ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་གཙོ་སྐྱོང་གནང་།

ཡོང་ཁུངས། : ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།     སྤེལ་དུས། : 2019-08-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས་26ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པ་གཙོ་སྐྱོང་གནང་ནས། བཟང་ཆ་ཕན་ཚུན་གསབ་རེས་དང་སྤུས་ཚད་་མཐོ་བའི་གོང་འཕེལ་གྱི་ས་ཁོངས་དཔལ་འབྱོར་གནས་སྟངས་ཆགས་རྒྱུར་སྐུལ་འདེད་གཏོང་རྒྱུའི་གནད་དོན་དང་། ཐོན་ལས་ཀྱི་རྨང་གཞིའི་ནུས་པ་དང་ཐོན་ལས་འབྲེལ་ཐག་ཆུ་ཚད་མཐོ་རུ་གཏོང་རྒྱུའི་གནད་དོན་ཐད་ཞིབ་འཇུག་གནང་ཡོད་པ་རེད། ཞི་ཅིན་ཕིང་གིས་གྲོས་ཚོགས་ཐོག་གལ་ཆེའི་གསུངས་བཤད་གནང་ནས། ས་ཁུལ་ཁག་གི་ཆ་རྐྱེན་ལ་གཞིགས་ནས། ལུགས་མཐུན་གྱི་ལས་བགོས་དང་། ལེགས་འགྱུར་གོང་འཕེལ་གྱི་ལམ་བུའི་ཐོག་སྐྱོད་པ། གཙོ་གཟུགས་ནུས་པའི་ཁུལ་གྱི་འཐབ་ཇུས་དོན་འཁྱོལ་བྱེད་པ། བར་ཁམས་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། བཟང་ཆ་གསབ་རེས་དང་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་ས་ཁོངས་དཔལ་འབྱོར་གནས་སྟངས་ཆགས་པ་བྱེད་དགོས། སྟོབས་ཤུགས་གཅིག་བསྡུས་ཀྱིས་དོན་ཆེན་སྒྲུབ་པའི་ལམ་ལུགས་ཀྱི་བཟང་ཆ་དང་གཞི་ཁྱོན་ཆེ་བའི་ཁྲོམ་རའི་བཟང་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། ཐོན་ལས་ཀྱི་རྨང་གཞིའི་རིམ་པ་མཐོ་རུ་གཏོང་བ་དང་། ཐོན་ལས་འབྲེལ་ཐག་དེང་རབས་ཅན་ལ་འགྱུར་བའི་འགག་གཏོར་དམག་འཐབ་ཡག་པོ་རྒྱག་དགོས་ཞེས་ནན་བཤད་གནང་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཁེ་ཆང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཝང་ཧུའུ་ཉིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཧན་ཀྲེང་བཅས་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།

གྲོས་ཚོགས་ཐོག་རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་དང་། རྒྱལ་ཁབ་སྡོམ་རྩིས་ཅུས། ཧྲང་ཧའེ་གྲོང་ཁྱེར། ཀོང་ཏུང་ཞིང་ཆེན། ལིའུ་ཉིང་ཞིང་ཆེན་བཅས་ཀྱི་བཟང་ཆ་ཕན་ཚུན་གསབ་རེས་དང་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་ས་ཁོངས་དཔལ་འབྱོར་གནས་སྟངས་ཆགས་རྒྱུར་སྐུལ་འདེད་གཏོང་བའི་གནད་དོན་སྐོར་གྱི་སྙན་གསེང་གསན་གནང་བ་དང་། རྒྱལ་ཁབ་གོང་འཕེལ་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་དང་བཟོ་ལས་དང་ཆ་འཕྲིན་ཅན་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་། ཀྲུང་གོའི་བཟོ་སྐྲུན་ཁང་བཅས་ཀྱི་ཐོན་ལས་ཀྱི་རྨང་གཞིའི་ནུས་པ་དང་ཐོན་ལས་འབྲེལ་ཐག་ཆུ་ཚད་མཐོ་རུ་གཏོང་རྒྱུའི་གནད་དོན་སྐོར་གྱི་སྙན་གསེང་གསན་གནང་ཡོད་པ་རེད།

གྲོས་ཚོགས་ཐོག མིག་སྔར་རང་རྒྱལ་གྱི་ས་ཁོངས་གོང་འཕེལ་དུས་བབ་ཡག་པོ་ཡོད་པ་དང་། དེ་དང་དུས་མཚུངས་སུ་དཔལ་འབྱོར་གོང་འཕེལ་གྱི་བར་ཁམས་གྲུབ་ཆར་འགྱུར་བ་གཏིང་ཟབ་འགྲོ་བཞིན་ཡོད། ལྟེ་བའི་གྲོང་ཁྱེར་དང་གྲོང་ཁྱེར་ཁྱུ་ཚོགས་དེ་ཉིད་གོང་འཕེལ་རྒྱུ་ཆ་ལྡན་པའི་བར་ཁམས་རྣམ་པ་གཙོ་བོར་འགྱུར་བཞིན་ཡོད། དུས་བབ་གསར་པའི་འོག་ས་ཁོངས་མཐུན་སྦྱོར་གོང་འཕེལ་ལ་སྐུལ་འདེད་གཏོང་བར། དོན་དངོས་ཀྱི་དཔལ་འབྱོར་ཆོད་ཉིད་ལ་གཞིགས་ནས་ས་ཁོངས་སྲིད་ཇུས་མ་ལག་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་བ་དང་། ས་ཁུལ་ཁག་གི་བསྡུར་ཆའི་བཟང་ཆ་འདོན་སྤེལ་བྱེད་པ། རིགས་ཁག་གི་རྒྱུ་ཆ་ལུགས་མཐུན་ངང་འཁོར་རྒྱུག་བྱེད་པ་དང་ལས་ཆོད་མཐོ་པོས་གཅིག་བསྡུས་བྱ་རྒྱུར་སྐུལ་འདེད་གཏོང་བ། གོང་འཕེལ་སྒུལ་ཤུགས་གསར་གཏོད་ལ་ཤུགས་སྣོན་རྒྱག་པ། སྤུས་ཚད་མཐོ་བའི་གོང་འཕེལ་གྱི་སྒུལ་ནུས་མ་ལག་གང་མགྱོགས་འཛུགས་པ། ལྟེ་བའི་གྲོང་ཁྱེར་དང་གྲོང་ཁྱེར་ཁྱུ་ཚོགས་སོགས་དཔལ་འབྱོར་གོང་འཕེལ་གྱི་བཟང་ཆ་ལྡན་པའི་ས་ཁོངས་ཀྱི་དཔལ་འབྱོར་དང་མི་འབོར་བསྡུ་ལེན་ནུས་པ་མཐོ་རུ་གཏོང་བ། ས་ཁུལ་གཞན་གྱིས་འབྲུ་རིགས་བདེ་འཇགས་དང་སྐྱེ་ཁམས་བདེ་འཇགས། མཐའ་མཚམས་བདེ་འཇགས་སོགས་འགན་ལེན་བྱེད་པའི་ཐད་ཀྱི་ནུས་པ་ཤུགས་ཆེར་གཏོང་བ་བཅས་བྱེད་དགོས། དམངས་འཚོའི་མ་མཐའི་ཚད་གཞི་འགན་ལེན་བྱེད་པ་དང་། སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་ལ་སྐུལ་འདེད་བཏང་ནས། གོང་འཕེལ་ཁྲོད་དོ་སྙོམས་གཏོད་དགོས་ཞེས་བསྟན་ཡོད།

གྲོས་ཚོགས་ཐོག རྒྱལ་ཡོངས་གཅིག་གྱུར་གྱི་སྒོ་དབྱེ་དང་འགྲན་རྩོད། གོ་རིམ་བཅས་ལྡན་པའི་ཚོང་ཟོག་དང་རྒྱུ་ཆའི་ཁྲོམ་རྭ་ཆགས་པ་བྱས་ཏེ། ཁྲོམས་རྭས་ཐོན་ཁུངས་ཆ་སྒྲིག་ཁྲོད་གཏན་འཁེལ་རང་བཞིན་གྱི་ནུས་པ་ཐོན་པ་བྱེད་པ་དང་། ཁྲོམ་རྭ་གཞི་གཅིག་ཅན་གྱི་གོང་འཕེལ་སྒྲིག་གཞི་འཐུས་ཚང་དུ་གཏོང་བ། ས་ཁོངས་མཉམ་ལས་སྒྲིག་གཞི་གཏིང་ཟབ་ཏུ་གཏོང་བ་བཅས་བྱེད་དགོས། ཞིང་ཆེན་རིམ་པའི་གཅིག་གྱུར་འཆར་འགོད་ཀྱི་རྨང་གཞིའི་ཐོག་རྒན་གསོའི་འགན་བཅོལ་རྒྱལ་ཡོངས་སུ་གཅིག་གྱུར་འཆར་འགོད་བྱེད་རྒྱུ་མགྱོགས་སུ་གཏོང་བ་དང་། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་ལམ་ལུགས་གཅིག་གྱུར་དང་ས་ཁོངས་བར་ཕན་ཚུན་རོགས་སྐྱོར་བྱེད་རྒྱུ་མངོན་འགྱུར་ཡོང་བ་བྱེད་དགོས། ས་ཆའི་དོ་དམ་ལམ་ལུགས་སྒྱུར་བཅོས་བྱེད་པ་དང་། ས་ཆའི་དོ་དམ་གྱི་སྟབས་བསྟུན་རང་བཞིན་ཤུགས་ཆེར་བཏང་ནས། བཟང་ཆ་ལྡན་པའི་ས་ཁུལ་ལ་གོང་འཕེལ་བར་ཁམས་དེ་བས་ཆེ་བ་ཡོང་བ་བྱེད་དགོས། ནུས་ཁུངས་མཛད་སྤྱོད་སྤྱི་འབོར་དང་ཤུགས་ཚད་གཉིས་ཀ་ཚོད་འཛིན་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཁྱོན་ཡོངས་ནས་སྐྱེ་ཁམས་ཁ་གསབ་ལམ་ལུགས་འཛུགས་པ། ས་ཁུལ་བར་གྱི་ཁེ་ཕན་ཁ་གསབ་སྒྲིག་གཞི་དང་གོང་འོག་བར་གྱི་སྐྱེ་ཁམས་ཁ་གསབ་སྒྲིག་གཞི་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། ནོར་སྲིད་གནས་སྒྱུར་གཏོང་སྤྲོད་ལམ་ལུགས་འཐུས་ཚང་དུ་བཏང་ནས། གཙོ་གནད་སྐྱེ་ཁམས་ནུས་པའི་ཁུལ་དང་ཞིང་ལས་ཐོན་རྫས་ཐོན་ཁུལ་གཙོ་བོ། དཀའ་ངལ་ཡོད་པའི་ས་ཁུལ་བཅས་ལ་ནུས་ལྡན་གྱི་གནས་སྒྱུར་གཏོང་སྤྲོད་འཁོ་འདོན་བྱེད་དགོས། བྱང་ཤར་ས་ཁུལ་གྱིས་རང་འགུལ་ངང་དཔལ་འབྱོར་གྲུབ་ཆ་ལེགས་སྒྲིག་བྱེད་པ་དང་། ཐོན་ལས་སྣེ་མང་ཅན་གྱི་གོང་འཕེལ་ལ་སྐུལ་འདེད་གཏོང་བ། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་བྱེད་རྒྱུ་མགྱོགས་སུ་གཏོང་བ། ཕྱི་ཕྱོགས་སྒོ་དབྱེའི་མདུན་ས་གསར་པ་གཏོད་པ། སྲིད་གཞུང་གི་འགན་ནུས་བརྗེ་འགྱུར་མགྱོགས་སུ་གཏོང་བ། ཁེ་ལས་མཁས་པའི་སྙིང་སྟོབས་དར་སྤེལ་གཏོང་བ། ལས་བྱེད་པར་སྐུལ་ལྕག་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། མི་བེད་སྤྱོད་བྱེད་པའི་ཁྲིད་ཕྱོགས་གསལ་པོ་འཛུགས་པ་བཅས་བྱས་ཏེ། ཁྱོན་ཡོངས་ནས་དར་རྒྱས་ཡོང་བ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

གྲོས་ཚོགས་ཐོག རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ཀྱི་གཞི་ཁྱོན་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་པ་དང་། འཛམ་གླིང་ཡོངས་ཀྱི་བཟོ་ལས་ཚང་མ་ལྡན་པའི་རྒྱལ་ཁབ་གཅིག་པུ་དེ་ཡིན། སྟོབས་ཤུགས་གཅིག་བསྡུས་ཀྱིས་དོན་ཆེན་སྒྲུབ་པའི་ལམ་ལུགས་ཀྱི་བཟང་ཆ་དང་གཞི་ཁྱོན་ཆེ་བའི་ཁྲོམ་རའི་བཟང་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། ཐོན་ལས་ཀྱི་རྨང་གཞིའི་ནུས་པ་བརྟན་དུ་གཏོང་རྒྱུ་རྩ་བར་འཛིན་པ་དང་། རང་བདག་ཚོད་འཛིན་ཐུབ་པ་དང་བདེ་འཇགས་ནུས་ཆེ་དམིགས་ཚད་དུ་འཛིན་པ། ཁེ་ལས་དང་ཁེ་ལས་མཁས་ཅན་གཙོ་བོར་བྱེད་པ། སྲིད་ཇུས་མཐུན་སྦྱོར་འགན་ལེན་དུ་བྱེད་པ། དངོས་སྤྱོད་སྣེ་ཁྲིད་དང་གནད་དོན་ལ་ཕྱོགས་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། སྲིད་གཞུང་གི་ཁྲིད་སྟོན་དང་ཁྲོམ་རའི་ལམ་སྲོལ་ཟུང་འབྲེལ་རྒྱུན་འཁྱོངས་བྱེད་པ། རང་ཚུགས་རང་བདག་དང་སྒོ་འབྱེད་མཉམ་ལས་ཕན་ཚུན་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་བཅས་བྱས་ཏེ། ཐོན་ལས་ཀྱི་རྨང་གཞི་མཐོ་རིམ་ཅན་དང་ཐོན་ལས་སྦྲེལ་ཐག་དེང་རབས་ཅན་དུ་འགྱུར་བའི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་དགོས་ཞེས་བསྟན་ཡོད།

གྲོས་ཚོགས་ཐོག ཐོན་ལས་ཀྱི་རྨང་གཞི་བསྐྱར་སྐྲུན་བྱེད་པའི་ལས་གཞི་ལག་ལེན་བསྟར་ནས། རྩེ་རིམ་ཇུས་འགོད་ཡག་པོ་བྱེད་པ་དང་། ལས་གྲྭའི་གཙོ་གནད་ཁ་གསལ་བཟོ་བ། རིགས་དབྱེ་སྒྲིག་འཛུགས་དང་ལག་བསྟར་བྱེད་པ། རང་བརྟེན་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས། འཐབ་ཇུས་རང་བཞིན་དང་ཁྱོན་ཡོངས་རང་བཞིན་གྱི་ཐོན་ལས་སྦྲེལ་ཐག་བཏོད་དེ། སྲ་བརྟན་དང་། སྟོབས་ཆེར་གཏོང་བ། མཐོར་གཏོང་། ཤར་བགྲོད་བཅས་ཀྱི་བྱེད་ཕྱོགས་ལ་དམིགས་པ་དང་། གོང་འོག་ཁེ་ལས་ཀྱིས་ཐོན་ལས་མཐུན་སྦྱོར་དང་ལག་རྩལ་མཉམ་ལས་ཀྱི་འགག་སྒྲོལ་ལ་ཤུགས་སྣོན་རྒྱག་རྒྱུར་རྒྱབ་སྐྱོར་བྱེད་པ། ཐོན་ལས་སྦྲེལ་ཐག་གི་མཉེན་ཆ་ཆེ་རུ་གཏོང་བ། ཐོན་ལས་སྦྲེལ་ཐག་གི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་སྒོ་འབྱེད་མཉམ་ལས་ཁྲོད་གསར་གཏོད་ཀྱི་ནུས་པ་དེ་བས་ཆེ་བ་དང་། ཟུར་སྣོན་རིན་ཐང་དེ་བས་མཐོ་བའི་ཐོན་ལས་སྦྲེལ་ཐག་ཆགས་པ་བྱེད་དགོས། ཐུན་མོང་རང་བཞིན་གྱི་ལག་རྩལ་ལས་སྟེགས་བཙུགས་ནས། ལས་རིགས་ལས་བརྒལ་བ་དང་ཁྱབ་ཁོངས་ལས་བརྒལ་བའི་འགག་རྩའི་ཐུན་མོང་རང་བཞིན་གྱི་ལག་རྩལ་གནད་དོན་ཐག་གཅོད་བྱེད་དགོས། ཁེ་ལས་མཁས་པའི་སྙིང་སྟོབས་དང་ལག་བཟོ་བའི་སྙིང་སྟོབས་འདོན་སྤེལ་བྱས་ནས། ཆེད་ལས་དང་། བྱང་ཆུབ་པ། དམིགས་བསལ། གསར་སྐྲུན་བཅས་ཀྱི་ཁེ་ལས་འབྲིང་ཆུང་ཁག་གཅིག་སྐྱེད་སྲིང་ཐུབ་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

ཀྲུང་དབྱང་ནོར་དཔལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཚོགས་འདུར་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་ཞུགས་གནང་ཡོད་པ་རེད།   །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།