ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ནང་སོག་ཏུ་རྟོག་ཞིབ་གནང་སྐབས“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུར་མཛུབ་ཁྲིད་གནང་བ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-07-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124761316_15632914702221n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཉེ་ཆར་ནང་སོག་ཏུ་རྟོག་ཞིབ་གནང་བ་དང་སྦྲགས“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུར་མཛུབ་ཁྲིད་གནང་སྐབས། ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ཐོག་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་བྱེད་པ། འཕར་ཚད་བརྟན་པོ་དང་། སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས་པ། ཉེན་ཁ་སྔོན་འགོག བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་ལས་དོན་ཁག་ཡག་པོ་བསྒྲུབས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཟབ་ཏུ་བཏང་སྟེ། མེས་རྒྱལ་བྱང་རྒྱུད་མཐའ་མཚམས་ཀྱི་མཛེས་ལྗོངས་འདི་སྔར་བས་བཀྲག་མདངས་ལྡན་པར་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།

དབྱར་གཞུང་གི་ནང་སོག་ཏུ་ཨ་སྔོན་དབྱིངས་སུ་སྤྲིན་དཀར་འཁྲིགས་པ་དང་རྩྭ་ཆུ་བཟང་ཞིང་ནོར་ལུག་ཤ་ཤེད་རྒྱས། ཟླ7ཚེས15དང16ཉིན། ཞི་ཅིན་ཕིང་ནང་སོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ལི་ཅི་ཧེང་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་པུའུ་ཞའོ་ལིན་གྱི་ཕེབས་རོགས་འོག སྡེ་ཁུལ་དང་། ནགས་ར། གྲོང་གསེབ། མཐོ་སློབ། ལས་ཁུངས་སོགས་སུ་ཕེབས་ནས། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་བ་དང་སྦྲགས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་སྐོར་ལ་བརྟག་ཞིབ་གནང་ནས། “ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུར་ས་གནས་ས་ཐོག་ཏུ་མཛུབ་ཁྲིད་གནང་བ་རེད།

ཚེས15ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་པེ་ཅིང་ནས་གནམ་གྲུར་བཞུགས་ཏེ་ནང་སོག་གི་ཁྲེ་ཧྥུང་གྲོང་ཁྱེར་དུ་ཕེབས་འབྱོར་ཟིན་པ་དང་། ཁོང་དང་ཐོག་སུང་ཧྲན་ཆུས་ཤིང་ཨན་ཁྲོམ་གཞུང་ལིན་ཧོང་ཁྱིམ་གཞིས་སྡེ་ཁུལ་དུ་བརྟག་ཞིབ་གནང་བར་ཕེབས་ཤིང་། ལིན་ཧོང་ཁྱིམ་གཞིས་སྡེ་ཁུལ་ནི་མི་རིགས་མང་པོའི་མང་ཚོགས་འདུས་སྡོད་བྱེད་སའི་སྡེ་ཁུལ་ཞིག་ཡིན། ཉེ་བའི་ལོ་ཤས་ནང“གྲངས་ཉུང་མི་རིགས་ཀྱི་ཁྱིམ་གཞིས”ཞེས་པའི་ཁྱད་ལྡན་ཞབས་ཞུའི་ཕྱོགས་བསྡུས་སྒྲིག་གཞི་སྔོན་ལ་བཏོད་ཡོད། ཞི་ཅིན་ཕིང་སྡེ་ཁུལ་གྱི་ཏང་ཡོན་དང་མང་ཚོགས་ཀྱི་ཞབས་ཞུ་ལྟེ་གནས་སུ་ཕེབས་ནས་སྡེ་ཁུལ་གྱི་གཞི་རིམ་ཏང་འཛུགས་སྐྱོང་དང་མི་རིགས་མཐུན་སྒྲིལ་མཉམ་འདྲེས་སོགས་ཀྱི་གནས་ཚུལ་ལ་བཀའ་འདྲི་གནང་བ་དང་། གྲངས་ཉུང་མི་རིགས་ཀྱི་རྒྱན་གོས་དང་མཁོ་ཆས་ཀྱི་འགྲེམས་སྟོན་ལ་གཟིགས་པ། ཕྲུ་གུ་ཚོ་དང་དེ་བཞིན་སྡེ་ཁུལ་གྱི་གྲོང་མི་ཚོ་དང་བྱམས་བརྩེའི་སྤེལ་རེས་བཅས་གནང་བ་རེད། ཁོང་གིས། སྡེ་ཁུལ་ནི་མི་རིགས་ཁག་གི་མང་ཚོགས་ཀྱི་ཐུན་མོང་གི་ཁྱིམ་གཞིས་ཡིན་པ་དང་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩི་པོ་ཡོད། མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་གཏོད་སྡེ་ཁུལ་དུ་སྤེལ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ནས་སྡེ་ཁུལ་དེ་ཉིད་མི་རིགས་ཁག་གི་མང་ཚོགས་ཕན་ཚུན་ལྟ་རེས་སྐྱོང་རེས་བྱེད་པའི་ཁྱིམ་ཚང་ཆེ་མོར་བསྐྲུན་ཏེ་མི་རིགས་ཁག་གི་མང་ཚོགས་བདེ་སྡོད་ལས་བརྩོན་ཡོང་བའི་སྡེ་ཁུལ་གྱི་ཁོར་ཡུག་བཟང་པོ་ཞིག་ཧུར་ཐག་སྐྲུན་དགོས་པའི་ནན་བཤད་གནང་བ་རེད།

1124761316_15632914702181n.jpg

ཞི་ཅིན་ཕིང་གིས་ཁྲེ་ཧྥུང་དུ་རྟོག་ཞིབ་གནང་སྐབས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70སོང་རིང་། རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ནས། མི་སེར་ཚོའི་འཚོ་བ་ཡང་རིམ་བཞིན་ལེགས་སུ་ཕྱིན་པ་འདིའི་ཐོག་ནས། ང་ཚོ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུ་འདིར་བསྐྱོད་པ་ནི་རྦད་དེ་འགྲིག་པ་ར་འཕྲོད་གང་ལེགས་བྱུང་ཡོད། ཀྲུང་གོ་གུང་ཁྲན་ཏང་ལ་མི་དམངས་མང་ཚོགས་ཀྱི་གོང་བཀུར་དང་རྒྱབ་སྐྱོར་ཐོབ་པ་ནི་རང་རེའི་ཏང་གིས་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བར་བྱེད་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་དུས་དང་རྣམ་པ་ཀུན་ཏུ་བརྟན་སྲུང་བྱས་པས་ཡིན། རང་རེའི་ཏང་ལ་ཏང་ཡོན་ཁྲི་9000ལྷག་ཙམ་དང་གཞི་རིམ་གྱི་ཏང་རྩ་འཛུགས་ཁྲི་400ལྷག་ཙམ་ཡོད་པས། ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་སྲུང་བ་དང་འགན་འཁྲི་འཁུར་ཚེ་སྒྲུབ་མི་ནུས་པའི་བྱ་བ་གཅིག་ཀྱང་ཡོད་མི་སྲིད། “ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་ནི་མཐར་གཏུགས་ནས་བརྗོད་ན་ཀྲུང་གོ་གུང་ཁྲན་ཏང་གིས་ངེས་པར་དུ་དུས་དང་རྣམ་པ་ཀུན་ཏུ་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བ་བྱ་རྒྱུ་དེ་ཡིན། འདི་ལྟར་བྱས་ཚེ། ད་གཟོད་གཞི་ནས་རང་རེའི་ཏང་གིས་ཡུན་རིང་སྲིད་སྐྱོང་ཐུབ་པ་དང་། རྒྱལ་ཁབ་ཡུན་རིང་བདེ་འཁོད། མི་སེར་གྱི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པ་བཅས་ཡོང་ཐུབ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་མི་རིགས་གཅིག་ཀྱང་ཆད་མི་རུང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བ་བྱེད་པར་མི་རིགས་གཅིག་ཀྱང་ཆད་མི་རུང་། གུང་ཁྲན་ཏང་གིས་བཤད་པ་ཚང་མ་སྒྲུབ་ཐུབ་པ་དགོས་ལ་སྒྲུབ་ཀྱང་ཐུབ་ངེས་ཡིན། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ནི་རང་རྒྱལ་གྱི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཡིན་པས། མི་རིགས་ས་ཁོངས་རང་སྐྱོང་གི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་ཉམས་མྱོང་ཕྱོགས་སྡོམ་ནན་ཏན་བྱས་ཐོག་ལམ་ལུགས་འདི་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས། མི་རིགས་མཐུན་སྒྲིལ་མཉམ་འདྲེས་དང་། མི་རིགས་ཁག་སེ་འབྲུའི་གོང་བུ་བཞིན་རྡོག་རྩ་གཅིག་ཏུ་བསྒྲིལ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་བ་རེད།

ཚེས16ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་དུ་རྟོག་ཞིབ་གནང་སྐབས་དང་ཐོག་ནང་སོག་སློབ་ཆེན་དུ་ཕེབས་ཤིང་། རང་རེའི་ཏང་གིས་མི་རིགས་ས་ཁུལ་དུ་གཉེར་བའི་ཕྱོགས་བསྡུས་སློབ་ཆེན་དང་པོ་དེ་ཡིན་པས་མི་རིགས་ས་ཁུལ་ལ་ཤེས་ལྡན་པ་གསོ་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་ཡོད། དཔེ་མཛོད་ཁང་དུ་ཞི་ཅིན་ཕིང་གིས་སློབ་གྲྭའི་འཛུགས་སྐྲུན་གནས་ཚུལ་དང་། སློབ་ཁྲིད་ཚན་ཞིབ། ཤེས་ལྡན་པ་གསོ་སྐྱོང་། བསམ་བློ་ཆབ་སྲིད་འཛུགས་སྐྱོང་སོགས་ཀྱི་ལས་དོན་སྤེལ་ཚུལ་གྱི་ངོ་སྤྲོད་གསན་པ་དང་། ད་དུང་སོག་ཡིག་གི་རྩོམ་རིག་ལོ་རྒྱུས་ཀྱི་གྲུབ་འབྲས་འགྲེམས་སྟོན་ལ་ཡང་གཟིགས་པ་རེད། སོག་ཡིག་གི་དཔེ་རྙིང་ལྟ་ཀློག་ཁང་དུ་ལོ་རྒྱུས་རིག་གནས་ཀྱི་བསྟན་བཅོས་མང་པོ་ཉར་ཚགས་བྱས་པ་དེ་དག་ནང་དུ་སོག་རིགས་ཀྱི་རིག་གནས་དང་མི་རིགས་གཞན་གྱི་རིག་གནས་མཉམ་འདྲེས་འཕེལ་རྒྱས་བྱུང་བའི་ལོ་རྒྱུས་འཁོད་ཡོད། ཞི་ཅིན་ཕིང་གིས་འགྲེལ་བཤད་ནན་ཏན་ངང་གསན་པ་དང་སྐབས་འགར་ཞིབ་ཕྲའི་ནང་དོན་ཡང་བཀའ་འདྲི་གནང་། ཁོང་གིས་སོག་ཡིག་གི་དཔེ་རྙིང་འཚོལ་བསྡུ་དང་། ལེགས་སྒྲིག སྲུང་སྐྱོང་བཅས་ལ་ཤུགས་སྣོན་བརྒྱབ་ནས་དེའི་ཁྲོད་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བསམ་བློའི་ནང་དོན་སྔོག་འདོན་དང་དར་སྤེལ་བཏང་ནས་མི་རིགས་ཁག་གི་མི་དམངས་ལ་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བའི་སྐུལ་ལྕག་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

1124761316_15632930913341n.jpg

དབྱར་གསེང་སྐབས་དང་འཁེལ་ཡང་དཔེ་མཛོད་ཁང་གི་ལྟ་ཀློག་ཁང་དུ་སློབ་མ་མི་ཉུང་བ་ཞིག་སློབ་སྦྱོང་བྱས་ནས་བསྡད་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་མཐོང་སྐབས་ཚང་མ་སྤྱི་ཁྱབ་ཧྲུའུ་ཅིའི་སྐུ་གམ་དུ་འདུས་ཡོང་། ཞི་ཅིན་ཕིང་གིས་ཁོང་ཚོར་བྱམས་བརྩེའི་ངང་ཕྱག་གཡུག་གཡུག་གནང་ནས་ཁོང་ཚོར་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་སྐོར་དྲིས། ཁོང་གིས་ན་ཆུང་སྟོབས་དང་ལྡན་ཚེ་ཀྲུང་གོ་སྟོབས་ཆེར་འགྲོ་ཐུབ། སླད་ཕྱིན་གྱི་འགྲན་རྩོད་ནི་ན་གཞོན་ཚོའི་འགྲན་རྩོད་རེད། དེང་གི་ན་གཞོན་ཚོ་ནི་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་རྐང་འཛིན་དང་ཀ་གདུང་ལྟ་བུ་ཡིན། སློབ་མ་ཚོས་རྒྱང་རིང་གི་ཕུགས་འདུན་འཆང་བ་དང་ཏན་ཏན་ཏིག་ཏིག་གི་སྒོ་ནས་ཤེས་བྱ་ཡག་པོ་སྦྱོང་བ་དང་། རྨང་གཞི་ཡག་པོ་འདིང་བ། འཇོན་ཐང་འཕེལ་བ་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་ཆེད་རང་ཉིད་ཀྱི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་གསུངས་པ་རེད།

དེ་རྗེས་ཞི་ཅིན་ཕིང་ནང་སོག་རང་སྐྱོང་ལྗོངས་རང་བྱུང་ཐོན་ཁུངས་ཐིང་དུ་ཕེབས་ནས་རང་བྱུང་ཐོན་ཁུངས་ཐིང་གིས“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུལ་ལ་བརྟག་ཞིབ་མཛུབ་ཁྲིད་གནང་བ་རེད། ཁོང་གིས་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་སྐབས“དམིགས་སར་འབྱོར་བ་བཞི”དམ་འཛིན་བྱ་རྒྱུར་སྣང་ཆེན་བྱེད་དགོས་པ་སྟེ། གཅིག་ནས་བསམ་བློའི་ངོས་འཛིན་དམིགས་སར་འབྱོར་རྒྱུར་དམ་འཛིན་བྱས་ཏེ་སློབ་སྦྱོང་དེ་འགོ་ནས་མཇུག་བར་ཁྱབ་པ་བྱས་ནས་བརྗོད་དོན་གཙོ་བོའི་སློབ་གསོའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་དང་། ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲིར་ངོས་འཛིན་གཏིང་ཟབ། ཏང་ལ་འཕྲད་པའི་ཉེན་ཁ་དང་ཚོད་བགམ་ལ་ངོས་འཛིན་གཏིང་ཟབ་བཅས་རྒྱུན་ཆད་མེད་པར་བྱེད་དགོས། སློབ་སྦྱོང་བྱེད་སྐབས་ཕྱི་ཚུལ་རིང་ལུགས་དང་འཕྲལ་མར་འགྲུབ་རེ་བྱེད་མི་རུང་བར་རྟག་ཏུ་ཡར་རྒྱས་གསར་པ་དང་མྱོང་ཚོར་གསར་པ་ཡོང་བ་བྱས་ནས་ཡུན་རིང་གསོག་འཇོག་བྱེད་དགོས། གཉིས་ནས་གནད་དོན་ཞིབ་ལྟ་དམིགས་སར་འབྱོར་རྒྱུར་དམ་འཛིན་དང་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ཏེ་གནད་དོན་འཚོལ་ཐུབ་པ་དང་། གནད་འཁེལ་འཚོལ་བ། དེའི་རྐྱེན་རྩ་གསལ་རྟོགས་བཅས་བྱས་ནས་འབད་བརྩོན་བྱེད་ཕྱོགས་དང་ལེགས་བཅོས་བྱ་ཐབས་ཁ་གསལ་འདོན་དགོས་པ། གསུམ་ནས་དག་ཐེར་དོན་འཁྱོལ་དམིགས་སར་འབྱོར་རྒྱུར་དམ་འཛིན་བྱས་ཏེ་རྣག་ཐོག་གཙག་འཁེལ་ཡོང་བ་བྱས་ནས་འཐུས་ཚང་དུ་གཏོང་དགོས་པའི་སྒྲིག་སྲོལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། གསབ་དགོས་པའི་སྟོང་ཆ་ཡག་པོ་གསབ་པ། སྐྱོན་བརྗོད་བྱེད་དགོས་པར་སྐྱོན་བརྗོད་ནན་ཏན་བྱེད་པ། ཐག་གཅོད་བྱེད་དགོས་རིགས་ཐག་གཅོད་ནན་པོ་བྱེད་པ་བཅས་བྱེད་དགོས། བཞི་ནས་རྩ་འཛུགས་ཀྱི་འགོ་ཁྲིད་དམིགས་སར་འབྱོར་རྒྱུར་དམ་འཛིན་བྱས་ཏེ་འགོ་ཁྲིད་བློ་མཐུན་གཙོ་བོས་སྣེ་ཁྲིད་ནས་སློབ་སྦྱོང་དང་། སྣེ་ཁྲིད་ནས་བརྟག་དཔྱད་ཞིབ་འཇུག སྣེ་ཁྲིད་ནས་གནད་དོན་ལ་ཞིབ་ལྟ། སྣེ་ཁྲིད་ནས་དག་ཐེར་དོན་འཁྱོལ་བཅས་བྱས་ཏེ་མིག་དཔེའི་ནུས་པ་འདོན་དགོས་པའི་ནན་བཤད་གནང་བ་རེད།

ཚེས16ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ནང་སོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྒྲུབ་ཚུལ་དང“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུལ་སྐོར་གྱི་སྙན་སེང་གསན་ཏེ། ནང་སོག་གི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་བ་དང་སྦྲགས། ནང་སོག་གི་བློ་མཐུན་ཚོས་ཏང་ཀྲུང་དབྱང་གི་བླང་བྱ་ལག་བསྟར་ནན་ཏན་བྱས་ཏེ་སོག་པོའི་རྟ་མཆོག་གི་སྙིང་སྟོབས་དར་སྤེལ་བཏང་ནས་ལས་དོན་ཁག་དེ་བས་ཡག་པོ་བསྒྲུབ་རྒྱུར་འབད་བརྩོན་བྱ་རྒྱུའི་ཐུགས་རེ་ཡང་གནང་བ་རེད།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་མྱུར་པོ་སོང་བ་དང་རྒྱལ་སྤྱིའི་དུས་བབ་ཁྲོད་བརྟན་ལྷིང་མེད་པ་དང་གཏན་འཁེལ་མེད་པའི་རྒྱུ་རྐྱེན་མང་དུ་ཕྱིན་ནས། རང་རྒྱལ་གྱིས་ཕྱི་རོལ་གྱི་ཁོར་ཡུག་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ནང་འགྲན་སློང་རྒྱུ་རྐྱེན་མངོན་གསལ་དོད་པོས་མང་དུ་སོང་ཡོད། དེ་དང་དུས་མཚུངས་རྒྱལ་ནང་དུ་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་འགྱུར་ལྡོག་གཏོང་བ་དང་། དཔལ་འབྱོར་གྲུབ་ཆ་ལེགས་སུ་གཏོང་བ། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་འགག་སྒྲོལ་དཀའ་སེལ་གྱི་འགག་རྩའི་དུས་མཚམས་སུ་སླེབས་པས་འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ཡག་པོ་རྒྱག་པར་འབད་བརྩོན་ཧ་ཅང་ཆེན་པོ་བྱེད་དགོས་ཀྱི་ཡོད། དེར་བརྟེན་ང་ཚོས་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་རྒྱུན་འཁྱོངས་བྱེད་པར་ངེས་པར་དུ་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གིས་དུས་བབ་ལ་བཅད་པའི་བརྡར་ཤ་དང་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱས་ནས་བློ་བརྟན་འགྱུར་མེད་ངང་རང་ཉིད་ཀྱི་ལས་ཀ་ཡག་པོ་སྒྲུབ་དགོས།

1124761316_15632914702451n.jpg

ཞི་ཅིན་ཕིང་གིས་ནང་སོག་འདི་ཉིད་མེས་རྒྱལ་བྱང་རྒྱུད་ཀྱི་མཐའ་མཚམས་སུ་གནས་པ་དང་རང་བྱུང་དང་སྣོད་བཅུད་ཀྱི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་ལ། མི་རིགས་ཀྱི་རིག་གནས་སྣ་མང་ཕུན་སུམ་ཚོགས་པ་དང་། འཕེལ་རྒྱས་ཀྱི་གཏིང་ཤུགས་ཆེ་བ། འཐབ་ཇུས་ཀྱི་གནས་བབ་གལ་ཆེན་ལྡན་པ་བཅས་རེད། དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བར་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཞན་ཆ་གསབ་པའི་ཐད་གཅིག་ཏུ་བསྒྲིལ་བ་དང་། “གསུམ་དོར་གཅིག་གཅོག་གཅིག་གསབ”ཀྱི་གྲུབ་འབྲས་བརྟན་དུ་གཏོང་བ། བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བ། ཕྲ་མཐོང་གི་བྱེད་པོའི་གསོན་ཤུགས་ཆེ་རུ་གཏོང་བ། ཐོན་ལས་སྦྲེལ་ཐག་གི་ཆུ་ཚད་མཐོ་རུ་གཏོང་བ། དཔལ་འབྱོར་འཁོར་རྒྱུག་ཤར་བགྲོད་ཡོང་བ། ཞིང་འབྲོག་ལས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། སྣོད་བཅུད་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ་གཅིག་སྡུད་དང་། བསྡུ་རུབ། ལེགས་བསྡུས་བཅས་ཐད་ཐབས་ལམ་འཚོལ་བ་དང་། རྩྭ་ཐང་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ས་ཆ་བྱེ་འགྱུར་དང་མྱ་ངམ་ཐང་དུ་འགྱུར་རྒྱུ་འགོག་བཅོས་ལས་དོན་ལ་ཤུགས་སྣོན་རྒྱག་པ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱས་ཏེ་རང་རྒྱལ་བྱང་རྒྱུད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་བརྟན་དུ་གཏོང་བ་བཅས་བྱེད་དགོས། དམངས་འཚོ་འགན་ལེན་དང་ལེགས་གཏོང་ཏན་ཏིག་བྱེད་པ་དང་། སློབ་གསོ་དང་། ལས་ཞུགས། སྤྱི་ཚོགས་འགན་བཅོལ། སྨན་བཅོས། སྡོད་ཁང་སོགས་ཐད་གནས་པའི་གནད་དོན་མངོན་གསལ་དོད་པོ་དང་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱེད་པ། འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གཙོ་གནད་ཤིན་ཏུ་དབུལ་བའི་ས་ཁུལ་དུ་འཇོག་པ། “འགན་ལེན་གསུམ”ལ་འཕྲད་པའི་དཀའ་གནད་གཙོ་གནད་ཐོག་འགག་སྒྲོལ་བྱེད་པ་བཅས་བྱས་ནས། དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་འགན་ལེན་བྱེད་དགོས་ཞེས་བསྟན་གནང་བ་རེད།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། བརྗོད་དོན་གཙོ་བོའི་སློབ་གསོའི་ནང་ཐོག་མའི་བསམ་འདུན་སྲུང་བ་དང་། འགན་འཁྲི་འཁུར་བ། ཧེ་བག་འཚོལ་བ། དོན་འཁྱོལ་ལ་དམ་འཛིན་བཅས་ཀྱི་སྤྱིའི་བླང་བྱ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་དགོས་པ་དང་། སློབ་སྦྱོང་སློབ་གསོ་དང་། བརྟག་དཔྱད་ཞིབ་འཇུག གནད་དོན་ལ་ཞིབ་བརྟག དག་ཐེར་དོན་འཁྱོལ་བཅས་གཅིག་ལ་གཅིག་བརྒྱུད་ཀྱིས་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོན་པའི་འབད་བརྩོན་བྱེད་དགོས། ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ལས་དོན་ཡག་པོ་སྒྲུབ་མཁན་ལ་དུས་ཐོག་ཏུ་བསྔགས་བརྗོད་བྱེད་པ་དང་དེ་ལས་ལྡོག་པར་དུས་ཐོག་ཏུ་སྐྱོན་བརྗོད་དང་དྲན་སྐུལ་གཏོང་བ་དང་སྦྲགས། ནོར་འཛོལ་ཐོན་པར་དུས་ཐོག་ཏུ་ཡོ་བསྲང་བྱེད་དགོས།

ཞི་ཅིན་ཕིང་གིས་ནང་སོག་ནི་རང་རྒྱལ་གྱི་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ཀྱི་འབྱུང་ཁུངས་ཡིན་པས་མི་རིགས་མཐུན་སྒྲིལ་ཐད་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་ཡོད། མི་རིགས་ཁག་མཐུན་སྒྲིལ་ཆེན་པོ་བྱེད་པའི་དར་ཆ་མཐོན་པོར་སྒྲེང་བ་དང་། ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་ཟབ་ཏུ་གཏོང་བ། ཕན་ཚུན་ལྟ་རེས་སྐྱོང་རེས་ཀྱི་འདུ་ཤེས་ལག་ལེན་བསྟར་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བ་བཅས་བྱས་ཏེ། མི་རིགས་ཁག་གི་མི་དམངས་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཀྱིས་མེས་རྒྱལ་གྱི་མཐའ་མཚམས་ཐུན་མོང་ཐོག་སྲུང་བ་དང་མཛེས་སྡུག་ལྡན་པའི་འཚོ་བ་ཐུན་མོང་ཐོག་བཏོད་ནས་དུས་རབས་གསར་པར་རང་སྐྱོང་ལྗོངས་དཔེ་མཚོན་གྱི་བླ་ན་མེད་པའི་གཟི་བརྗིད་མུ་མཐུད་རྒྱུན་འཁྱོངས་བྱེད་དགོས་ཞེས་བསྟན་གནང་བ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།