ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པས་མཉམ་འབྲེལ་ཚན་ཁག་གི་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ8པའི་ཚེས25ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་གཉིས་པས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་མཉམ་འབྲེལ་ཚན་ཁག་གི་གྲོས་ཚོགས་བསྡུས་ཏེ། ཆུའི་བཙོག་བཟོ་འགོག་བཅོས་བཅའ་ཁྲིམས་ཁྲིམས་སྐྱོང་ཞིབ་བཤེར་སྙན་ཞུ་ལ་གྲོས་ཞིབ་བྱས་པར་མ་ཟད་ཆེད་དོན་དྲི་བ་བཏོན། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་གྲོས་ཞིབ་ལ་ཞུགས།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲིན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས། ཨུ་ཡོན་དང་འཐུས་མི་ཁ་ཤས་ཀྱིས་ཆུའི་བཙོག་བཟོ་འགོག་བཅོས་ཀྱི་ཕྱོགས་སོ་སོའི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་འཐུང་ཆུའི་བདེ་འཇགས་འགན་སྲུང་བྱེད་པ། ཞིང་སྡེའི་བཙོག་ཆུ་ཐག་གཅོད་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཆུའི་སྐྱེ་ཁམས་ཁ་གསབ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། བཙོག་ཆུ་ཕྱིར་འདོན་བདེན་དབང་ལམ་ལུགས་དངོས་འབེབས་བྱེད་པ་སོགས་ཀྱི་གནད་དོན་ཐད་ནས་དྲི་བ་བཏོན། རྒྱལ་སྲིད་ཨུ་ཡོན་ཝང་ཡུང་དང་སྐྱེ་ཁམས་ཁོར་ཡུག་པུའུ་དང་སྡོད་ཁང་གྲོང་གསེབ་འཛུགས་སྐྲུན་པུའུ། འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། བཟོ་ལས་དང་ཆ་འཕྲིན་ཅན་གྱི་པུའུ། ཞིང་ལས་ཞིང་སྡེ་པུའུ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ནོར་སྲིད་པུའུ། ཚན་རྩལ་པུའུ། ཆུ་བེད་པུའུ་སོགས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བས་སྔ་གཞུག་ཏུ་དྲི་བར་ལན་བཏབ།

ལིས་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ནན་ཏན་སྒོས་ལག་བསྟར་དང་དངོས་འབེབས་བྱས་ཏེ། ཁྲིམས་ལྟར་བཙོག་བཟོ་འགོག་བཅོས་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། རང་རྟོགས་སྒོས་བཅའ་ཁྲིམས་དང་ཁྲིམས་སྐྱོང་སྟོབས་ཤུགས་ལ་བརྟེན་ནས་ཆུའི་བཙོག་བཟོ་བཅོས་སྐྱོང་བྱེད་པ་དང་ཆུའི་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས། ཉིས་སྟོང་བཅུ་བདུན་ལོར་ཁྱོན་ཡོངས་ནས་བཟོ་བཅོས་བྱས་པའི་ཆུའི་བཙོག་བཟོ་འགོག་བཅོས་བཅའ་ཁྲིམས་ནི་ལག་ལེན་ཉམས་མྱོང་དང་བྱ་བའི་ཆོས་ཉིད་ལ་སྤྱི་བསྡོམས་དང་ཁས་ལེན་བྱས་པ་ཡིན་ལ། དོན་ཚན་རེ་རེར་དམིགས་ཡུལ་རང་བཞིན་དང་ལག་བསྟར་རང་བཞིན་དྲག་པོ་ལྡན། བཅའ་ཁྲིམས་དེ་སློབ་སྦྱོང་བཟང་བོ་བྱེད་པ་དང་བཀོལ་སྤྱོད་ལེགས་པོ་བྱེད་དགོས་ལ། བཅའ་ཁྲིམས་ཀྱི་གཏན་འཁེལ་དང་དམ་པོར་སྦྲེལ་ཏེ་དངོས་འབེབས་ལག་བསྟར་དང་ལྟ་སྐུལ་ཞིབ་བཤེར་བྱེད་དགོས་པར་མ་ཟད་བཅའ་ཁྲིམས་ཀྱི་གཏན་འཁེལ་དང་འགན་འཁྲི་སྣ་ཚོགས་ས་ཆུ་ཀུན་ཏུ་དངོས་འབེབས་བཟང་བོ་བྱེད་དགོས་ཟེར།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།