ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་བདུན་པའི་ཚེས་བཅུ་བདུན་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། སྟེགས་བུའི་དཔལ་འབྱོར་བདེ་བླག་ངང་འཕེལ་རྒྱས་སུ་གཏོང་བའི་བྱེད་ཐབས་ལ་རྒྱབ་སྐྱོར་བྱས་ཏེ། སྒྲིག་གཞི་ལེགས་སྒྱུར་དང་རིམ་འཕར་ལ་སྐུལ་འདེད་གཏོང་བ་དང་ལས་ཞུགས་འཕར་སྣོན་བྱེད་པའི་སྒུལ་ནུས་གསར་བ་ཇེ་ཆེར་གཏོང་རྒྱུ་ཐག་བཅད་པ་དང་། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་བྱ་བར་ཤུགས་བསྣན་ནས་རིགས་སོ་སོའི་ཚོང་རའི་གཙོ་གཞིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་པར་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་བསྟན་དོན། དྲ་སྦྲེལ་སྟེགས་བུའི་དཔལ་འབྱོར་ནི་ཐོན་སྐྱེད་ནུས་ཤུགས་ཀྱི་རྩ་འཛུགས་རྣམ་པ་གསར་བ་ཞིག་ཡིན་ལ། དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་བ་ཡིན་པ་དང་། དེས་ཐོན་ཁུངས་སྒྲིག་ཆས་ལེགས་སྒྱུར་བྱེད་པ་དང་། ལས་རིགས་ལས་བརྒལ་བའི་རྒྱུན་འཁོར་འཕེལ་རྒྱས་དང་དམངས་ཀྱིས་བྱ་བཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་བ། ཐོན་ལས་རིམ་འཕར་ལ་སྐུལ་འདེད་གཏོང་བ། འཛད་སྤྱོད་ཚོང་ར་རྒྱ་བསྐྱེད་པ་དང་ལྷག་པར་དུ་ལས་ཞུགས་འཕར་སྣོན་བྱེད་པར་ནུས་པ་གལ་ཆེན་འདོན་པ་ཡིན་ཟེར།

ཚོགས་ཐོག་ནས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་ལ་སྔར་ལས་ཤུགས་སྣོན་པ་དེ་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པ་དང་ཚན་རྩལ་གསར་སྐྲུན་ལ་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་ཕན་པ་ཆེན་པོ་ཡོད་ཟེར།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།