ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཉིས་སྟོང་བཅུ་དགུ་ལོའི་དབྱར་ཁའི་ཏ་བོ་སི་གླེང་སྟེགས་སུ་ཞུགས་པའི་ལས་རིགས་སོ་སོའི་འཐུས་མི་དང་གླེང་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124706988_15621698750491n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བདུན་པའི་ཚེས་གཉིས་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཏ་ལེན་ནས་ཉིས་སྟོང་བཅུ་དགུ་ལོའི་དབྱར་ཁའི་ཏ་བོ་སི་གླེང་སྟེགས་སུ་ཞུགས་པའི་རྒྱལ་སྤྱིའི་བཟོ་ཚོང་དང་དངུལ་རྩ། རིག་མཛོད། སྨྱན་བྱད་བཅས་ཀྱི་འཐུས་མི་ཉིས་བརྒྱ་ལྷག་དང་གླེང་མོལ་ཚོགས་འདུ་བསྡུས་ཏེ། ཚོགས་ཞུགས་འཐུས་མིས་བཏོན་པའི་གནད་དོན་ཐད་ཀྱི་དྲི་བར་ལན་བཏབ།

ཚོང་གཉེར་ཁོར་ཡུག་སྐོར་ནས་ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་ཕྱོགས་ཀྱིས་ཕྱི་ཚོང་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་ལ་ཧ་ཅང་མཐོང་ཆེན་བྱེད་པ་དང་། ཕྱི་ནང་དངུལ་གཏོང་ཁེ་ལས་གང་ཡིན་རུང་ཀྲུང་གོ་ནས་མིང་བཀོད་ཚེ་ཚང་མར་ཕྱོགས་རིས་མེད་པ་དང་འདྲ་མཉམ་གྱི་ལྟ་ཚུལ་འཛིན་ངེས་ཡིན་ཟེར།

དངུལ་རྩ་ལས་རིགས་སྒོ་འབྱེད་སྐོར་ནས་ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོས་དངུལ་རྩའི་སྒོ་འབྱེད་རྒྱ་བསྐྱེད་པ་དེ་ཀྲུང་གོའི་དངུལ་རྩ་ལས་རིགས་ཀྱི་སྤུས་ཚད་མཐོར་འདེགས་སུ་གཏོང་བ་དང་རིམ་པ་འཕར་བར་ཕན་པ་ཡོད། ཀྲུང་གོ་སྲིད་གཞུང་གིས་མུ་མཐུད་དུ་དངུལ་རྩ་ལས་རིགས་ཀྱི་དྲང་གཞག་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ཏེ་དངུལ་རྩ་བརྟན་འཇགས་སྲུང་འཛིན་བྱེད་པ་དང་། དངུལ་ལོར་སྲིད་ཇུས་ཀྱི་བརྟན་བརླིང་འཁོར་སྐྱོད་ནམ་ཡང་སྲུང་འཛིན་བྱེད་པ་ཡིན་ཟེར།

དམངས་གཉེར་ཁེ་ལས་འཕེལ་རྒྱས་སྐོར་ནས་ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོའི་དམངས་གཉེར་ཁེ་ལས་ཀྱིས་ཀྲུང་གོའི་བརྒྱ་ཆའི་བརྒྱད་ཅུ་ཡན་གྱི་མཁར་གྲོང་ལས་ཞུགས་ལ་རོགས་འདེགས་བྱས་པ་དང་བརྒྱ་ཆའི་དྲུག་ཅུའི་རྒྱལ་ནང་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རིན་གསར་སྐྲུན་བྱས་པས། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ནུས་ཤུགས་གཙོ་བོར་གྱུར། ང་ཚོས་ཁྲལ་འཕྲི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་བྱེད་རྒྱུ་སྲུང་འཛིན་བྱས་ཏེ། དངུལ་བསྡུའི་མ་རྩ་ཇེ་དམའ་རུ་གཏོང་བ་དང་སྲིད་ཇུས་བྱེད་ཐབས་ཁེ་ལས་ཀྱིས་ནུས་ལྡན་སྒོས་ལག་བསྟར་བྱས་ནས། ཁེ་ལས་ལ་ཁེ་ཕན་ངོ་མ་ཐོབ་ཏུ་འཇུག་དགོས་ཟེར།

ལིས་ཁི་ཆང་གིས་ད་དུང་ཐོན་ལས་འབྲེལ་མཐུད་ལེགས་སྒྲིག་དང་ཁེ་ལས་གསར་སྐྲུན་སོགས་ཀྱི་དྲི་བར་ལན་བཏབ།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།