ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-07-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་གནང་བ་བརྒྱུད། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《གྲོང་གསེབ་ཀྱི་ཐོན་ལས་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་པ་རེད།

《བསམ་འཆར》ནང་བཏོན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བརྟན་པོ་འཛུགས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་དོན་འཁྱོལ་བྱེད་པ། ཞིང་ལས་དང་གྲོང་གསེབ་སྔོན་དུ་འཕེལ་རྒྱས་གཏོང་བའི་སྤྱིའི་བྱེད་ཕྱོགས་མཐའ་འཁྱོངས་བྱེད་པ། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་རྒྱུ་སྤྱིའི་དམ་འཛིན་བྱ་གཞིར་བྱེད་པ། ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་བྱེད་པ། གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ཡོང་རྒྱུར་དམིགས་པ། དབུལ་སྒྲོལ་འགག་སྒྲོལ་དང་སྦྲེལ་མཐུད་ནུས་ལྡན་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་དང་མཉམ་འགུལ་སྐུལ་འདེད་གཏོང་བ། གཙོ་གནད་ཐོན་ལས་ལ་དམིགས་པ། ཐོན་ཁུངས་ཀྱི་རྒྱུ་རྐྱེན་ལ་དམིགས་པ། གསར་གཏོད་སྣེ་ཁྲིད་ལ་ཤུགས་རྒྱག་པ། ཚོགས་པའི་སྦྲེལ་མཐུད་མངོན་གསལ་དོད་པོ་ཡོང་བ་བྱེད་པ། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་པ། དེང་རབས་ཅན་གྱི་ཞིང་ལས་ཐོན་ལས་མ་ལག་དང་། ཐོན་སྐྱེད་མ་ལག གཉེར་སྐྱོང་མ་ལག་བཅས་གང་མགྱོགས་གཏོད་པ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་ཆགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཞིང་ལས་གྲོང་གསེབ་དེང་རབས་ཅན་ལ་རྨང་གཞི་བརྟན་པོ་འདིང་དགོས།

《བསམ་འཆར》ནང་ཁ་གསལ་བཏོན་དོན། གྲོང་གསེབ་ཀྱི་ཐོན་ལས་ནི་རྫོང་ཁོངས་སུ་གཞི་ཚུགས་པ་དང་། ཞིང་ལས་གྲོང་གསེབ་ཀྱི་ཐོན་ཁུངས་ལ་བརྟེན་པ་དང་། ཞིང་པ་བྱེད་པོར་བྱེད་པ། གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་གཏོང་བ་ཐབས་ལམ་དུ་བྱེད་པ། ས་ཁོངས་ཀྱི་ཁྱད་ཆོས་མངོན་གསལ་དོད་པ་དང་། གསར་གཏོད་ལས་གཏོད་དར་འཕེལ་ཡོང་བ། ལས་རྣམ་གྱི་རིགས་ཕུན་སུམ་ཚོགས་པ། ཁེ་ཕན་གྱི་འབྲེལ་བ་ཟབ་པ། དེ་བཞིན་ཞིང་ལས་ཐོན་འཕར་དང་། གྲོང་གསེབ་དར་རྒྱས། ཞིང་པ་ཕྱུག་འགྱུར་བཅས་ཡོང་བའི་ཐོན་ལས་ཤིག་རེད།

《བསམ་འཆར》ནང་ཕྱོགས་དྲུག་གི་ལས་འགན་དང་བྱེད་ཐབས་བཏོན་ཡོད་ཅིང་། གཅིག་ནས་ཁྱད་ལྡན་ལེགས་ཆ་མངོན་གསལ་དོད་པོ་ཡོང་བར་བྱས་ནས་གྲོང་གསེབ་ཀྱི་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་དགོས་ཤིང་། དེང་རབས་འདེབས་གསོའི་ལས་རིགས་སྟོབས་ཆེར་གཏོང་བ་དང་། ཕ་ཡུལ་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གང་ཐུབ་གཏོང་བ། ཞིང་ལས་ཐོན་རྫས་ལས་སྣོན་དང་འཁོར་རྒྱུག་ལས་རིགས་དར་འཕེལ་གཏོང་བ། གྲོང་གསེབ་ཀྱི་སྤྲོ་གསེང་ཡུལ་སྐོར་ལས་རིགས་ལེགས་སུ་གཏོང་བ། གྲོང་གསེབ་ཀྱི་ཞབས་ཞུའི་ལས་རིགས་གསར་པ་སྐྱེད་སྲིང་། གྲོང་གསེབ་ཀྱི་ཆ་འཕྲིན་ཐོན་ལས་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས། གཉིས་ནས་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་ལུགས་མཐུན་བྱས་ཏེ་གྲོང་གསེབ་ཐོན་ལས་ཀྱི་བར་མཐོངས་གྲུབ་ཆ་ལེགས་སུ་གཏོང་དགོས། གསུམ་ནས་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་གྲོང་གསེབ་ཐོན་ལས་ཀྱི་གོང་བུ་འགྲིལ་ཤུགས་ཆེ་རུ་གཏོང་དགོས་ཤིང་། སྣ་མང་མཉམ་འདྲེས་ཀྱི་བྱེད་པོ་སྐྱེད་སྲིང་བྱས་ནས“ཞིང་ལས+”ཡི་ལས་རྣམ་སྣ་མང་འཕེལ་རྒྱས་ཀྱི་རྣམ་པ་ཞིག་བཏོད་ནས་ཐོན་ལས་མཉམ་འདྲེས་ཀྱི་རྟེན་གཞི་གཏོད་པ་དང་ཁེ་ཕན་འབྲེལ་མཐུད་ལམ་སྲོལ་གཏོད་དགོས། བཞི་ནི་སྤུས་ཚད་ཞིང་དར་དང་ལྗང་མདོག་ཞིང་དར་ལ་སྐུལ་འདེད་བཏང་ནས་གྲོང་གསེབ་ཐོན་ལས་ཀྱི་འཕར་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཤིང་། ལྗང་མདོག་སྤུས་ཚད་ཀྱི་ཚད་གཞིའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ཚད་ལྡན་ཅན་གྱི་ཐོན་སྐྱེད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཞིང་ལས་ཀྱི་སྤུས་རྟགས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། ཐོན་ཁུངས་སྲུང་སྐྱོང་དང་སྤྱོད་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ལྔ་ནས་གསར་གཏོད་ལས་གཏོད་ཀྱི་རིམ་སྤོར་ལ་སྐུལ་འདེད་བཏང་ནས་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་ཆེ་རུ་གཏོང་དགོས་ཤིང་། ཚན་རྩལ་གསར་གཏོད་ཀྱིས་སྣེ་ཁྲིད་རྒྱུར་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་ཀྱི་གསར་གཏོད་ལས་གཏོད་ལ་སྐུལ་འདེད་གཏོང་དགོས། དྲུག་ནས་སྲིད་ཇུས་བྱེད་ཐབས་འཐུས་སྒོ་ཚང་དུ་བཏང་སྟེ། གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་གཏོང་དགོས་ཤིང་། ནོར་སྲིད་གཏོང་ཆའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོང་གསེབ་ཀྱི་དངུལ་རྩའི་ཞབས་ཞུ་གསར་གཏོད་བྱེད་པ། བཟོ་ཚོང་གི་མ་རྩ་གཞི་རིམ་དུ་གཏོང་རྒྱུར་གོ་རིམ་ལྡན་པར་ཁྲིད་སྟོན་བྱེད་པ། ས་སྤྱོད་འགན་སྲུང་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ། ཤེས་ལྡན་པའི་འགན་སྲུང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།