ཀྲུང་གོ་བོད་ཀྱི་དྲ་བ།

ནར་མ་སོན་པའི་མིའི་སྲུང་སྐྱོབ་བཅའ་ཁྲིམས་ལ་བཟོ་བཅོས་ཆེན་པོ་བྱ་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2019-03-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཉེ་ཆར་རྒྱལ་ཡོངས་དམངས་ཆེན་སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་ནས་ཤེས་གསལ་ལྟར་ན།ནར་མ་སོན་པའི་མིའི་སྲུང་སྐྱོབ་བཅའ་ཁྲིམས་ལ་བཟོ་བཅོས་བྱེད་པའི་འཆར་ཟིན་ད་ལོར་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་སྤྲད་དེ་གྲོས་ཞིབ་བྱེད་དུ་འཇུག་རྩིས་ཡོད།ནར་མ་སོན་པའི་མིའི་སྲུང་སྐྱོབ་བཅའ་ཁྲིམས་ལ་བཟོ་བཅོས་ཆེན་པོ་བྱེད་ན།གནས་བབ་གསར་པའི་འོག་གི་ནར་མ་སོན་པའི་མི་ལ་སྲུང་སྐྱོབ་བྱེད་པའི་བྱ་བའི་ཐད་གནས་པའི་གནད་དོན་ཐག་གཅོད་བྱེད་པར་ཁྲིམས་སྐྱོང་གི་འགན་སྲུང་འདོན་སྤྲོད་བྱེད་ཐུབ།

“ཐེངས་འདིའི་ནར་མ་སོན་པའི་མིའི་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་བཟོ་བཅོས་ནི་བཟོ་བཅོས་ཆེན་པོ་ཞིག་ཡིན་ལ།དོན་ཚན་ལྡབ་གཅིག་ཁ་སྣོན་བྱེད་རྒྱུ་ཡིན་པར་མ་ཟད།སློབ་རའི་བརྙས་བཅོས་སོགས་ཀྱི་གནད་དོན་ཡང་དེའི་ནང་དུ་བསྡུས་ཡོད”ཅེས་རྒྱལ་ཡོངས་དམངས་ཆེན་སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་སྤྱི་ཚོགས་ལས་དོན་ཁང་གི་ཀྲུའུ་རེན་གཞོན་པ་ལིའུ་ཞིན་ཧྭ་ཡིས་དེ་ལྟར་བཤད་པ་དང་།དུས་མཉམ་དུ་ད་རུང་ནར་མ་སོན་པའི་མིའི་ཉེས་བསགས་སྔོན་འགོག་བྱེད་པའི་བཅའ་ཁྲིམས་ལ་བཟོ་བཅོས་བྱེད་པར་ཞིབ་འཇུག་བྱས་ཏེ།ནར་མ་སོན་པའི་མིའི་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་བཟོ་བཅོས་དང་མཉམ་དུ་སྤེལ་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན།རྒྱལ་ཡོངས་དམངས་ཆེན་སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གིས་ད་ལོར་ནར་མ་སོན་པའི་མིའི་ཉེས་བསགས་སྔོན་འགོག་བཅའ་ཁྲིམས་ལ་བཟོ་བཅོས་བྱེད་པའི་འཆར་ཟིན་དང་བཟོ་བཅོས་གསལ་བཤད་མགྱོགས་པོར་བཟོ་བ་དང་།ནར་མ་སོན་པའི་མིའི་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་དང་མཉམ་དུ་གྲོས་ཞིབ་ཆ་རྐྱེན་ལོངས་པར་བརྩོན་ལེན་བྱས་ཏེ།རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བདེ་བླག་དང་ནུས་ལྡན་སྒོས་འབྲེལ་ཡོད་བཅའ་ཁྲིམས་ལ་གྲོས་ཞིབ་བྱེད་པར་གྲ་སྒྲིག་གི་རྨང་གཞི་འདིང་རྒྱུ་རེད།དུས་མཉམ་དུ་ནར་མ་སོན་པའི་མིའི་ཉེས་བསགས་སྔོན་འགོག་བཅའ་ཁྲིམས་དེ་ནར་མ་སོན་པའི་མིའི་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་བཟོ་བཅོས་ནང་དོན་དང་མཐུན་སྦྱོར་མཉམ་སྡེབ་ཡོང་བར་ཤུགས་སྣོན་པ་དང་།སྔོན་གྱི་བཅའ་ཁྲིམས་ཁྲོད་གནས་པའི་སྣོལ་ཟློས་དང་སྟོང་ཆ།གནད་དུ་མི་ཁེལ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ།ནར་མ་སོན་པའི་མིའི་ལུས་སེམས་བདེ་ཐང་ཡོང་བའི་ཐད་ཁྲིམས་སྐྱོང་གི་ཁོར་ཡུག་ལེགས་པོ་ཞིག་འདོན་སྤྲོད་བྱེད་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན།བཟོ་བཅོས་འཆར་ཟིན་དང་བཟོ་བཅོས་གསལ་བཤད་ལ་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་སྟེང་གྲོས་ཞིབ་བྱས་ཏེ་འཐད་པ་བྱུང་རྗེས།སྔོན་དཔག་བྱས་ན་ད་ལོའི་ཟླ་བཅུ་པར་བསྡུ་བའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྟེང་ཐོག་མའི་གྲོས་ཞིབ་བྱེད་དུ་འཇུག་ཐུབ་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།