ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་དཔལ་འབྱོར་ཉེས་གསོག་ལ་རྡུང་རྡེག་དང་འགོག་ཟོན་གྱི་དྲིལ་བསྒྲགས་ཉིན་མོའི་བྱེད་སྒོ་སྤེལ་བ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-05-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ད་ལོའི་ཟླ5ཚེས15ཉིན་ནི་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་དཔལ་འབྱོར་ཉེས་གསོག་ལ་རྡུང་རྡེག་དང་འགོག་ཟོན་བྱེད་པའི་དྲིལ་བསྒྲགས་ཉིན་མོ་ཡིན་ཞིང་། བྱེད་སྒོའི་བརྗོད་དོན་གཙོ་བོ་ནི“དམངས་དང་སེམས་པ་སྦྲེལ་ནས་ཁྱེད་ཀྱི་ཁེ་དབང་སྲུང་བར་བྱེད”ཞེས་པ་ཡིན་ཞིང་། དྲིལ་བསྒྲགས་ཀྱི་གཙོ་གནད་ནི་ཁྲིམས་དང་མི་མཐུན་པར་མ་དངུལ་བསྡུ་རུབ་དང་དྲ་རྒྱའི་བརྒྱུད་ཚོང་སོགས་མཐོང་མང་ལ་ཐོན་མང་བའི་མང་ཚོགས་དང་འབྲེལ་བའི་དཔལ་འབྱོར་ཉེས་གསོག་ལ་རྡུང་རྡེག་དང་འགོག་ཟོན་བྱེད་པ་དེ་རེད། སྤྱི་བདེ་པུས་ཆེད་མངགས་དྲ་རྒྱའི་དམིགས་བསལ་ལེ་ཚན《ཁྲིམས་དང་མི་མཐུན་པར་མ་དངུལ་བསྡུ་རུབ་ཀྱི“ནད་བརྟག་ཁང”》ཞེས་པ་བཏོན་ཞིང་། ལེ་ཚན་འདི་ཉིད་འཁྲབ་གཏོང་ཁང་དུ་བཅར་གླེང་བྱེད་སྟངས་སྤྱད་དེ་མཐོང་མང་ལ་ཐོན་མང་བའི་ཁྲིམས་དང་མི་མཐུན་པར་མ་དངུལ་བསྡུ་རུབ་ཀྱི་ཉེས་གསོག་བྱེད་སྟངས་དང་དེའི་མ་དངུལ་གཡོ་ལེན་གྱི་ངོ་བོ་གཙོ་གནད་ཐོག་གསལ་སྟོན་བྱས་ཤིང་། ས་གནས་ཁག་གི་སྤྱི་བདེ་ལས་ཁུངས་ཀྱིས་དུས་མཉམ་དུ་དྲིལ་བསྒྲགས་བྱེད་སྒོ་སྣ་ཚོགས་སྤེལ་ཏེ་རྒྱ་ཆེའི་མི་དམངས་མང་ཚོགས་ལ་ཁྲིམས་འགལ་བའི་གནོད་འཚེ་མི་ཕོག་པ་བྱས་པ་རེད།

སྤྱི་བདེ་པུའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། དེང་སྐབས་རྒྱལ་སྤྱི་དང་རྒྱལ་ནང་གི་རྙོག་འཛིང་ཆེ་བའི་རྒྱུ་རྐྱེན་སྣ་ཚོགས་ཀྱི་ཤུགས་རྐྱེན་འོག རང་རྒྱལ་གྱི་དཔལ་འབྱོར་ཉེས་གསོག་བྱེད་སྤྱོད་སྔར་བཞིན་ཐོན་མང་བའི་དུས་སུ་གནས་ཡོད། དེའི་ཁྲོད་དུ་ཁྲིམས་དང་མི་མཐུན་པར་མ་དངུལ་བསྡུ་རུབ་དང་དྲ་རྒྱའི་བརྒྱུད་ཚོང་སོགས་མང་ཚོགས་དང་འབྲེལ་བའི་ཉེས་གསོག་ཡང་ཡང་ཐོན་གྱི་ཡོད། དེ་ཉིད་ཁྱབ་མགྱོགས་པ་དང་། ཁྱབ་ཚད་ཆེ་བ། རྣམ་པ་གསར་ལ་མང་བས་གསར་དར་དཔལ་འབྱོར་གྱི་ཁྱབ་ཁོངས་ཁག་གཅིག་དཔེར་ན། དྲ་རྒྱའི་བུན་གཏོང་དང་། མ་འཇོག་རྒྱུ་ནོར་བདག་གཉེར། རྒན་གསོའི་ཞབས་ཞུ། འཛད་སྤྱོད་ཁེ་བཟང་སྤྲོད་པ། དངུལ་ལོར་འདྲ་བཟོ། དངུལ་རྩའི་རོགས་རེས་སོགས་ནི་ཉེས་གསོག་བྱེད་སྤྱོད་ཐོན་མང་བར་གྱུར་ཡོད་ཅིང་། དེའི་བསླུ་བྲིད་ནུས་པ་ཆེ་ལ་རྨོངས་ཉེན་ཆེན་པོ་ཡོད་པ་རེད།

ན་ནིང་ནས་བཟུང་། དཔལ་འབྱོར་ཉེས་གསོག་གི་དུས་བབ་གསར་པ་དང་ཁྱད་ཆོས་གསར་པར་དམིགས་ནས་སྤྱི་བདེ་པུས་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་བའི་འགན་འཁྲི་གཙོ་བོ་འཁུར་རྒྱུའི་བཀོད་སྒྲིག་བྱས་ནས་ལམ་སྲོལ་དང་བྱེད་ཐབས་གསར་གཏོད་ཧུར་ཐག་གིས་དཔལ་འབྱོར་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་བས“ལན་པི་དངུལ་རྩའི་དྲ་ཚིགས”དང“སྡེབ་གཡར་དྲ་ཚིགས”“ཡུན་ཅི་ཕིན་དྲ་ཚིགས”སོགས་མང་ཚོགས་ཀྱིས་གླེང་མང་བ་དང་འབྲེལ་ཡོད་མི་སྣ་མང་བའི་དམིགས་བསལ་ཚབས་ཆེའི་གྱོད་གཞི་འབོར་ཆེན་སྔ་རྗེས་སུ་ཞིབ་བཤེར་ཐག་གཅོད་ཐུབ་པ་དང་། “ཝ་རྔོན་བྱ་སྤྱོད”དང་ཁྲིམས་དང་མི་མཐུན་པར་མ་དངུལ་བསྡུ་རུབ་དང་ས་འོག་དངུལ་ཁང་གི་ཉེས་གསོག་ལ་རྡུང་རྡེག་གཏོང་བ་སོགས་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་ནས་དཔལ་འབྱོར་ཉེས་གསོག་གྱོད་གཞི་ཁྲི10ཙམ་རྩད་ཆོད་པ་དང་། ཐད་ཀའི་དཔལ་འབྱོར་གྱོང་གུན་སྒོར་དུང་ཕྱུར་560ལྷག་ཙམ་གསབ་སྟེ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་དང་དཔལ་འབྱོར་གྱི་དངུལ་རྩའི་སྒྲིག་ལམ་སྲུང་སྐྱོང་། སྤྱི་ཚོགས་ཀྱི་དྲང་སྙོམས་དྲང་བདེན་ལ་སྐུལ་འདེད་གཏོང་ཕྱིར་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད།

སྤྱི་བདེ་པུའི་འབྲེལ་ཡོད་འགན་འཁུར་བས། སླད་ཕྱིན་དཔལ་འབྱོར་ཉེས་གསོག་ལ་རྡུང་རྡེག་དང་འགོག་ཟོན་གྱི་ལས་དོན་སྔར་བས་ཡག་པོ་བསྒྲུབས་ནས་ཁྲིམས་ལྟར་རྒྱ་ཆེའི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་དང་། ཁྲོམ་རའི་དཔལ་འབྱོར་སྒྲིག་ལམ་མཐའ་གཅིག་ཏུ་སྲུང་སྐྱོང་། རྒྱལ་ཁབ་ཀྱི་དཔལ་འབྱོར་དངུལ་རྩའི་བདེ་འཇགས་འགན་ལེན་བཅས་བྱེད་རྒྱུ་ཡིན་ཞེས་བཤད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།