ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་སྤྱི་བདེ་པུས“གཞི་རིམ་གྱི་ཉེན་རྟོག་པ་ཡག་ཤོས”ལ་སློབ་སྦྱོང་བྱེད་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་རྒྱུའི་བཀོད་སྒྲིག་བྱས་པ།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-08-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ཆར། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་སྤྱི་བདེ་པུས《“གཞི་རིམ་གྱི་ཉེན་རྟོག་པ་ཡག་ཤོས”ལ་སློབ་སྦྱོང་བྱེད་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ》མཉམ་དུ་བཀྲམ་ནས་སྤྱི་ཚོགས་ཡོངས་སུ“གཞི་རིམ་གྱི་ཉེན་རྟོག་པ་ཡག་ཤོས”ལ་སློབ་སྦྱོང་དང་དྲིལ་བསྒྲགས་ཀྱི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ་རེད།

བརྡ་ཐོའི་ནང་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་སྒོ་དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སྤྱི་བདེའི་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། “གཞི་རིམ་གྱི་ཉེན་རྟོག་པ་ཡག་ཤོས”ལ་སློབ་སྦྱོང་དང་དྲིལ་བསྒྲགས་ཀྱི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ་དང་། སྤྱི་བདེའི་དཔའ་བོ་དཔེ་བཟང་གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་གཞི་རིམ་གྱི་ཕུལ་བྱུང་མི་དམངས་ཉེན་རྟོག་པ་ཁག་གཅིག་འོས་སྦྱོར་བྱེད་པ་དང་། རྒྱ་ཆེའི་མི་དམངས་ཉེན་རྟོག་པས་སྔོན་ཐོན་དཔེ་བཟང་མིག་དཔེར་འཛིན་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་པ། “འགྱུར་མེད་བཞི”ཡི་སྤྱི་བདེའི་དཔུང་སྡེ་གཏོད་པའི་ཚད་གཞིར་དམིགས་པ། རང་འཁྲིའི་ལས་གནས་ཐོག་གཞི་ཚུགས་པ། ལས་བཀུར་ལེགས་སྐྱེས་འབུལ་བ། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ། སྤྱི་ཚོགས་ཡོངས་སུ་སྤྱི་བདེའི་ལས་དོན་ལ་བསམ་ཤེས་དང་རྒྱབ་སྐྱོར་བྱེད་པའི་རྣམ་པ་བཟང་པོ་ཧུར་ཐག་བཏོད་པ་བཅས་བྱས་ཏེ་ཀྲུང་གོ་གསར་པར་བསྟོད་གླུ་འབུལ་བ་དང་། དུས་རབས་གསར་པར་བསྐྱོད་པའི་དཔའ་ངར་ཞུམ་མེད་ཀྱི་ལེའུ་རྩོམ་དགོས་ཞེས་ནན་བཤད་བྱས་ཡོད།

བརྡ་ཐོའི་ནང་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་སྒོ་དེ་རྒྱ་ཁྱབ་ངང་སྐུལ་སློང་དང་། འདེམས་སྒྲུག་འོས་སྦྱོར། ཞིབ་དཔྱད་ནན་པོ། ཁྱབ་བསྒྲགས་མཛད་སྒོ གཅིག་སྡུད་དྲིལ་བསྒྲགས། སློབ་སྦྱོང་ལག་ལེན་སོགས་ཀྱི་ལྷུ་ཚིགས་ལས་གྲུབ་པ་དང་། ཆབ་སྲིད་ཀྱི་བྱང་ཚད་མངོན་གསལ་དོད་པ་དང་། གྲུབ་འབྲས་མངོན་གསལ་དོད་པ། མང་ཚོགས་ཀྱི་ཁས་ལེན་ཐོབ་པ་བཅས་དང་། གཞི་རིམ་ལ་ཕྱོགས་པ་དང་འོག་ནས་གོང་བར་རིམ་གྱིས་སྤེལ་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དང་། རྒྱ་ཆེའི་གཞི་རིམ་མི་དམངས་ཉེན་རྟོག་པ་དང་ལས་བྱེད་པ་དང་མང་ཚོགས་བཅས་ཧུར་ཐག་ཞུགས་རྒྱུར་སྐུལ་སློང་བྱེད་པ། རྩ་འཛུགས་ཀྱིས་འོས་སྦྱོར་དང་། སྨྱན་སྦྱོར་གྱིས་འོས་སྦྱོར། མང་ཚོགས་ཀྱིས་འོས་སྦྱོར་སོགས་ཀྱི་ཐབས་ལམ་སྣ་ཚོགས་བརྒྱུད་ཉེ་འགྲམ་གྱི་གཞི་རིམ་ཕུལ་བྱུང་མི་དམངས་ཉེན་རྟོག་པའི་ལྷག་བསམ་རྣམ་དག་ངང་འགན་འཁུར་དང་ལས་བཀུར་ལེགས་སྐྱེས་འབུལ་བའི་མི་སེམས་འགུལ་བའི་བྱས་རྗེས་སྔོག་འདོན་དང་དྲིལ་བསྒྲགས་གཏིང་ཟབ་བྱེད་དགོས་པ། མཛད་སྒོའི་རྣམ་པ་ཟབ་པ་དང་རྔམ་བརྗིད་ལྡན་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ། དུས་རབས་གསར་པའི་སྤྱི་བདེ་ལས་ཁུངས་དང་སྤྱི་བདེའི་མི་དམངས་ཉེན་རྟོག་པས“ཏང་ལ་ལྷག་བསམ་རྣམ་དག་དང་མི་དམངས་ལ་ཞབས་འདེགས་ཞུ་བ། ཁྲིམས་འཛིན་གཞུང་དྲང་། སྒྲིག་ཁྲིམས་ནན་པ”བཅས་ཀྱི་བསམ་པའི་ཉམས་མྱུར་བཟང་པོ་གང་ལེགས་མངོན་པ་བྱེད་དགོས། རྒྱ་ཆེའི་མི་དམངས་ཉེན་རྟོག་པ་ཚོར་སྔོན་ཐོན་དཔེ་བཟང་གི་བསམ་པའི་སྟོབས་ཤུགས་ལ་མིག་དཔེ་བལྟ་རྒྱུར་ཁྲིད་སྟོན་བྱས་ཏེ་སློབ་སྦྱོང་གི་གྲུབ་འབྲས་དེ་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་བྱ་སྤྱོད་དངོས་ལ་འགྱུར་བ་བྱས་ནས། རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བའི་རྟེན་འབྲེལ་ཆེ་མོའི་བདེ་སྲུང་དང་བརྟན་ལྷིང་སྲུང་སྐྱོང་གི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་པ། སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་སྒོ་སྡེ་ཁུལ་དང་། གྲོང་རྡལ། ཁེ་ལས། སློབ་གྲྭ དྲ་ཚིགས་བཅས་སུ་སྤེལ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོན་ཉམས་དོད་པའི་ངང་བརྒྱུད་བསྒྲགས་དང་། སྤྱི་ཚོགས་ཡོངས་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་འདུ་ཤེས་དང་རྒྱལ་ཁབ་དང་ཁྱིམ་ཚང་གི་བརྩེ་སེམས་སྐྱེད་སྲིང་བྱས་ནས་དུས་བདེའི་ཀྲུང་གོ་དང་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྱོང་གི་སྟོབས་ཤུགས་ཆེན་པོ་རྒྱུན་ཆད་མེད་པར་གཅིག་སྒྲིལ་བྱེད་དགོས་པ་བཅས་ཁ་གསལ་བཏོན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།