ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་གིས་ཀའོ་ཅིན་སོ་མཱེ་འཁོར་དང་བཅས་པར་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ6པའི་ཚེས28ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་པེ་ཅིན་ནས་ཐེ་ཝན་མཚོ་འགག་འགྲམ་གཉིས་ཀྱི་ཞི་བདེ་འཕེལ་རྒྱས་གླེང་སྟེགས་ཀྱི་མཚན་འཛིན་བློ་འདོན་པ་ཀའོ་ཅིན་སོ་མཱེ་ཡིས་ཁྲིད་པའི་ཐེ་ཝན་དམངས་དོན་འཐུས་མི་དང་གྲངས་ཉུང་མི་རིགས་ཀྱི་འཚམས་འདྲི་ཚོགས་པར་མཇལ་འཕྲད་གནང་།

ཝང་དབྱང་གིས་ཀའོ་ཅིན་སོ་མཱེ་དང་འཚམས་འདྲི་ཚོགས་པས་ལོ་མང་པོའི་རིང་ལ་ལངས་ཕྱོགས་བརྟན་པོ་བྱས་ཏེ་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱས་ཤིང་། རྦོད་ཆོད་སྒོས་ཐེ་ཝན་རང་བཙན་ལ་ངོ་རྒོལ་བྱས་པ་དང་ཧུར་ཐག་སྒོས་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་བར་གཟེངས་བསྟོད་མཛད། ཁོང་གིས་གསུངས་རྒྱུར། ང་ཚོས་ཐེ་ཝན་སྤུན་ཟླའི་འབོད་སྐུལ་ལ་ཉན་འདོད་པ་དང་ཐེ་ཝན་ལ་ཕན་པའི་སྲིད་ཇུས་དང་བྱེད་ཐབས་དངོས་འབེབས་བཟང་བོ་བྱེད་པ་དང་། ལྷག་པར་དུ་ཐེ་ཝན་གྱི་གྲང་ཉུང་མི་རིགས་སྤུན་ཟླ་དང་གཞི་རིམ་མང་ཚོགས་ཀྱིས་བདེ་སྐྱིད་ཀྱི་འཚོ་བ་རོལ་བར་རོགས་རམ་བྱེད་འདོད་ཡོད་ཟེར།

ཀའོ་ཅིན་སོ་མཱེ་ཡིས་བཤད་རྒྱུར། མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླ་ནི་ཁྱིམ་ཚང་གཅིག་ལྟ་བུ་ཡིན་པ་དང་ཀྲུང་ཧྭ་མི་རིགས་ཀྱི་ཁོངས་སུ་གཏོགས་པས། གོ་གཉིས་ལོའི་ཐུན་མོང་གི་ལྟ་ཚུལ་རྒྱུན་འཁྱོངས་བྱེད་པ་དང་ཐེ་ཝན་རང་བཙན་ལ་ངོ་རྒོལ་བྱེད་པ། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བས་འཕེལ་རྒྱས་སུ་འགྲོ་བར་མཉམ་དུ་སྐུལ་འདེད་གཏོང་བ། ལག་རྡང་སྦྲེལ་ཏེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།