ཀྲུང་གོ་བོད་ཀྱི་དྲ་བ།

ཕྱི་འབྲེལ་པུས་ཨ་རིའི་གྲོས་མིས་ཤང་ཀང་དང་འབྲེལ་བའི་གཏམ་བརྗོད་སྤེལ་བར་དགག་པ་བརྒྱབ་སྟེ། གལ་སྲིད་ཐལ་སྐྱོད་གཏུམ་སྤྱོད་ཀྱི་ཁྲིམས་འགལ་དོན་རྐྱེན་དེ་ཨ་རིར་ཐོན་ཚེ་ཨ་རིའི་ཉེན་རྟོག་ཕྱོགས་ཀྱིས་ཇི་ལྟར་ཐག་གཅོད་བྱེད་དམ་ཞེས་བརྗོད་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2019-08-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་དམངས་དྲ་བའི་འཕྲིན། ཟླ8ཚེས7ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཨ་རིའི་གྲོས་མི་འགའ་རེས་ཤང་ཀང་དང་འབྲེལ་བའི་ནོར་འཁྲུལ་གྱི་གཏམ་བརྗོད་སྤེལ་བར་དགག་པ་རྒྱག་པ་རེད། ཁོང་གིས་ཚབས་ཆེའི་གཏུམ་སྤྱོད་ཀྱི་ཁྲིམས་འགལ་ཉེས་སྤྱོད་མདུན་དུ་འགན་འཁྲི་འཁུར་མཁན་སྲིད་གཞུང་གང་ཞིག་གིས་ཀྱང་དེ་སྣང་མེད་དུ་འཇོག་མི་སྲིད། ཀྲུང་གོ་ཕྱོགས་ཀྱིས་ཡང་བསྐྱར་ནན་ཏན་གྱི་སྒོ་ནས་ཨ་རིའི་མི་ཁག་གཅིག་ལ་བཤད་རྒྱུར་ཤང་ཀང་གི་ལས་དོན་ལ་རྩུབ་སྤྱོད་ངང་ཐེ་གཏོགས་བྱེད་པ་གང་མགྱོགས་མཚམས་འཇོག་དགོས་པའི་ཐ་ཚིག་སྒྲོག་རྒྱུ་ཡིན་ཞེས་བཤད་པ་རེད།

གསར་འགོད་པ་ཞིག་གིས། གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གྱི་གྲོས་ཁང་གོང་མའི་གྲོས་མི་ཁོའོ་ཏུན་དང་ལུའོ་མུའུ་ཉི་ཡིས་ཤང་ཀང་གི་ཉེན་རྟོག་པའི་དྲག་གནོན་བྱ་སྤྱོད་ལ་སེམས་ཁྲལ་བྱེད་པ་དང་། ཀྲུང་གུང་གིས་ཤང་ཀང་གི་རྒོལ་གཏམ་གཏོང་མཁན་ལ་དྲག་ཤུགས་ཀྱི་ཐོག་ནས་དྲག་གནོན་བྱ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་པ་འདྲ་ཞེས་བརྗོད་པ་རེད། གལ་སྲིད་པེ་ཅིང་གིས་ཤང་ཀང་ལ་ཉེན་ཟོན་དམ་བསྒྲགས་བྱས་ན། ཨ་རིས་ཀྲུང་གོའི་དབར་གྱི་འབྲེལ་བར་སླར་ཡང་དཔྱད་དཔོག་བྱ་རྒྱུ་ཡིན། དེའི་ནང་ཨ་ཀྲུང་དབར་གྱི་ཚོང་དོན་གྲོས་མོལ་མཚམས་འཇོག་དང“ཨ་རི་-ཤང་ཀང་གི་སྲིད་ཇུས་བཅའ་ཁྲིམས”ལ་བཟོ་བཅོས་རྒྱག་རྒྱུ་སོགས་ཚུད་ཡོད་ཅེས་བརྗོད་ཡོད་པ་རེད། དེའི་ཐད་ཁྱེད་ཀྱིས་ལན་གང་ཞིག་རྒྱག་རྩིས་ཡོད་དམ་ཞེས་དྲིས་པར།

ཧྭ་ཁྲུན་ཡིང་གིས་ཉིན་ཤས་བསྟུད་མར། ཤང་ཀང་དུ་ཐོན་པའི་རྔམ་སྟོན་ཁྲོམ་སྐོར་བྱེད་སྒོ་དེ་ཐལ་སྐྱོད་གཏུམ་སྤྱོད་ཀྱི་བྱེད་སྒོར་འགྱུར་ཡོད་པས། བཅའ་ཁྲིམས་དང་ཚབས་ཆེན་འགལ་ལ། ཤང་ཀང་གི་སྤྱི་ཚོགས་བདེ་འཇགས་སྒྲིག་ལམ་ལ་གནོད་འཚེ་ཚབས་ཆེན་བཏང་ཡོད་པ་དང་། ཤང་ཀང་གྲོང་མིའི་ཚེ་སྲོག་དང་རྒྱུ་ནོར་དང་རྒྱུན་གཏན་གྱི་འཚོ་བར་གནོད་འཚེ་ཚབས་ཆེན་བཟོས་ཡོད། དེ་ལྟ་བུའི་ཚབས་ཆེའི་གཏུམ་སྤྱོད་ཀྱི་ཁྲིམས་འགལ་ཉེས་སྤྱོད་མདུན་དུ་འགན་འཁྲི་འཁུར་མཁན་སྲིད་གཞུང་གང་ཞིག་གིས་ཀྱང་དེ་སྣང་མེད་དུ་འཇོག་མི་སྲིད་ཅེས་བརྗོད་པ་རེད།

ཁོང་གིས་ཨ་རིའི་གྲོས་མི་དེ་དག་གིས་ཨ་རིའི་ཉེན་རྟོག་ཕྱོགས་ཀྱིས་2011ལོར་“ཧྭར་ཁྲོམ་གཞུང་བཙན་བཟུང་བྱས་པའི”བྱ་སྤྱོད་ལ་ཐག་གཅོད་ཇི་ལྟར་བྱས་པ་དེ་དྲན་གྱི་འདུག་གམ། ཁྱེད་ཚོས་ཀྱང་བསམ་བློ་ཞིག་ཐོངས་དང་། གལ་སྲིད་ད་ལྟའི་ཤང་ཀང་གི་ཐལ་སྤྱོད་གཏུམ་སྤྱོད་ཀྱི་ཁྲིམས་འགལ་དོན་རྐྱེན་དེ་ཨ་རིར་ཐོན་ཡོད་ན། ཨ་རིའི་ཉེན་རྟོག་ཕྱོགས་ཀྱིས་ཇི་ལྟར་ཐག་གཅོད་བྱེད་དམ། ཁྱེད་ཚོས་དཀར་ནག་ཕྱིན་ཅི་ལོག་པ་དང་།  ཡིན་མིན་དབྱེ་བ་མི་འབྱེད་པར་ཁྲིམས་མེད་ལུགས་མེད་ཀྱི་གཏུམ་སྤྱོད་བྱེད་སྤྱོད་ཀྱི་གནོད་སྐྱོན་ཚབས་ཆེན་མ་བཤད་པར་ཤང་ཀང་ཉེན་རྟོག་རུ་ཁག་གི་ཆེད་ལས་བརྟན་སྲུང་དང་། ཚད་མཐོའི་བཟོད་སྒོམ། ཁྲིམས་ལྟར་ཁྲིམས་སྐྱོང་དང་སྒྲིག་ལམ་སྲུང་སྐྱོང་བྱེད་པའི་དྲང་བདེན་གྱི་བྱེད་སྤྱོད་ལ་སྐྱོན་འཛུགས་ཚད་མེད་བྱས་པར། ཁྱེད་ཚོར་དམིགས་ཡུལ་གང་ཞིག་ཡོད་དམ། ཁྱེད་ཚོས་ཤང་ཀང་ལ་བརྟེན་ནས་དམིགས་ཡུལ་གང་ཞིག་འགྲུབ་དགོས་སམ་ཞེས་བརྗོད་པ་རེད།

ཧྭ་ཁྲུན་ཡིང་གིས། ཀྲུང་གོའི་ཀྲུང་དབྱང་སྲིད་གཞུང་གིས་སྲིད་འཛིན་དཔོན་ལིན་ཀྲེང་གཡོད་ཨེ་ཡིས་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་སྣེ་ཁྲིད་དེ་ཁྲིམས་ལྟར་སྲིད་འཛིན་བྱ་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་དང་། ཤང་ཀང་ཉེན་རྟོག་ཕྱོགས་ཀྱིས་ཁྲིམས་འཛིན་ནན་པོ་བྱ་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ལ། དྲག་ཤུགས་ཉེས་གསོག་པར་ཁྲིམས་ལྟར་ཆད་པ་གཅོད་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན།  ཀྲུང་གོ་ཕྱོགས་ཀྱིས་ཡང་བསྐྱར་ནན་ཏན་གྱི་སྒོ་ནས་ཨ་རིའི་མི་ཁ་ཤས་ལ་བཤད་རྒྱུར་འཕྲལ་མར་གཏུམ་སྤྱོད་ཁྲིམས་འགལ་ཉེས་གསོག་རྒྱ་ཡན་དུ་གཏོང་མཚམས་འཇོག་དགོས་པ་དང་། འཕྲལ་མར་ཤང་ཀང་གི་ལས་དོན་ལ་རྩུབ་སྤྱོད་ངང་ཐེ་གཏོགས་བྱེད་མཚམས་འཇོག་དགོས་པའི་ཐ་ཚིག་སྒྲོག་རྒྱུ་ཡིན། ཀྲུང་གོའི་མི་དམངས་ཀྱིས་གདོན་འདྲེར་ཡིད་ཆེས་མི་བྱེད་ལ་གདོན་འདྲེར་ཡང་མི་སྐྲག་པ་དང་། ཟིང་ཆ་མི་བཟོ་ལ་ཟིང་ཆར་ཡང་སྐྲག་མི་སྲིད། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ལ་གཏོར་བཤིག་གཏོང་བ་དང་ཤང་ཀང་གི་དར་རྒྱས་དང་བརྟན་ལྷིང་ལ་གཏོར་བཤིག་གཏོང་བའི་རེ་ངན་གང་ཞིག་ཡིན་རུང་རྒྱ་ཆེའི་སྤུན་ཟླ་ཤང་ཀང་པ་ཚུད་པའི་ཀྲུང་གོའི་མི་དམངས་ཡོངས་ཀྱིས་ཁས་གཏན་ནས་ལེན་མི་སྲིད་ལ། ཤང་ཀང་གི་ལས་དོན་དང་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་པའི་རེ་ངན་གང་ཞིག་ཡིན་རུང་ཚང་མ་ཕམ་ངེས་རེད་ཅེས་ནན་བཤད་བྱས་པ་རེད།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།