ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་བྷང་ག་ལའི་ཙུང་ལི་ཧ་ཞི་ན་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124711994_15622423859541n.jpg

ཟླ7པའི་ཚེས4ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་བྷང་ག་ལའི་ཙུང་ལི་ཧ་ཞི་ན་དང་གྲོས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ7པའི་ཚེས4ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་བྷང་ག་ལའི་ཙུང་ལི་ཧ་ཞི་ན་དང་གྲོས་མོལ་མཛད།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་བྷང་ག་ལ་ནི་མི་གྲངས་མང་ཞིང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཡིན་པ་དང་ཕྱོགས་གཉིས་ཀར་དཔལ་འབྱོར་འཕེལ་རྒྱས་དང་དམངས་ཚིས་ལེགས་བཅོས་བྱེད་པའི་འགན་འཁྲི་ཡོད། རྒྱལ་ཁབ་གཉིས་ཀྱིས་དངོས་གཉེར་མཉམ་ལས་བྱས་ནས་ཕན་འབྲས་མངོན་གསལ་བླངས་ཤིང་ཕྱོགས་གཉིས་བར་དུ་སྦས་ཤུགས་ཆེན་པོ་ཡོད་པ་དང་མདུན་ལྗོངས་རྒྱ་ཆེན་པོ་ཡོད། ཀྲུང་གོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པ་དེ་བྷང་ག་ལའི་འཕེལ་རྒྱས་འཐབ་ཇུས་དང་འབྲེལ་མཐུད་དམ་པོ་བྱས་ཏེ། ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཞིང་རང་མོས་ཉོ་ཚོང་གི་གྲོས་མཐུན་འགོད་པར་གྲོས་བསྡུར་བྱེད་པ་དང་། ཀྲུང་གོའི་ཚོང་རའི་དགོས་མཁོ་དང་འཚམ་པའི་བྷང་ག་ལ་ཕྱོགས་ཀྱི་སྤུས་ལེགས་ཐོན་རྫས་ནང་འདྲེན་བྱེད་ཤུགས་ཇེ་ཆེར་བཏང་ནས། རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་དོ་མཉམ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཕྱོགས་གཉིས་ཀྱི་དངུལ་གཏོང་དང་མི་སྣའི་འགྲོ་འོང་ལ་སྟབས་བདེ་འདོན་སྤྲོད་བྱེད་པར་མ་ཟད་མུ་མཐུད་དུ་བྷང་ག་ལའི་འཕེལ་རྒྱས་ཐད་ལ་རོགས་རམ་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་བྷང་ག་ལའི་མཐོ་རིམ་འགོ་ཁྲིད་པའི་བར་གྱི་འབྲེལ་འདྲིས་དང་འགྲོ་འོང་ཇེ་མང་དུ་གཏོང་བ་དང་ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། གཉིས་ཕན་མཉམ་ལས་ཟབ་སྤེལ་བྱེད་པ། དམངས་ཁྲོད་བར་གྱི་མཛའ་མཐུན་བརྗེ་རེས་ལ་ཤུགས་བསྣན་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཧ་ཞི་ན་ཡིས་བཤད་རྒྱུར། བྷང་ག་ལ་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། དེང་སྐབས་བྷང་ག་ལ་ཡིས་གསེར་ལྡན་གྱི་བྷང་ག་ལའི་དམིགས་འབེན་ལ་སྐུལ་འདེད་གཏོང་བཞིན་ཡོད་པར་མ་ཟད་ཧུར་ཐག་སྒོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ཁྲོད་དུ་ཞུགས་ཏེ། བྷང་ག་ལ་དང་ཀྲུང་གོ། རྒྱ་གར། འབར་མ་བཅས་ཀྱི་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་ལ་མྱུར་དུ་སྐུལ་འདེད་གཏོང་བ་དང་། ཉོ་ཚོང་དང་དངུལ་གཏོང་། ཞབས་ཕྱིའི་ལས་རིགས། རྨང་གཞིའི་སྒྲིག་ཆས་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་ཁབ་གཉིས་ཀར་སྔར་ལས་མཛེས་པའི་མ་འོངས་གསར་སྐྲུན་བྱེད་འདོད་ཡོད་ཟེར།

གྲོས་མོལ་མ་མཛད་པའི་སྔོན་ལ། ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་ཐང་ཆེན་དུ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་ཏེ། བྷང་ག་ལའི་ཙུང་ལི་ཧ་ཞི་ན་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲིར་ཡོང་བར་བསུ་མ་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།