ཀྲུང་གོ་བོད་ཀྱི་དྲ་བ།

《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་བཀོད་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-07-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ7ཚེས16ཉིན་པར་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་བཅུ་བཞི་པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《ཏང་གི་ཆབ་སྲིད་འཛུགས་སྐྱོང་བྱེད་པའི་རང་རྟོགས་རང་བཞིན་དང་འགྱུར་མེད་རང་བཞིན་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས》ཞེས་པ་བཀོད་ཡོད་པ་རེད།

གསུང་རྩོམ་ནང་། མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ལ་བླ་ན་མེད་པའི་ཆབ་སྲིད་ཀྱི་ཕུགས་འདུན་དང་། བླ་ན་མེད་པའི་ཆབ་སྲིད་ཀྱི་དོན་གཉེར། དྭངས་གཙང་ལྷད་མེད་པའི་ཆབ་སྲིད་ཀྱི་གཤིས་རྒྱུད། དམ་ཞིང་ནན་པའི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་བཅས་ཡོད། གལ་སྲིད་མར་ཁེ་སི་རིང་ལུགས་སྲིད་ཏང་གི་ཆབ་སྲིད་ཐོག་གི་སྔོན་ཐོན་རང་བཞིན་མེད་པར་གྱུར་ཚེ། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ཡང་གླེང་ཐབས་བྲལ། དེར་བརྟེན་ང་ཚོས་ཏང་གི་ཆབ་སྲིད་འཛུགས་སྐྱོང་དེ་ཏང་གི་རྩ་བའི་རང་བཞིན་འཛུགས་སྐྱོང་དུ་བཟུང་དོན་དེ་ཡིན། ཏང་གི་ཆབ་སྲིད་འཛུགས་སྐྱོང་བྱེད་པ་ནི་ནམ་ཡང་འགྱུར་བ་མེད་པའི་གཏན་གྱི་ཞིབ་འཇུག་བྱ་གཞི་ཞིག་ཡིན། ཆབ་སྲིད་ཀྱི་ཁ་ཕྱོགས་སྟངས་འཛིན་ནན་པོ་དང་། ཏང་གི་ཆབ་སྲིད་འགོ་ཁྲིད་མཐའ་འཁྱོངས། ཆབ་སྲིད་ཀྱི་རྨང་གཞི་བརྟན་གཏོང་། ཆབ་སྲིད་ཁོར་ཡུག་གསོ་འཁྱོངས། ཆབ་སྲིད་ཀྱི་ཉེན་ཁ་འགོག་ཟོན། ཆབ་སྲིད་ཀྱི་རང་མདངས་ནམ་ཡང་མི་འགྱུར་བ། ཆབ་སྲིད་ཀྱི་ནུས་པ་ཆེར་གཏོང་བཅས་བྱས་ནས། རང་རེའི་ཏང་རྒྱུན་ཆད་མེད་པར་སྟོབས་ཆེར་གྱུར་ནས་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་བསྐྱོད་རྒྱུར་འགན་ལེན་གལ་ཆེན་མཁོ་འདོན་བྱེད་དགོས་ཞེས་ནན་གསུངས་གནང་ཡོད་པ་རེད།

གསུང་རྩོམ་ནང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་ཏང་གི་འཛུགས་སྐྱོང་ཁ་ཕྱོགས་དང་ཕན་འབྲས་ཐག་གཅོད་བྱེད་ཀྱི་ཡོད། ཆབ་སྲིད་ཀྱི་ཁ་ཕྱོགས་ནི་ཏང་འཚོ་གནས་དང་འཕེལ་རྒྱས་ཀྱི་གནད་དོན་དང་པོ་ཡིན་པས་ཏང་གི་མདུན་ལམ་ལས་དབང་དང་བྱ་གཞག་དར་རྒུད་རྒྱལ་ཕམ་དང་འབྲེལ་ཡོད། དེར་བརྟེན། ང་ཚོས་བརྟན་སྲུང་བྱེད་དགོས་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ནི་གུང་ཁྲན་རིང་ལུགས་ཀྱི་གཏན་གྱི་ཕུགས་འདུན་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་གི་ཕུགས་འདུན། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་བཅས་དང་དེ་བཞིན་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་མཛད་ཇུས་བཅས་ཡིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་ཁྱད་ཆོས་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་ཆེ་ཤོས་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཡིན། ཏང་ནི་ཆབ་སྲིད་ཀྱི་འགོ་ཁྲིད་སྟོབས་ཤུགས་ཆེ་ཤོས་དེ་ཡིན། ཏང་གི་ཆབ་སྲིད་འགོ་ཁྲིད་མཐའ་འཁྱོངས་བྱེད་པར་གལ་ཆེ་ཤོས་ནི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་དེ་ཡིན་པས།  འདི་ཏང་གི་ཆབ་སྲིད་འཛུགས་སྐྱོང་གི་ལས་འགན་དང་པོར་འཛིན་དགོས་ཞེས་བསྟན་ཡོད་པ་རེད།

གསུང་རྩོམ་ནང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་ཆབ་སྲིད་ཆེ་ཤོས་ཡིན་པའི་དམངས་སེམས་འདི་ལ་དམ་པོར་དམིགས་དགོས། དམངས་སེམས་དང་དམངས་འདོད་ཐོབ་པར་བྱེད་པ་དང་དམངས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྡུ་རྒྱུ་ནི་ཤུགས་རྒྱག་ས་གལ་ཆེན་ཞིག་ཏུ་བརྩི་དགོས། མི་དམངས་ཀྱི་ལངས་ཕྱོགས་བརྟན་པོར་བཟུང་ཐོག་ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་བྱས་ནས། ཏང་དང་མི་དམངས་མང་ཚོགས་ཀྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་ཀྱིས་མི་དམངས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གནད་དོན་ཐག་གཅོད་བྱེད་དགོས་ཞེས་བསྟན་ཡོད་པ་རེད།

གསུང་རྩོམ་ནང་། ཆབ་སྲིད་ཀྱི་ཁོར་ཡུག་ཡག་པོ་གཏོད་རྒྱུ་ནི་དུས་ཡུན་རིང་པོའི་ལས་འགན་ཞིག་ཡིན་པས། ངེས་པར་དུ་ཏང་གི་ཆབ་སྲིད་འཛུགས་སྐྱོང་གི་རྨང་གཞིའི་རང་བཞིན་དང་རྒྱུན་གཏན་རང་བཞིན་གྱི་ལས་དོན་ཞིག་ཏུ་འཛིན་དགོས། མི་འདེམས་མི་སྤྱོད་ཡང་དག་པ་བྱེད་པའི་སྟོན་ཕྱོགས་འཛུགས་རྒྱུ་དེ་ཤུགས་རྒྱག་ས་གལ་ཆེན་དུ་བཟུང་ནས་དུས་བབ་གསར་པའི་འོག་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ཚད་གཞི་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་གཏོང་བ་བཅས་བྱས་ཏེ། ཆབ་སྲིད་རིག་གནས་ཀྱི་རྣམ་པ་བཟང་པོས་སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་སྐྱོངས་དགོས། ནམ་ཡང་ཚར་དུས་མེད་པའི་འགྱུར་མེད་ཀྱི་གཏན་ཚུགས་ཐོག་ནས་རུལ་རྒོལ་གྱི་འཐབ་རྩོད་མཐའ་གཅིག་ཏུ་བྱས་ཏེ། རང་རེའི་ཏང་གི་རང་མདངས་ནམ་ཡང་མི་འགྱུར་བར་བྱེད་དགོས། འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་ཀུན་སྤྱོད་ཆེན་པོ་ཤེས་པ་དང་། སྤྱི་པའི་ཀུན་སྤྱོད་སྲུང་བ། སྒེར་གྱི་ཀུན་སྤྱོད་ནན་པ་བཅས་བྱས་ནས་སྤྱོད་གཙང་རང་གཅུན་དང་། སྤྱོད་གཙང་དབང་སྤྱོད། སྤྱོད་གཙང་ཁྱིམ་སྐྱོང་བཅས་ཀྱི་དཔེ་བཟང་བྱེད་དགོས་ཞེས་བསྟན་ཡོད་པ་རེད།

གསུང་རྩོམ་ནང་དུ། རིམ་ཁག་འགོ་ཁྲིད་ལས་བྱེད་པར་ཆབ་སྲིད་ཀྱི་ཚོར་སྐྱེན་རང་བཞིན་དང་ཆབ་སྲིད་ཀྱི་གསལ་འབྱེད་ནུས་པ་ཆེ་རུ་གཏོང་རྒྱུའི་སློབ་གསོ་དང་ཁྲིད་སྟོན་བྱས་ནས་རིམ་ཁག་འགོ་ཁྲིད་ལས་བྱེད་པ་དང་། ལྷག་པར་དུ་མཐོ་རིམ་ལས་བྱེད་པའི་ཁ་ཕྱོགས་སྟངས་འཛིན་དང་། འཕེལ་ཕྱོགས་ཆེན་པོ་སྟངས་འཛིན། སྤྱི་ཡོངས་སྟངས་འཛིན་བཅས་བྱེད་པའི་འཇོན་ཐང་དང་། ཆབ་སྲིད་ཐད་ཀྱི་ཡིན་མིན་གསལ་འབྱེད་དང་། ཆབ་སྲིད་ཀྱི་ངེས་ཤུགས་རྒྱུན་འཁྱོངས། ཆབ་སྲིད་ཀྱི་དུས་བབ་སྟངས་འཛིན། ཆབ་སྲིད་ཀྱི་ཉེན་ཁ་འགོག་ཟོན་བཅས་བྱེད་པའི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། ཆབ་སྲིད་ཐོག་ནས་གནད་དོན་དབྱེ་ཞིབ་དང་གནད་དོན་ཐག་གཅོད་བྱེད་མཁས་པར་བྱེད་དགོས་ཞེས་བསྟན་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།