ཀྲུང་གོ་བོད་ཀྱི་དྲ་བ།

ཐོག་མའི་བསམ་འདུན་བསྲུངས་ཏེ་གསར་བརྗེའི་ས་བོན་རྒྱུན་འཛིན་བྱས།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2019-08-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— རི་འགོག་དམག་འཁྲུག་གི་དཔའ་བོ་རྒན་གྲས་ཐེན་ཡིའུ་ཧྲེང་གི་སྐོར་བཀོད་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   སྔོན་ཆད་ཡན་ཨན་གྱི《བཅིངས་འགྲོལ་ཉིན་རེའི་ཚགས་པར》ཐོག “ཁྲག་དྲོན་དང་མཆི་ཞག་ལས་གྲུབ་པའི་སྐད་ཆ”ཞེས་པ་ཁ་བྱང་དུ་བྱས་ཏེ། ཁོང་རང་ཧོ་ནན་ཀུང་དབྱི་རི་འགོག་གནས་གཞིར་དགྲ་བོའི་ཁྲིམས་གཅོད་དང་ཉེས་རྡུང་དྲག་པོ་མྱངས་ནས་པུས་མོ་གཉིས་ཞར་སྐྱོན་དུ་གྱུར་ཡང་། བློ་རྩ་བརྟན་ཞིང་དཔའ་མི་ཞུམ་པར་སྲོག་ཉེན་ལས་ཐར་ཐབས་བྱས་པའི་དཔའ་བོའི་གཏམ་རྒྱུད་ཅིག་བཀོད་ཡོད། ད་ཆ་རི་འགོག་དམག་འཁྲུག་གི་དཔའ་བོ་དེ་ན་རྒས་བགྲེས་སོང་ཞིག་ཏུ་གྱུར་ཡང་། སྔར་བཞིན་སྤོབས་སེམས་ཆེན་པོས་ས་ཕྱོགས་གང་སར་གསར་བརྗེའི་ས་བོན་རྒྱུན་འཛིན་བྱེད་བཞིན་ཡོད།

གསར་བརྗེའི་ས་བོན་བཏབ་ནས་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱས།

ཐེན་ཡིའུ་ཧྲེང་1925ལོར་ད་ལྟའི་ཀུང་དབྱི་གྲོང་ཁྱེར་ཧྲེ་ཚུན་གྲོང་རྡལ་བྱང་འདབས་ཀྱི་གྲོང་ཚོར་སྐྱེས། ལོ་15ཡི་སྐབས་སུ་གསང་བའི་ཏང་ཡོན་ཞིག་གི་སྣེ་ཁྲིད་འོག གསར་བརྗེའི་བྱ་གཞག་ནང་ཞུགས་པ་དང་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། དེ་རྗེས་ཀུང་རྫོང་རི་འགོག་ཆུས་གཉིས་པའི་མི་དམངས་དྲག་ཆས་ཨུ་ལྷན་གྱི་ཀྲུའུ་རེན་བྱས། ཁོང་གིས་ཏང་ཡོན་འཕེལ་རྒྱས་གཏོང་བ་དང་། ཞིང་པའི་མཐུན་ཚོགས་འཛུགས་པ། ཡུལ་དམག་སྟོབས་ཆེར་གཏོང་བ། བོགས་སྐྱེད་ཉུང་གཏོང་དང་ས་ཞིང་ལོག་ཚོང་ལས་འགུལ་སོགས་ཀྱི་ལས་དོན་སྤེལ་བར་གྲུབ་འབྲས་ལེགས་པོ་ཐོབ།

1945ལོའི་ཟླ་8པའི་ཟླ་སྟོད་དུ། རི་འགོག་དམག་འཁྲུག་ཕར་རྒོལ་ཆེན་པོ་བྱེད་པའི་དུས་མཚམས་སུ་སླེབས་པ་དང་། བློ་མཐུན་དང་ཡུལ་མིའི་བདེ་འཇགས་སྲུང་སྐྱོབ་བྱ་ཆེད། ཁོང་ཞའོ་ཀོན་ཟེར་བའི་ཡུལ་ཞིག་ནས་དགྲ་བོས་བཟུང་། ཀུང་རྫོང་གི་བཙོན་ཁང་ནང་ཁྲིམས་གཅོད་དང་ཉེས་རྡུང་དྲག་པོ་མྱངས་ནས་པུས་མོ་གཉིས་ཞར་སྐྱོན་དུ་གྱུར།

ཐེན་ཡིའུ་ཧྲེང་གིས“ང་ཤི་རྒྱུར་མི་སྐྲག འོན་ཀྱང་སྙིང་པོ་མེད་པར་ཤི་འདོད་མི་འདུག གང་ལྟར་རེ་བ་ཕྲན་ཙམ་ལས་མེད་ཀྱང་དེ་ནས་བྲོས་ཐུབ་པ་བྱས་ཏེ། མུ་མཐུད་དགྲ་བོ་དང་འཐབ་རྩོད་བྱེད་ཀྱི་ཡིན”ཞེས་བརྗོད། མཚན་མོ་ཞིག་ལ་ཁོང་གིས་ལྟ་སྲུང་བྱེད་མཁན་སྣང་བ་གཡེང་པའི་སྐབས་དང་བསྟུན་ནས། རྒྱུས་མངའ་ཡོད་པའི་ས་བབ་ལ་བརྟེན་ཏེ་བྲོས།

ཐེན་ཡིའུ་ཧྲེང་སྲོག་ཉེན་ལས་ཐར་རྗེས། སྨི་རྫོང་ཀུའོ་ཏུང་རྡོ་སོལ་གཏེར་ཁར་སོལ་གཏེར་འདོན་མཁན་ཞིག་བྱས་ཏེ། རྟག་ཏུ་སོལ་གཏེར་འདོན་མཁན་ལ་གསར་བརྗེའི་བསམ་བློ་དྲིལ་བསྒྲགས་བྱས། དེ་ནས་སྤྲང་པོ་ཞིག་ལ་རྫུས་ནས་དགྲ་བོའི་བཀག་སྡོམ་ལས་སྒྲོལ་ནས་ཡན་ཨན་དུ་སླེབས། རྩ་འཛུགས་ཀྱིས་ཁོང་གི་དེ་སྔའི་མིང“ཁང་རུང་ཕུའུ”ཞེས་པ་དེ“ཐེན་ཡིའུ་ཧྲེང”ལ་བསྒྱུར། 1950ལོར་ནུབ་བྱང་དམག་སྲིད་ཨུ་ལྷན་གྱིས་ཐེན་ཡིའུ་ཧྲེང་ལ“མི་དམངས་ཀྱི་བྱས་རྗེས་ཅན”ཞེས་པའི་གཟི་བརྗིད་མཚན་སྙན་སྤྲད།

གསར་བརྗེའི་ཐོན་ཁུངས་དུས་རབས་གསར་པའི་བསམ་པའི་སྒུལ་ཤུགས་སུ་འགྱུར་བར་བྱས།

ལོ་མང་རིང་། ཐེན་ཡིའུ་ཧྲེང་ལས་ཁུངས་དང་། གཏེར་འདོན་ཁེ་ལས། སློབ་གྲྭ་འབྲིང་ཆུང་བཅས་དང་། དེ་བཞིན་དཔུང་སྡེར་བསྐྱོད་དེ་གསར་བརྗེའི་སྙིང་སྟོབས་ཀྱི་རྒྱུན་འཛིན་སྙན་ཞུ་ཐེངས་980ལྷག་ཙམ་བྱས།      ཁོང་གི་རྐང་རྗེས་ཧྲའན་ཤིས་དང་། བོད་ལྗོངས། ཧོ་ནན་སོགས་སུ་ཁྱབ།

ཁོང་གིས་གཞོན་ནུ་ལོ་ཆུང་ཁྲོད་གསར་བརྗེའི་སྙིང་སྟོབས་ཀྱི་ས་བོན་འདེབས་རྒྱུར་སྣང་ཆེན་བྱེད་ཀྱི་ཡོད། ཀུང་དབྱི་གྲོང་ཁྱེར་གྱི་སློབ་གྲྭ་འབྲིང་ཆུང་མང་པོའི་སློབ་མས་ཧོ་ནན་ནུབ་ཕྱོགས་ཀྱི་རི་འགོག་སྔོན་སྐྱོད་ཉིང་ལག་རུ་ཁག་གི་གནའ་ཤུལ་དང་།      ཀུང་དབྱི་གྲོང་ཁྱེར་གྱི་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་སོགས་ནས་ཐེན་ཡིའུ་ཧྲེང་གི་གཏམ་རྒྱུད་ཐོས་མྱོང་། ཁོང་གིས་སློབ་གྲྭ་འབྲིང་ཆུང་དུ“གསར་བརྗེའི་སློབ་ཁང”འཛུགས་རྒྱུར་ཁྲིད་སྟོན་བྱེད་པ་དང་ཆབས་ཅིག རང་ངོ་མས་སློབ་ཚན་ཁྲིད་པ་དང་སློབ་མ་སྒྲིག་འཛུགས་བྱས་ནས་གསར་བརྗེའི་སློབ་གསོའི་རྟེན་གཞིར་ལྟ་སྐོར་ལ་ཁྲིད་ཀྱི་ཡོད།

ཀུང་དབྱི་གྲོང་ཁྱེར་མི་རབས་རྗེས་མར་དོ་ཁུར་བྱེད་པའི་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཝུའུ་སུང་མིང་གིས་བརྗོད་དོན། ཐེན་ཡིའུ་ཧྲེང་གིས་ལོ་བཅུ་ཕྲག་རིང་རང་ཉིད་ཀྱི་མྱོང་བ་དངོས་ཀྱི་ཐོག་ནས་མི་རབས་རྗེས་མར་སློབ་གསོ་གཏོང་རྒྱུ་རྒྱུན་འཁྱོངས་ལྷོད་མེད་བྱས་པ་དང་། གསར་བརྗེའི་ས་བོན་རྒྱུན་འཛིན་བྱས་ཏེ་གཞོན་ནུ་ལོ་ཆུང་གིས་དེང་གི་བདེ་སྐྱིད་འཚོ་བར་གཅེས་འཛིན་དང་ནམ་ཡང་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས་པའི་སློབ་གསོ་བཏང་ཡོད། ཁོང་གི་སྙིང་སྟོབས་ལ་གུས་བཀུར་ཞུ་འོས་པ་ཞིག་འདུག ཁོང་གིས་འཁར་རྒྱུག་གཉིས་ལ་བརྟེན་ནས་བརྩམས་པའི“ཐོག་མའི་བསམ་འདུན་ཕྱི་དྲན་དང་བརྟན་སྲུང་བྱེད་པའི”གསོན་ཉམས་དོད་པའི་སློབ་གཞིར་ལས་བྱེད་པ་དང་མང་ཚོགས་ཀྱིས་མགྲིན་གཅིག་ཏུ་བསྔགས་བརྗོད་བྱེད་ཀྱི་ཡོད།
    ཀུང་དབྱི་རུ་གསར་བརྗེའི་སྔོན་གཤེགས་དཔའ་བོ་600ལྷག་ཡོད་ཀྱང་། དེ་སྔ་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་མེད།

གསར་བརྗེའི་བྱ་གཞག་བསྒྲུབས་ཏེ་དམག་མི་རྒན་གྲས་ཤིག་གི་ཐོག་མའི་བསམ་འདུན་མཚོན་པར་བྱས།

ཀུང་དབྱི་གྲོང་ཁྱེར་གསར་བརྗེའི་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་གི་ཀོན་ཀྲང་ཀྲང་དབན་ཡིའུ་ཡིས་ངོ་སྤྲོད་བྱས་པར། དེ་སྔ་ཐེན་ཡིའུ་ཧྲེང་གིས་གྲོང་ཁྱེར་གྱི་འགོ་ཁྲིད་བཙལ་ནས་སྔོན་གཤེགས་དཔའ་བོའི་མཛད་རྗེས་དག་བསྡུ་རུབ་བྱས་ཏེ། དྲན་གསོ་ཁང་ཞིག་འཛུགས་རྒྱུའི་འབོད་སྐུལ་བྱས། ཀུང་དབྱི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཐེན་ཡིའུ་ཧྲེང་གི་གྲོས་འགོར་མཐོང་ཧ་ཅང་ཆེན་པོ་བྱས་ཏེ་ནོར་ཤུགས་ཁ་ཐང་ཡང་སྒོར་ཁྲི་40བཏོན་ནས་ཀུང་དབྱི་གྲོང་ཁྱེར་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་བསྐྲུན་རྒྱུའི་ཐག་བཅད།

ཐེན་ཡིའུ་ཧྲེང་ལས་ཁུངས་ཀྱི་ལས་བྲལ་དང་རྒན་ཡོལ་ལས་དོན་ཁོའོ་ཡི་འགན་འཁུར་བ་ཀྲའོ་ཁྲང་མིང་གིས་ལོ་ཤས་གོང་རྒྱལ་ཁབ་ཀྱིས་དབང་སྐྱོན་དམག་མིའི་རིམ་པར་དཔྱད་བསྡུར་གཏན་འབེབས་བྱེད་པའི་སྐོར་བརྗོད་སྐབས། ཚན་པའི་འགོ་ཁྲིད་དང་། དམངས་སྲིད་སྡེ་ཚན། ནང་མི་བཅས་ཀྱིས་ཐེན་ཡིའུ་ཧྲེང་གི་རྐང་པར་ད་དུང་མུ་མཐུད་སྨན་བཅོས་དང་ནད་གཡོག་རྒྱུག་དགོས་པར་བསམ་བློ་བཏང་སྟེ། ཁོང་ལ་སྲིད་ཇུས་རང་བཞིན་གྱི་ནད་གཡོག་དངུལ་རེ་ཞུ་བྱ་རྒྱུའི་གྲོས་འགོ་བཏོན་ཡང་ཐེན་ཡིའུ་ཧྲེང་གིས་རྩ་བ་ནས་ཁས་བླངས་མེད། ད་བར་ཐེན་ཡིའུ་ཧྲེང་གིས་དབང་སྐྱོན་དམག་མིའི་འཚོ་བའི་ཁ་གསབ་ལེན་མེད་ཅིང་། སྔར་བཞིན་སྔོ་ལྗང་གིས་བརྒྱན་པའི་ཧོ་ནན་ལྷོ་རྒྱུད་ཀྱི་གྲོང་ཚོ་ཞིག་ཏུ་ཞིང་པའི་འཚོ་བ་བསྐྱལ་ནས་བསྡད་ཡོད་ཅེས་བཤད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།