ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀོང་ཏུང་ཞང་ཀང་ཨོ་མིན་ཁུགས་ཁུལ་ཆེན་མོའི་འཕེལ་རྒྱས་འཆར་འགོད་རྩ་གནད་དཔར་ནས་བཀྲམ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་བཅོ་བརྒྱད་ཉིན་ཀོང་ཏུང་ཞང་ཀང་ཨོ་མིན་ཁུགས་ཁུལ་ཆེན་མོའི་འཕེལ་རྒྱས་འཆར་འགོད་རྩ་གནད་དཔར་ནས་བཀྲམ། འཆར་འགོད་རྩ་གནད་ནང་དུ་བསྟན་དོན། ཀོང་ཏུང་ཞང་ཀང་ཨོ་མིན་ཁུགས་ཁུལ་ཆེན་མོ་འཛུགས་སྐྲུན་བྱེད་པ་ནི། དུས་རབས་གསར་པར་ཕྱོགས་ཡོངས་ནས་སྒོ་འབྱེད་པའི་རྣམ་པ་གསར་པ་བསྐྲུན་པའི་ཚོད་ལྟ་གསར་པ་ཡིན་པར་མ་ཟད། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱ་གཞག་གོང་དུ་སྤེལ་བའི་ལག་ལེན་གསར་པ་ཡང་ཡིན། འཆར་འགོད་འདི་སྒྲིག་བཟོ་བྱེད་དོན་ནི། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་ཆ་ཚང་ཞིང་ཡང་དག་པར་ལག་བསྟར་བྱས་ཏེ། ཀོང་ཏུང་དང་། ཞང་ཀང་། ཨོ་མིན་བཅས་ཀྱི་ཕྱོགས་བསྡུས་ཁྱད་སྟོབས་ལེགས་པར་འདོན་པ་དང་། ནང་ལོག་དང་ཞང་ཀང་ཨོ་མིན་བར་གྱི་མཉམ་ལས་ཟབ་སྤེལ་བྱེད་པ། ཀོང་ཏུང་ཞང་ཀང་ཨོ་མིན་ཁུགས་ཁུལ་ཆེན་མོས་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་ཕྱི་ཕྱོགས་སྒོ་འབྱེད་ཁྲོད་དུ་ཐོན་པའི་རྒྱབ་རྟེན་ཁྲིད་སྟོན་གྱི་ནུས་པ་སྔར་ལས་མཐོར་འདེགས་བྱེད་པ། ཞང་ཀང་དང་ཨོ་མིན་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་སུ་འདྲེས་པར་རྒྱབ་སྐྱོར་བྱེད་པ། ཞང་ཀང་དང་ཨོ་མིན་སྤུན་ཟླར་སྔར་ལས་བདེ་སྐྱིད་བསྐྲུན་པ། ཞང་ཀང་དང་ཨོ་མིན་གྱི་ཡུན་རིང་གི་དར་རྒྱས་གཏན་འཇགས་སྲུང་འཛིན་བྱེད་པ་བཅས་བྱས་ཏེ། ཞང་ཀང་དང་ཨོ་མིན་སྤུན་ཟླར་མེས་རྒྱལ་མི་དམངས་དང་མཉམ་དུ་མི་རིགས་བསྐྱར་དར་གྱི་ལོ་རྒྱས་འགན་འཁྲི་ཁུར་དུ་འཇུག་རྒྱུ་དང་མེས་རྒྱལ་དར་རྒྱས་འབྱོར་ཕྱུག་གི་རླབས་ཆེན་གཟི་བརྗིད་མྱོང་དུ་འཇུག་རྒྱུའི་ཆེད་ཡིན།

འཆར་འགོད་འདི་ནི་ཀོང་ཏུང་ཞང་ཀང་ཨོ་མིན་ཁུགས་ཁུལ་ཆེན་མོའི་དེང་སྐབས་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་མཉམ་ལས་འཕེལ་རྒྱས་ལ་མཛུབ་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཡིན་པ་དང་། བསྡོམས་པས་འཆར་འགོད་ཀྱི་རྒྱབ་ལྗོངས་དང་། སྤྱིའི་བླང་བྱ། བར་སྟོང་བཀོད་སྒྲིག རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་ལྟེ་གནས་འཛུགས་སྐྲུན་བྱེད་པ། རྨང་གཞིའི་སྒྲིག་ཆས་ཀྱི་མཉམ་འབྲེལ་མཉམ་འདྲེས་ཇེ་མགྱོགས་སུ་གཏོང་བ། རྒྱལ་སྤྱིའི་འགྲན་རྩོད་ནུས་ཤུགས་ལྡན་པའི་དེང་རབས་ཐོན་ལས་མ་ལག་འཛུགས་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། བཅའ་སྡོད་དང་ལས་གཉེར། ཡུལ་སྐོར་བཅས་ལ་འཚམ་པའི་སྤུས་ལེགས་འཚོ་བ་བསྐྲུན་པ། མཉམ་ལས་དམ་པོས་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ལ་མཉམ་དུ་ཞུགས་པ། ཀོང་ཏུང་དང་ཞང་ཀང་། ཨོ་མིན་བཅས་ཀྱི་མཉམ་ལས་འཕེལ་རྒྱས་སྟེགས་བུ་མཉམ་དུ་བསྐྲུན་པ། འཆར་འགོད་ལག་བསྟར་བཅས་ལེའུ་བཅུ་རུ་བགོས་ཡོད་ལ། འཆར་འགོད་ཀྱི་དུས་ཡུན་ཐུང་བ་ནི་ཉིས་སྟོང་ཉེར་གཉིས་ལོའི་བར་ཡིན་ལ། དུས་ཡུན་རིང་བ་ནི་ཉིས་སྟོང་སོ་ལྔ་ལོའི་བར་སྔོན་དཔག་བྱས་ཡོད།

ཀོང་ཏུང་ཞང་ཀང་ཨོ་མིན་ཁུགས་ཁུལ་ཆེན་མོའི་ནང་དུ་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་དང་། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ། ཀོང་ཏུང་ཞིང་ཆེན་གྱི་ཀོང་ཀྲིག་གྲོང་ཁྱེར་དང་ཧྲིན་ཀྲིན་གྲོང་ཁྱེར། ཀྲུའུ་ཧེ་གྲོང་ཁྱེར། ཧྥོ་ཧྲན་གྲོང་ཁྱེར། ཧོས་ཀྲིག་གྲོང་ཁྱེར། ཏུང་ཀོན་གྲོང་ཁྱེར། ཀྲུང་ཧྲན་གྲོང་ཁྱེར། ཅང་མིན་གྲོང་ཁྱེར། ཀྲའོ་ཆིན་གྲོང་ཁྱེར་བཅས་འདུ་ཞིང་། རང་རྒྱལ་གྱི་སྒོ་འབྱེད་ཚད་ཆེས་མཐོ་བ་དང་། དཔལ་འབྱོར་གསོན་ཤུགས་ཆེས་ཆེ་བའི་ཁུལ་ཁོངས་ཤིག་ཡིན་ལ། རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཀྱི་ཁྲོད་དུ་འཐབ་ཇུས་ཀྱི་གོ་གནས་གལ་ཆེན་ཟིན་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།