག་བྱེད་པའི”ཐད་གསར་དུ་བཟོ་བཅོས་བརྒྱབ་པའི་གྲོང་གསེབ་ཀྱི་ས་ཞིང་འགན་གཙང་བཅའ་ཁྲིམས་ནང་། འགན་གཙང་ལེན་མཁན་གྱིས་ས་ཞིང་འགན་གཙང་བླངས་རྗེས་ས་ཞིང་འགན་གཙང་གི་གཉེར་སྐྱོང་དབང་ཆ་ལོངས་སུ་སྤྱོད་རྒྱུ་ཡོད་པས། རང་ཉིད་ཀྱིས་གཉེར་སྐྱོང་བྱེད་ཆོག་ལ་ས་ཞིང་གི་འགན་གཙང་དབང་ཆ་ཉར་འཇོག་ཀྱང་བྱས་ཆོག་པ་དང་། དེས་འགན་གཙང་བླངས་པའི་ས་ཞིང་གི་ས་ཆའི་གཉེར་སྐྱོང་དབང་ཆ་བརྒྱུད་བཤུག་བྱས་ནས་མི་གཞན་གྱིས་གཉེར་སྐྱོང་བྱས་ཀྱང་ཆོག་གི་ཡོད། ས་ཞིང་གཉེར་སྐྱོང་དབང་ཆའི་བརྒྱུད་བཤུག་དུས་ཚད་ལོ་ལྔ་ཡན་ཡིན་པར་དོ་བདག་གིས་ཐོ་འགོད་སྒྲིག་གཞིར་ས་ཞིང་གཉེར་སྐྱོང་དབང་ཆ་ཐོ་འགོད་བྱ་རྒྱུའི་རེ་ཞུ་བྱས་ཆོག འགན་གཙང་ལེན་མཁན་གྱིས་ས་ཞིང་གི་ཞིང་ལས་སྤྱོད་སྒོ་རང་དགར་འགྱུར་ལྡོག་གཏོང་བ་དང་ལོ་གཉིས་ཡན་བསྟུད་མར་རྨོ་འདེབས་མི་བྱེད་པར་ས་རྒོད་དུ་འཇོག་པ་སོགས་ཀྱི་བཅའ་ཁྲིམས་གཏན་འབེབས་ཡོད་པའི་གནས་ཚུལ་ཕུད་འགན་གཙང་ལེན་མཁན་ཕྱོགས་རྐྱང་པས་ས་ཞིང་གཉེར་སྐྱོང་དབང་ཆ་བརྒྱུད་བཤུག་བྱེད་པའི་གན་རྒྱ་མེད་པར་བཟོས་མི་ཆོག་པ་ཁ་གསལ་བཏོན་ཡོད།

དུས་མཚུངས་སུ་གྲོང་ཁྱེར་དུ་འགྲོ་མཁན་ཞིང་དུད་ཀྱི་ས་ཞིང་འགན་གཙང་གཉེར་སྐྱོང་དབང་ཆ་སྲུང་སྐྱོང་བྱེད་པའི་གཏན་འབེབས་ལའང་བཟོ་བཅོས་ཆེན་པོ་བརྒྱབ་ཡོད། གསར་དུ་བཟོ་བཅོས་བརྒྱབ་པའི་གྲོང་གསེབ་ཀྱི་ས་ཞིང་འགན་གཙང་བཅའ་ཁྲིམས་ལྟར། རྒྱལ་ཁབ་ཀྱིས་གྲོང་ཁྱེར་དུ་འགྲོ་མཁན་ཞིང་དུད་ཀྱི་ས་ཞིང་འགན་གཙང་གཉེར་སྐྱོང་དབང་ཆར་སྲུང་སྐྱོང་བྱ་རྒྱུ་དང་། ས་ཞིང་འགན་གཙང་གཉེར་སྐྱོང་དབང་ཆ་ལས་ཕྱིར་འཐེན་བྱེད་པ་དེ་ཞིང་དུད་གྲོང་ཁྱེར་དུ་གཞིས་ཆགས་པའི་ཆ་རྐྱེན་དུ་བརྩི་མི་ཆོག འགན་གཙང་ལེན་རིང་འགན་གཙང་ཞིང་དུད་གྲོང་ཁྱེར་དུ་གཞིས་ཆགས་ཕྱིན་དེར་རང་མོས་དང་རིན་དོད་ཡོད་པའི་རྩ་དོན་ལ་གཞིགས་ནས་ཁྲིམས་ལྟར་མཉམ་སྡེབ་དེ་གའི་དཔལ་འབྱོར་རྩ་འཛུགས་ནང་ས་ཞིང་འགན་གཙང་གཉེར་སྐྱོང་དབང་ཆ་བརྒྱུད་བཤུག་བྱེད་པའམ་ཡང་ན་འགན་གཙང་ས་ཞིང་འགན་གཙང་སྤྲོད་མཁན་ལ་རྩིས་སྤྲོད་རྒྱུའི་ཁྲིད་སྟོན་དང་རྒྱབ་སྐྱོར་བྱེད་དགོས་ལ། དེར་ས་ཞིང་གཉེར་སྐྱོང་དབང་ཆ་བརྒྱུད་བཤུག་བྱེད་པར་བསྔགས་སྐུལ་ཡང་བྱེད་ཆོག་གི་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།