རང་རྒྱལ་གྱི་ཡང་བའི་བཟོ་ལས་ཐོན་རྫས་རིགས100ལྷག་ཙམ་གྱི་ཐོན་འབབ་འཛམ་གླིང་གི་ཨང་དང་པོར་སླེབས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཚེས10ཉིན། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70འཁོར་བའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་རིམ་སྤེལ་སྙན་ཞུ་གསུམ་པ་ཡོངས་བསྒྲགས་བྱས་པ་དང་། སྙན་ཞུའི་ནང་མངོན་དོན་ལོ70ཡི་རིང་རང་རྒྱལ་གྱི་བཟོ་ལས་ཐོན་སྐྱེད་ནུས་པ་མགྱོགས་མྱུར་འཕར་ཡོད། ད་ཆ་རང་རྒྱལ་གྱི་ཆུ་ཚོད་དང་། རྐང་འཁོར། འཚེམ་འཁོར། གློག་རྫས། སྦི་རག ཁྱིམ་ཆས། སྤོས་འགྱིག་ལས་སྣོན་འཕྲུལ་ཆས་སོགས་ཡང་བའི་ཐོན་རྫས་རིགས100ལྷག་ཙམ་གྱི་ཐོན་འབབ་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད།

སྙན་ཞུའི་ནང་ལོ70ཡི་རིང་། རང་རྒྱལ་གྱི་བཟོ་ལས་ལ་སྔར་བྱུང་མ་མྱོང་བའི་འཕེལ་རྒྱས་བྱུང་ཡོད། བཟོ་ལས་ཀྱི་འཕར་ཐང1952ལོའི་དུང་ཕྱུར120ནས2018ལོའི་དུང་ཕྱུར305160བར་འཕར་བ་དང་འགྱུར་མེད་རིན་གོང་ལྟར་རྩིས་བརྒྱབ་ཚེ་ལྡབ970.6འཕར་བ་དང་ལོར་ཆ་སྙོམས11%འཕར་བ་མཚོན་ཡོད།

དེ་དང་དུས་མཚུངས་རང་རྒྱལ་བཟོ་ལས་ཀྱི་རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་ཐད་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད། 

འཛམ་གླིང་དངུལ་ཁང་གི་གྲངས་གཞི་ལས་མངོན་པར་གཞིགས་ན། ད་ལྟའི་རིན་གོང་གི་ཨ་སྒོར་ལྟར་རྩིས་བརྒྱབ་ཚེ2010ལོའི་རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་ཨ་རི་ལས་ཐོག་མར་བརྒལ་ནས་གོ་ལ་ཧྲིལ་པོའི་བཟོ་སྐྲུན་ལས་རིགས་ཀྱི་རྒྱལ་ཁབ་ཆེན་པོ་དང་པོ་དེར་གྱུར་ཡོད། དེ་ནས་བཟུང་ལོ་མང་བསྟུད་མར་འཛམ་གླིང་གི་ཨང་དང་པོར་བརྟན་པོར་གནས་པ་དང་། 2017ལོར་རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་གིས་འཛམ་གླིང་གི་ཐོབ་སྐལ་ཟིན་ཚད27%བཟུང་ནས་གོ་ལ་ཧྲིལ་པོའི་བཟོ་ལས་འཕར་བར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད།

སྙན་ཞུའི་ནང་ད་དུང་མངོན་གསལ། ལག་རྩལ་མཐོ་བའི་སྒྲིག་ཆས་རིགས་ཀྱི་ཐོན་རྫས་འགོ་འཛུགས་རྒྱུ་ཅུང་འགོར་མོད། འོན་ཀྱང་འཕེལ་རྒྱས་མྱུར་པོ་ཕྱིན་ཡོད། 2018ལོར་རང་རྒྱལ་གྱི་ལག་ཐོགས་ཁ་པར་དང་། རྩིས་འཁོར། ཚོན་ཁྲ་ཅན་གྱི་བརྙན་འཕྲིན་སོགས་ཀྱི་ཐོན་རྫས་ཀྱི་ཐོན་ཚད་དུང་ཕྱུར18དང་། དུང་ཕྱུར3.1 དུང་ཕྱུར1.9བཅས་སོ་སོར་ཟིན་ནས་གོ་ལ་ཧྲིལ་པོའི་སྤྱིའི་ཐོན་འབབ་ཀྱི་བསྡུར་ཚད70%ནས90%བར་ཟིན་པ་དང་རླངས་འཁོར་ཐོན་ཚད་ཁྲི2781.9ཟིན་ནས་ལོ་མང་བསྟུད་མར་འཛམ་གླིང་གི་ཨང་དང་པོར་སླེབས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།