ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ལས་རིགས་སློབ་གསོའི་བཅོས་སྒྱུར་ལག་བསྟར་ཇུས་གཞི་དཔར་ནས་བཀྲམ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་སྔོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ལས་རིགས་སློབ་གསོའི་བཅོས་སྒྱུར་ལག་བསྟར་ཇུས་གཞི་དཔར་ནས་བཀྲམ།

ཇུས་གཞིའི་ནང་དུ་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགངོས་པ་མཛུབ་སྟོན་དུ་བཟུང་ནས། ལས་རིགས་སློབ་གསོ་དེ་སློབ་གསོ་བཅོས་སྒྱུར་གསར་གཏོད་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྲོད་སྔར་ལས་འབུར་དུ་ཐོན་པའི་གོ་གནས་སུ་འཇོག་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བརྟན་པོར་འཛུགས་པ་དང་། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་དང་སྤུས་ཚད་སྔར་ལས་མཐོ་ཞིང་སྔར་ལས་ཕུན་སུམ་ཚོགས་པའི་ལས་ཞུགས་མངོན་འགྱུར་བྱེད་པའི་དགོས་མཁོར་ཞབས་འདེགས་ཞུ་བ། ཚན་རྩལ་འཕེལ་རྒྱས་ཀྱི་གནས་བབ་དང་ཁྲོམ་རའི་དགོས་མཁོ་སྦྲེལ་མཐུད་བྱེད་པ། ལས་རིགས་སློབ་གསོ་དང་གསོ་སྦྱོང་མ་ལག་འཐུས་ཚང་དུ་གཏོང་བ། སློབ་གྲྭ་དང་ཆེད་ལས་བཀོད་སྒྲིག་ལེགས་སྒྱུར་བྱེད་པ། སློབ་སྒྲུབ་སྒྲིག་སྲོལ་གྱི་བཅོས་སྒྱུར་དང་གསོ་སྐྱོང་རྐྱེན་སྲོལ་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པ། ལས་ཞུགས་ལ་ཡར་སྐུལ་བྱེད་པ་དང་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོར་མཐུན་པ་ཁྲིད་ཕྱོགས་སུ་འཛིན་པ། སྤྱི་ཚོགས་ལས་རིགས་སོ་སོ་དང་ལྷག་པར་དུ་ཁེ་ལས་ཀྱིས་ལས་རིགས་སློབ་གསོ་ལ་རྒྱབ་སྐྱོར་གང་ལེགས་བྱེད་པར་སྐུལ་སློང་དང་རྒྱབ་སྐྱོར་བྱེད་པ་བཅས་བྱས་ཏེ། བྱང་ཚད་མཐོ་བའི་ངལ་རྩོལ་པ་དང་ལག་རྩལ་འཇོན་མི་ཧུར་ཐག་གིས་སྐྱེད་སྲིང་བྱེད་དགོས།

ཇུས་གཞི་དེའི་ནང་དུ་བསྟན་དོན། ཉིས་སྟོང་བཅུ་དགུ་ལོ་ནས་བཟུང་། ལས་རིགས་སློབ་གླིང་དང་ཉེར་སྤྱོད་རྣམ་པའི་དངོས་གཞི་མཐོ་རིམ་སློབ་གྲྭ་ནས་སློབ་གཉེར་དཔང་ཡིག་གི་ཁར་ལས་རིགས་ལག་རྩལ་གྱི་རིམ་མཚུངས་དཔང་ཡིག་སྣ་མང་སྣོན་པའི་ལམ་ལུགས་ཚོད་ལྟའི་བྱ་བ་སྤེལ་འགོ་རྩོམ་རྒྱུ་རེད། ཉིས་སྟོང་ཉེར་གཉིས་ལོར་ཐོན་སྐབས། ལས་རིགས་སློབ་གླིང་གི་སློབ་ཁྲིད་ཆ་རྐྱེན་ཕལ་ཆེར་ཚད་གཞི་ལ་བསླེབ་པར་བྱ་རྒྱུ་དང་། དངོས་གཞིའི་མཐོ་རིམ་སློབ་གྲྭ་དཀྱུས་མ་མང་པོ་ཉེར་སྤྱོད་རྣམ་པའི་སློབ་གྲྭར་བསྒྱུར་རྒྱུ་རེད། ལོ་ལྔ་ནས་ལོ་བཅུ་ཡས་མས་ཀྱི་དུས་ཚོད་བརྒྱུད་ནས། ལས་རིགས་སློབ་གསོ་དེ་སྲིད་གཞུང་གིས་སྒྲུབ་པ་གཙོ་ཡིན་པ་ནས་སྲིད་གཞུང་གིས་གཅིག་གྱུར་གྱིས་དོ་དམ་བྱེད་པ་དང་སྤྱི་ཚོགས་ཕྱོགས་མང་པོས་སློབ་གྲྭ་སྒྲུབ་པའི་རྣམ་པར་བསྒྱུར་བ་དང་། གཞི་ཁྱོན་ཇེ་ཆེར་གཏོང་བ་ནས་སྤུས་ཚད་ཇེ་མཐོར་གཏོང་བར་བསྒྱུར་བ། སྤྱིར་བཏང་གི་སློབ་གསོའི་སློབ་སྒྲུབ་རྣམ་པ་ནས་ཁེ་ལས་དང་སྤྱི་ཚོགས་ཟབ་ཞུགས་བྱེད་ཅིང་ཆེད་ལས་ཁྱད་ཆོས་མངོན་པར་གསལ་བའི་རིགས་དབྱེ་སློབ་གསོར་བསྒྱུར་བ་བཅས་བྱས་ཏེ། དུས་རབས་གསར་པའི་ལས་རིགས་སློབ་གསོའི་དེང་རབས་ཅན་གྱི་ཆུ་ཚད་ཆེས་ཆེར་ཇེ་མཐོར་བཏང་ནས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པ་དང་རྒྱལ་ཁབ་ཀྱི་འགྲན་རྩོད་ནུས་ཤུགས་ཇེ་ཆེར་གཏོང་བར་སྤུས་ལེགས་འཇོན་མིའི་ཐོན་ཁུངས་ཀྱི་རྒྱབ་རྟེན་འདོན་སྤྲོད་བྱེད་རྒྱུ་རེད།

ཇུས་གཞི་དེའི་ནང་དུ་དུས་རབས་གསར་པའི་ལས་རིགས་སློབ་གསོ་སྔར་ལས་བཟང་པོར་བསྒྲུབ་པའི་བྱེད་ཐབས་ཞིབ་ཅིང་ཕྲ་བ་བཏོན་ཡོད། གཅིག་ནི་རྒྱལ་ཁབ་ཀྱི་ལས་རིགས་སློབ་གསོའི་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་བ་སྟེ། རྒྱལ་ཁབ་ཀྱི་ལས་རིགས་སློབ་གསོའི་ལམ་ལུགས་ཀྱི་སྒྲོམ་གཞི་འཐུས་ཚང་དུ་བཙུགས་ནས། འབྲིང་རིམ་ལས་རིགས་སློབ་གསོའི་འཕེལ་རྒྱས་ཆུ་ཚད་མཐོར་འདེགས་སུ་གཏོང་རྒྱུ་དང་། མཐོ་རིམ་ལས་རིགས་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། སློབ་གཉེར་སློབ་གསོ་དང་གསོ་སྦྱོང་མཉམ་དུ་འཛིན་པའི་དེང་རབས་ལས་རིགས་སློབ་གསོའི་མ་ལག་འཐུས་ཚང་དུ་གཏོང་རྒྱུ་དེ་རེད། གཉིས་ནི་ལས་རིགས་སློབ་གསོའི་རྒྱལ་ཁབ་ཀྱི་ཚད་གཞི་འཛུགས་པ་སྟེ། སློབ་གསོ་དང་སློབ་ཁྲིད་ཀྱི་འབྲེལ་ཡོད་ཚད་གཞི་འཐུས་ཚང་དུ་བཏང་ཞིང་། སློབ་གསོ་དང་བསླབ་གཞི། དགེ་རྒན་བཅས་དམ་འཛིན་བྱས་ཏེ། བཟོ་སྐྲུན་པའི་སྙིང་སྟོབས་སྐྱེད་གསོ་དང་རྒྱུན་འཛིན་བཟང་པོ་བྱེད་རྒྱུ་དང་། སྣ་འཛོམས་ལག་རྩལ་འཇོན་མིའི་སྐྱེད་སྲིང་གསོ་སྦྱོང་རྣམ་པའི་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ། སློབ་གྲྭའི་སློབ་མ་དང་སྤྱི་ཚོགས་ཁོངས་མི་ཡོངས་ལ་ཁ་ཕྱོགས་ནས་ལས་རིགས་གསོ་སྦྱོང་སྤེལ་རྒྱུ་དེ་རེད། གསུམ་ནི་ཐོན་ལས་དང་སློབ་གསོ་མཉམ་འདྲེས་ལ་ཡར་སྐུལ་བྱེད་པ་སྟེ། དེང་རབས་སློབ་བུའི་ལམ་ལུགས་དང་ཁེ་ལས་ཀྱི་རྣམ་པ་གསར་པའི་སློབ་བུའི་ལམ་ལུགས་ཀྱི་ཉམས་མྱོང་སྤྱི་སྡོམ་བྱས་ཏེ་ལས་ཀ་དང་སློབ་སྦྱོང་ཟུང་སྦྲེལ་བྱེད་རྒྱུ་དང་། སློབ་གྲྭ་དང་ཁེ་ལས་ཀྱིས་ཕྱོགས་ཡོངས་ནས་མཉམ་ལས་ཟབ་མོ་བྱེད་པར་སྐུལ་འདེད་བཏང་ནས། ཆུ་ཚད་མཐོ་བའི་དངོས་སྦྱོང་རྟེན་གཞི་སྐོར་ཞིག་འཛུགས་རྒྱུ་དེ་རེད། བཞི་ནི་སྣ་མང་སློབ་སྒྲུབ་ཀྱི་རྣམ་པ་འཛུགས་སྐྲུན་བྱེད་པ་སྟེ། ཁེ་ལས་ཀྱི་སློབ་སྒྲུབ་གཙོ་གཞིའི་ནུས་པ་བཏོན་ནས། ཆ་རྐྱེན་ཡོད་པའི་ཁེ་ལས་དང་ལྷག་པར་དུ་ཁེ་ལས་ཆེན་པོས་སྤུས་ཚད་མཐོ་བའི་ལས་རིགས་སློབ་གསོ་སྒྲུབ་པར་སྐུལ་མ་གཏོང་རྒྱུ་དང་། རྒྱལ་སྤྱིའི་སྔོན་ཐོན་ཚད་གཞི་དང་སྦྲེལ་ནས་ལས་རིགས་སློབ་གསོའི་གསོ་སྦྱོང་གདེང་འཇོག་རྩ་འཛུགས་བཟང་པོར་སྤེལ་རྒྱུ་དེ་རེད།

ཇུས་གཞིའི་དེའི་ནང་དུ། ཏང་གིས་ལས་རིགས་སློབ་གསོའི་བྱ་བར་ཕྱོགས་ཡོངས་ནས་འགོ་ཁྲིད་པར་ཤུགས་བསྣན་ཏེ། ལས་རིགས་སློབ་གསོའི་བཅོས་སྒྱུར་གྱི་རྩ་འཛུགས་ལག་བསྟར་དང་འབྲེལ་ཡོད་འགན་སྲུང་བྱ་བ་བཟང་པོར་བསྒྲུབ་དགོས་ལ། ཏང་གི་སློབ་གསོའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཏང་འཛུགས་བྱ་བ་དང་སློབ་གྲྭའི་ལས་དོན་འཕེལ་རྒྱས་ལ་མཉམ་དུ་བཀོད་སྒྲིག་དང་མཉམ་དུ་དངོས་འབེབས། མཉམ་དུ་དཔྱད་འཇོག་བྱེད་དགོས་ཤིང་། ལག་རྩལ་འཇོན་མིའི་ཐོབ་ཐང་ཇེ་མཐོར་གཏོང་བ་དང་། གྲོན་དངུལ་བཀོལ་སྤྱོད་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། ལས་རིགས་སློབ་གསོའི་སློབ་སྒྲུབ་སྤུས་ཚད་ཀྱི་ཁྲིད་སྟོན་གདེང་འཇོག་ལ་ཤུགས་སྣོན་དགོས་པའི་རེ་བ་བཏོན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།