ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚོགས་འདུའི་སྟེང《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་གཞི་སྒྲིག་ཁོངས་ལས་དོན་སྲོལ་ཡིག》དང《ཀྲུང་གོ་གུང་ཁྲན་ཏང་གི་གྲོང་གསེབ་ལས་དོན་སྲོལ་ཡིག》ལ་གྲོས་ཞིབ་བྱས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-06-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཟླ6པའི་ཚེས24ཉིན་ཚོགས་འདུ་འཚོགས་ཏེ《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་གཞི་སྒྲིག་ཁོངས་ལས་དོན་སྲོལ་ཡིག》དང《ཀྲུང་གོ་གུང་ཁྲན་ཏང་གི་གྲོང་གསེབ་ལས་དོན་སྲོལ་ཡིག》ལ་གྲོས་ཞིབ་བྱས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་ཐོག་བསྟན་དོན། སྒྲིག་གཞི་སྒྲིག་ཁོངས་ཐོན་ཁུངས་ནི་ཆབ་སྲིད་ཀྱི་ཐོན་ཁུངས་དང་སྲིད་སྐྱོང་གི་ཐོན་ཁུངས་གཙོ་བོ་ཡིན་པ་དང་སྒྲིག་གཞི་སྒྲིག་ཁོངས་ལས་དོན་གྱིས་ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞིའི་འགན་ནུས་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། སྒྲིག་གཞི་སྒྱུར་བཅོས་ཟབ་གཏོང་། ཏང་གི་སྲིད་འཛིན་ཐོན་ཁུངས་བཀོད་སྒྲིག་ལེགས་གཏོང་བཅས་བྱེད་པའི་ཐད་གལ་འགངས་ཆེ་བའི་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་གཞི་སྒྲིག་ཁོངས་ལས་དོན་སྲོལ་ཡིག》བཟོས་པ་དང་ལག་བསྟར་བྱས་པ་དེས་ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞིའི་ཁྲིམས་སྲོལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། སྒྲིག་གཞི་སྒྲིག་ཁོངས་ཁྲིམས་ལུགས་ཅན་དུ་སྐུལ་འདེད་གཏོང་བ། སྒྲིག་གཞི་སྒྲིག་ཁོངས་ལས་དོན་ཆུ་ཚད་མཐོ་རུ་གཏོང་བ་བཅས་ཀྱི་ཐད་གལ་འགངས་ཧ་ཅང་ཆེ་བའི་དོན་སྙིང་ལྡན་ཡོད།

ཚོགས་འདུའི་ཐོག་ནན་བཤད་གནང་དོན། དུས་རབས་གསར་པའི་སྒྲིག་གཞི་སྒྲིག་ཁོངས་ལས་དོན་ཡག་པོ་སྒྲུབ་པར“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་སྒྲིག་གཞི་སྒྲིག་ཁོངས་ལས་དོན་གྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱེད་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་ཚང་དང་འཕེལ་རྒྱས་གཏོང་བ་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་གྱུར་བའི་སྟོན་ཕྱོགས་ལ་སྐུལ་འདེད་བཏང་སྟེ་ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞིའི་འགན་ནུས་བཟང་སྒྲིག་དང་། མཐུན་སྦྱོར། ནུས་ཆེ་བཅས་ལ་སྐུལ་འདེད་གཏོང་རྒྱུ་ཤུགས་རྒྱག་སར་བྱས་ནས་སྒྲིག་གཞི་བཀོད་སྒྲིག་འཐུས་ཚང་དང་། འགན་ནུས་བཀོད་སྒྲིག་ལེགས་གཏོང་། ལས་ཕྱོད་ཕན་ནུས་ཆེར་གཏོང་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ལ་ལམ་ལུགས་དང་རྩ་འཛུགས་ཀྱི་འགན་ལེན་ནུས་ལྡན་བྱེད་དགོས།

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་སྒྲིག་གཞི་སྒྲིག་ཁོངས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ཏང་ཨུད་རྩ་འཛུགས་པུའུ་ཁག་དང་སྒྲིག་གཞི་གཞུང་དོན་ཁང་གིས་ཏང་ཨུད་ལ་གཞོགས་འདེགས་ཀྱིས་སྤྱི་འདོམས་མཐུན་སྦྱོར་ལ་དམ་འཛིན་དང་མཛུབ་ཁྲིད་ལ་ལྕག་སྐུལ་བཏང་ནས་ལེ་ལག་ཚང་བའི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ་དང་འབྲེལ་ཡོད་འགན་ནུས་སྡེ་ཚན་གྱིས་གཞོགས་འདེགས་དམ་ཟབ་དང་ལས་བགོས་མཉམ་ལས་བྱས་ཏེ་ལས་ཀའི་མཉམ་ཤུགས་ཆགས་པ་བྱེད་དགོས།

ཚོགས་འདུའི་ཐོག་བསྟན་དོན། 《ཀྲུང་གོ་གུང་ཁྲན་ཏང་གི་གྲོང་གསེབ་ལས་དོན་སྲོལ་ཡིག》བཟོ་བ་དེ་ནི་ཏང་གིས་གྲོང་གསེབ་ལས་དོན་ལ་དོ་དམ་བྱེད་པའི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་དེས་ཏང་གིས་གྲོང་གསེབ་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་གྲོང་གསེབ་ཏུ་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་བཏང་ནས་དུས་རབས་གསར་པའི་གྲོང་གསེབ་ལས་དོན་ཐད་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་རྒྱུན་འཁྱོངས་ཐུབ་པའི་འགན་ལེན་བྱེད་པར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད།

ཚོགས་འདུའི་ཐོག་ནན་བཤད་བྱས་དོན། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱ་རྒྱུ་དམ་འཛིན་བྱེད་གཞི་གཙོ་བོར་བརྩིས་ནས་ཏང་གིས་གྲོང་གསེབ་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཛུགས་སྐྱོང་། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད། སྤྱི་ཚོགས་འཛུགས་སྐྲུན། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བཅས་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཏང་གིས་གྲོང་གསེབ་ལས་དོན་ལ་འགོ་ཁྲིད་བྱེད་པའི་རྩ་འཛུགས་ཀྱི་མ་ལག་དང་། ལམ་ལུགས་ཀྱི་མ་ལག ལས་ཀའི་ལམ་སྲོལ་བཅས་འཐུས་སྒོ་ཚང་དུ་བཏང་སྟེ་གྲོང་གསེབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། “ཞིང་གསུམ”གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་ལས་ཀའི་གལ་ཆེའི་ནང་གི་འགངས་ཆེར་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། སྤྲོད་མང་ཉུང་ལེན་དང་ལྷུག་གཏོང་མཐའ་འཁྱོངས་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བློ་རྩེ་གཅིག་སྒྲིམ་ངང་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཐོག་ཐུན་མོང་འབྱོར་ཕྱུག་གི་ལམ་བུའི་ཐོག་བསྐྱོད་དགོས།

ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་གནང་བ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།