ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཧུའུ་ཉིང་གིས་སོ་སོར་ཁམ་ཕུ་ཁྲེ་ཡི་དབུ་བཞུགས་བློན་ཆེན་དང་ཅེ་ཁི་ཡི་ཙུང་ཐུང་གཉིས་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-04-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124429301_15564531986531n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་གིས་ཚེས་ཉེར་བདུན་ཉིན་ནས་ཚེས་ཉེར་བརྒྱད་ཉིན་བར་སོ་སོར་ཏེའོ་དབྱི་ཐེ་རྒྱལ་མགྲོན་ཁང་ནས་ཁམ་ཕུ་ཁྲེ་ཡི་དབུ་བཞུགས་བློན་ཆེན་ཧོང་སུན་དང་ཅེ་ཁི་ཡི་ཙུང་ཐུང་ཙིག་མན་གཉིས་ལ་མཇལ་འཕྲད་གནང་།

ཧོང་སུན་ལ་མཇལ་འཕྲད་གནང་སྐབས། ཝང་ཧུའུ་ཉིང་གིས་བསྟན་དོན། ཀྲུང་གོ་དང་ཁམ་ཕུ་ཁྲེ་ཡི་མཛའ་བརྩེའི་རྒྱུན་རིང་བ་དང་། ཕྱོགས་གཉིས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་་དང་དབུ་བཞུགས་བློན་ཆེན་གཉིས་བར་བྱུང་བའི་ཐུན་མོང་གི་ལྟ་བ་གལ་ཆེན་ལྟར། ཀྲུང་གོ་དང་ཁམ་ཕུ་ཁྲེའི་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་སྐལ་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་བཞིན་ཡོད། ཀྲུང་གོས་སྔར་བཞིན་དུ་ཁམ་ཕུ་ཁྲེ་ཡིས་རང་བཙན་དང་རང་བདག རྒྱལ་ཁབ་ཀྱི་ལ་རྒྱར་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། ཁམ་ཕུ་ཁྲེ་རང་རྒྱལ་གྱི་གནས་ཚུལ་དངོས་དང་མཐུན་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་སྐྱོད་པར་རྒྱབ་སྐྱོར་བྱེད་པ། ཁམ་ཕུ་ཁྲེ་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པ། ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། ཀྲུང་གོ་དང་ཁམ་ཕུ་ཁྲེ་ཡི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གོ་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་སྔར་ལས་མང་པོ་བསྐྲུན་དགོས་ཟེར།

ཧོང་སུན་གྱིས་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གཉིས་པ་རྒྱལ་ཁའི་ངང་བསྡུས་པར་རྟེན་འབྲེལ་ཞུས་པ་དང་། ཁམ་ཕུ་ཁྲེ་ཡིས་ཀྲུང་གོས་དུས་ཡུན་རིང་བོར་རྒྱབ་སྐྱོར་དང་རོགས་རམ་ཆེན་པོ་བྱས་པར་བཀའ་དྲིན་ཞུས་པ་ཡིན་ལ། ཁམ་ཕུ་ཁྲེའི་ཟུར་བཞི་འཐབ་ཇུས་དང་རྒྱུད་གཅིག་ལམ་གཅིག་གྲོས་གཞི་སྦྲེལ་མཐུན་བྱེད་པར་ཤུགས་བསྣན་ནས། ཁམ་ཕུ་ཁྲེ་དང་ཀྲུང་གོའི་མཉམ་ལས་ཐད་ནས་གྲུབ་འབྲས་སྔར་ལས་མང་པོ་ལེན་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཙིག་མན་ལ་མཇལ་འཕྲད་གནང་སྐབས་ཝང་ཧུའུ་ཉིང་གིས་བསྟན་དོན། ཀྲུང་གོ་དང་ཅེ་ཁི་ཡི་འཐབ་ཇུས་གྲོགས་པོའི་འབྲེལ་བ་དེ་ཁྱོན་ཡོངས་ནས་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་འགྲོ་བའི་དུས་སྐབས་གསར་བར་སླེབས་ཡོད་པ་དང་། ཚེས་ཉེར་བརྒྱད་ཉིན་གྱི་སྔ་དྲོར། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ཐུང་གཉིས་ཀྱིས་ལོ་ལྔའི་ཚུན་གྱི་གྲོས་མོལ་ཐེངས་བརྒྱད་པ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གཏིང་ཟབ་ཏུ་གཏོང་བའི་ཐད་ཁ་ཕྱོགས་གསལ་བོ་བསྟན། ཀྲུང་གོས་ཅི་ཁི་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་མི་སྣའི་ཐུན་མོང་གི་ལྟ་བ་གལ་ཆེན་ལག་བསྟར་བཟང་བོ་བྱེད་པ་དང་། ཀྲུང་གོ་དང་ཅེ་ཁི་བར་འབྲེལ་བ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པ་དེ་གོ་སྐབས་སུ་བརྩིས་ཏེ། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཀྱི་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་བྱེད་པ་ད་ང། ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། རྒྱལ་སྤྱིའི་ལས་དོན་ཐད་ཀྱི་བརྗེ་རེས་དང་མཐུན་སྦྱོར་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཙིག་མན་གྱིས་རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་སྐབས་གཉིས་པ་རྒྱལ་ཁའི་ངང་བསྡུས་པར་རྟེན་འབྲེལ་ཞུས་པ་དང་། ཅེ་ཁི་ཡི་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ལ། ཀྲུང་གོའི་ཁེ་ལས་ཅེ་ཁི་རུ་ཡོང་ནས་དངུལ་གཏོང་བར་དགའ་བསུ་ཞུ་བཞིན་ཡོད་པ་དང་། ཀྲུང་གོའི་བར་གྱི་དངོས་གཉེར་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཐད་ནས་གྲུབ་འབྲས་སྔར་ལས་མང་པོ་ལེན་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།